མི་ ༡༠༤༨༩ ཙམ་རྐྱེན་འདས།

ཉི་ཧོང་གི་ས་འགུལ་དོན་རྐྱེན་ཁྲོད་ད་བར་མི་ཤི་བ་ ༡༠༤༨༩ ཙམ་ཤེས་རྟོགས་དང་། གྱོང་གུད་མ་དངུལ་ཨ་སྒོར་ཐེར་འབུམ་ ༣༠༩ ལྷག་ལ་ཚོད་དཔག་བྱེད་ཀྱི་ཡོད་འདུག  

ཕྱི་ཚེས་ ༡༨ ཉིན་གྱི་ཉི་ཧོང་གི་ས་འགུལ་དོན་རྐྱེན་ཁྲོད། ཉི་ཧོང་ཧྥུའོ་ཏའོ་ཉིང་རྡུལ་རྟེན་གཞིར་གནོད་སྐྱོན་ཚབས་ཆེན་ཐེབས་ཏེ། དུག་རླངས་ཕྱིར་ཤོར་བའི་དབང་གིས་ཧྥུའོ་ཏའོ་ས་གནས་ཙམ་དུ་མ་ཟད། རྒྱ་ནག་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བློ་ཚབ་ཆེན་པོ་བསླངས་ཡོད་ཅིང་། ཨོ་སི་ཊི་ལི་ཡ་ཚུད་པའི་རྒྱལ་ཁབ་མང་པོ་ཞིག་གིས་ཉི་ཧོང་གི་དུག་རླངས་ཁྱབ་ཁུལ་གྱི་ཟས་རིགས་ཐོན་རྫས་ནང་འདྲེན་མཚམས་འཇོག་དང་། ཉི་ཧོང་རྒྱལ་ས་ཊོ་ཀེ་ཡོ་ (Tokyo) ནང་ཡོད་པའི་རྒྱལ་ཁབ་ཁག་གི་གཞུང་ཚབ་ ༢༥ ཙམ་གནས་སྐབས་རིང་སྒོ་བརྒྱབ་པའི་གནས་ཚུལ་བྱུང་ཡོད།

ཕྱི་ཚེས་ ༢༣ ཉིན་ཧྥུ་ཀུ་ཤེ་མཱ་ (Fukushima ) རྡུལ་ཕྲན་ལས་རིགས་འགན་འཛིན་གྱིས་བརྗོད་ན། ད་ཆར་ཉིང་རྡུལ་རྟེན་གཞི་དེའི་ཚ་གྲང་གི་འཕར་ཚད་དང་དུག་རླངས་ཕྱིར་ཐོན། ཆུ་དང་གློག་གི་མྱུར་སྐྱོབ་མཁོ་ཆས་རིགས་གྲ་སྒྲིག་བྱས་ཏེ། ཉེན་ཁའི་གནས་བབ་ལ་ཚོད་འཛིན་གྱིས་ཉིང་རྡུལ་རྟེན་གཞི་ཚན་པ་གསུ་པ་སླར་གསོ་བྱུང་ཡོད་སྟབས། ལས་བཟོ་བ་རྣམས་ཕྱིར་ཕེབས་ཏེ་ལས་གནས་སུ་ཞུགས་དགོས་པའི་བརྡ་ཁྱབ་བཏང་ཡོད་འདུག་ལ། ཐེངས་འདིར་ཉིང་རྡུལ་རྟེན་གཞིའི་དྲོད་ཚད་འཕར་བའི་དབང་གིས་ཆུ་ཚོད་མེད་དུ་གཏོར་ཏེ། རྟེན་གཞི་གཉིས་པ་དང་བཞི་བ་བཅས་ཀྱི་དངོས་རྫས་ཡོངས་བེད་དུ་གྱུར་ཡོད་འདུག

ཐེངས་འདིའི་ཉི་ཧོང་གི་དོན་རྐྱེན་འདི་ད་སྔ་འཛམ་གླིང་ནང་རང་བྱུང་གི་གོད་ཆག་ཁྲོད་དཔལ་འབྱོར་གྱི་གྱོང་གུད་ཚབས་ཆེ་ཤོས་དེ་ཆགས་ཡོད་འདུག ཉི་ཧོང་གཞུང་གིས་བརྗོད་པ་ལྟར་ན། ཉིང་རྡུལ་དུག་རླངས་ཀྱི་གནོད་འཚེ་ཕུད་པའི་ས་འགུལ་དང་མཚོ་འཁྱོམ་ཁོ་ནས་གྱོང་གུད་མ་དངུལ་ཨ་སྒོར་ཐེར་འབུམ་ ༣༠༩ ($309 billion) ལྷག་ཡིན་ཞིང་། དངུལ་འབོར་དེ་རྒྱ་གར་གྱི་༢༠༡༡ ལོ་ནས་ ༢༠༡༢ ལོའི་བར་གྱི་རྒྱལ་ཡོངས་འགྲོ་གྲོན་མ་དངུལ( 12.58 lahk crore) ལསབརྒྱ་ཆ་ ༡༠ ལས་བརྒལ་ཡོད་འདུག

ཕྱི་ཚེས་ ༢༥ ཉིན་ཉི་ཧོང་ས་འགུལ་མྱུར་སྐྱོབ་ལས་ཁུངས་ཀྱིས་བྷི་བྷི་སི་གསར་ཁང་་བརྗོད་པ་ལྟར་ན། ཐེངས་འདིའི་ས་འགུལ་ཁྲོད་ད་བར་མི་ཤི་བའི་གྲངས་འབོར་ཆིག་ཁྲི་ ༡༠༤༨༩ བུད་ཡོད་ཅིང་། རྨས་སྐྱོན་ཕོག་མཁན་ཉིས་ཁྲི་ ༢༧༧༥ བོར་བརླག་ཏུ་སོང་བ་ ༡༧༤༤༠ ། གཞིན་མི་ཉིས་འབུམ་སུམ་ཁྲི་ལྷག་ལ་གནོད་འཚེ་ཡི་དབང་གིས་སྡོད་གནས་མེད་པའི་དཀའ་ངལ་འོག་ལྷག་ཡོད་འདུག  

གསར་འགོད་པ། བནྡེ་སྐྱབས།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

2 thoughts on “མི་ ༡༠༤༨༩ ཙམ་རྐྱེན་འདས།

  1. བླ་མ་ཡིད་བཞིན་ནོར་བུ་མཁྱེན།
    འདི་ལྟ་བུའི་གནོད་ཐེབས་ཀྱི་ས་ལ་ཐུགས་རྗེས་དང་བྱིན་རླབས་མྱུར་དུ་ཞུགས་ནས། ཡང་ཡང་འདི་ལྟ་བུ་མི་འབྱུང་བྱིན་ཀྱི་རླབས་ཏུ་གསོལ།