སེ་རེ་ཡཱ་མི་མང་གི་རེ་བ།

ཉེ་བའི་དུས་ཡུན་ནང་དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་དང་མི་རིགས་མང་པོ་ཞིག་གིས་རང་དབང་དང་དམངས་གཙོའི་འོས་ལངས་སྔ་རྗེས་སུ་བྱས་པ་དང་བསྟུན་ཏེ། སེ་རེ་ཡཱ་(Syria)མི་མང་གིས་ཀྱང་མི་གཅིག་དབང་འཛིན་ལམ་ལུགས་ལ་བཅོས་བསྒྱུར་གཏོང་དགོས་པའི་མངོན་འདོད་འོག ཞི་བའི་འོས་ལངས་ཉིན་རེ་བཞིན་ཛ་དྲག་ཏུ་འགྱུར་བཞིན་ཡོད་ཅིང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་གནས་ཚུལ་སྤེལ་་ལྟར་ན། ཟླ་འདིའི་ཕྱི་ཚེས ༡༨ ཉིན་སེ་རེ་ཡཱའི་ཞི་རྒོལ་སྐད་འབོད་ཀྱིས་སྲིད་གཞུང་ལ་ངོ་རྒོལ་བྱས་པ་ནས་ད་ལྟའི་བར་མི་སེར་ ༦༠ ལྷག་གཞུང་དམག་གིས་དམར་གསོད་བཏང་ཡོད་འདུག

ཕྱི་ཚེས་ ༢༩ སེ་རེ་ཡཱའི་རྒྱལ་ཡོངས་བརྙན་འཕྲིན་བརྒྱུད་གནས་ཚུལ་སྤེལ་བ་ལྟར་ན། མི་གཅིག་དབང་འཛིན་པ་བྷ་ཤར་(Bashar al-Assad)གྱིས་མང་ཚོགས་ཀྱི་དགོས་འདུན་ལྟརད་ལྟའི་སྲིད་གཞུང་ཕྱིར་འཐེན་དང་། རྒྱལ་ཁོངས་ཛ་དྲག་ཁྲིམས་ལུགས་བཅོས་སྒྱུར་ཡོང་ཐབས་བྱ་འཆར་ཡོད་ལུགས་དང་། མི་འགྱངས་པར་ཁོང་གིས་དངོས་སུ་མི་མང་ལ་དམངས་གཙོ་བཅོས་སྒྱུར་དང་འབྲེལ་བའི་གཏམ་བཤད་བྱ་རྒྱུ་ཡིན་ཚུལ་བཀོད་འདུག འོན་ཀྱང་། སྲིད་འཛིན་བྷ་ཤར་གྱིས་དེ་སྔོན་གསར་བརྗེ་ལྟ་བའི་ལངས་ཕྱོགས་ལ་རྒྱབ་སྐྱོར་ཐོག་སྐད་ཆ་ཐེངས་མང་བཤད་མྱོང་ཞིང་། ༢༠༠༠ ལོར་ཁོས་ཕ་ཤུལ་བུ་འཛིན་གྱི་སྲིད་སྟེགས་སུ་བསླེབས་རྗེས་དཔལ་འབྱོར་འཕེལ་རྒྱས་སོགས་སྤྱི་ཚོགས་ལས་རིགས་ཐད་གང་འཚམ་ཡར་རྒྱས་བཏང་ཡོད་ཀྱང་། མི་མང་གི་ཆབ་སྲིད་རང་དབང་ལ་བཅོས་སྒྱུར་གང་ཡང་ཕྱིན་མེད།

སེ་རེ་ཡཱའི་གཞུང་ནི་ཕ་ཤུལ་བུ་འཛིན་དང་མི་གཅིག་དབང་འཛིན་གྱི་སྲིད་གཞུང་ཞིག་ཡིན་པ་མ་ཟད། དཀྱིལ་ཤར་ཡུལ་གྲུའི་ནང་གི་བཙན་གནོན་ཆེ་གྲས་དང་ལྷག་པར་དུ་ ༡༩༦༣ ལོ་ནས་རྒྱལ་ཁོངས་སུ་ཛ་དྲག་ཁྲིམས་ལུགས་ཤིག་ལག་བསྟར་བྱས་ཏེ། རྒྱལ་ཁོངས་གཅིག་སྡུ་དང་གཞུང་དམག་སྒེར་སྤྱོད་ཀྱི་མི་གཅིག་དབང་འཛིན་ལམ་ལུགས་རྒྱ་སྐྱེད་སྲ་བརྟན་བཏང་ཡོད། རྒྱལ་ཁོངས་ཛ་དྲག་ཁྲིམས་ལུགས་ནི་གཞུང་དམག་གིས་དོགས་གཞི་བྱུང་ཚེ་མི་མང་ལ་གནས་ལུགས་རྒྱུ་མཚན་འདྲི་དབང་མེད་པར་འཛིན་བཟུང་བཀག་ཉར་དང་། ཉེས་ཆད་ཁྲིམས་གཅོད་བྱ་རྒྱུའི་དབང་ཚད་ཡོད་པ་ཞིག་ཡིན།

གསར་འགོད་པ། བནྡེ་སྐྱབས།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply