གནམ་གྲུ་གས་འཐོར།

ཪ་ཤི་ཡའི་དམངས་སྤྱོད་གནམ་གྲུ་ཞིག་གས་འཐོར་བྱུང་སྟེ། མི་ ༤༤ རྐྱེན་ལམ་དུ་ཕྱིན་ཡོད་པ་དང་། ལྷག་མ་མི་༨ ལ་རྨས་སྐྱོན་ཚབས་ཆེན་ཕོག་འདུག ཁ་སང་ཕྱི་ཚེས་ ༢༠ ཉིན་ར་ཤི་ཡའི་རྒྱལ་ས་མོ་སི་ཀོབ་ (Moscow) ནས་དམངས་སྤྱོད་གནམ་གྲུ་ཨང་རྟགས་ ༡༣༤ ཅན་དེ་ར་ཤི་ཡའི་བྱང་ཕྱོགས་ཀཱ་རེ་ལེ་ཡཱ་(Karelia) ས་ཁོངས་ཀྱི་(Petrozavodsk)གནམ་ཐང་དུ་འཕུར་ཞིང་། གནམ་ཐང་ལ་མཚན་དཀྱིལ་དུ་འབྱོར་སྐབས། གནམ་ཐང་ལ་མ་བསླེབ་པའི་སྤྱི་ལེ་གཉིས་ཙམ་གྱི་མཚམས་སུ་འགྲུལ་བཞུད་པ་ ༥༢ ཡོད་པའི་གནམ་གྲུ་དེ་གས་འཐོར་བྱུང་སྟེ། མི་ ༤༤ རྐྱེན་ལམ་དུ་ཕྱིན་ཡོད་ཅིང་། ལྷག་མ་རྨས་སྐྱོན་ཕོག་པའི་མི་ ད་ལྟ་སྨན་ཁང་དུ་མྱུར་སྐྱོབ་བྱེད་བཞིན་ཡོད་འདུག

གནམ་གྲུ་གས་འཐོར་གྱི་དོན་རྐྱེན་ཁྲོད་ཤི་རྨས་ཐེབས་མཁན་ཚོ་རེ་རེ་བཞིན་ངོ་ཐག་ཆོད་ཅིང་། ཐེངས་འདིའི་གནམ་གྲུ་གས་འཐོར་བྱུང་པའི་རྒྱུ་རྐྱེན་ད་དུང་ཁ་གསལ་བྱུང་མེད་ན་ཡང་། སྐབས་དེར་གནམ་གཤིས་ཡག་པོ་མེད་པས་ཡིན་ཚུལ་བསྒྲགས་ཡོད་པ་ལས། མི་ངན་གྱིས་ཆེད་དུ་ངན་ཇུས་གཏོར་སྐྱོན་བྱས་པ་ཞིག་མིན་འདུག འོན་ཀྱང་། ར་ཤི་ཡའི་ཉེས་དོན་ཞིབ་བཤེར་ཁང་གི་མགྲིན་ཚབ་པས་དོན་རྐྱེན་འདི་ནི་འབྲེལ་ཡོད་ཚན་པ་ཁག་གིས་གནམ་གྲུའི་སྐྱེལ་འདྲེན་གྱི་རྩ་འཛིན་སྒྲིག་གཞིར་སྣང་མེད་བཏང་པའི་བྱས་ཉེས་རེད། ཅེས་བརྗོད་འདུག

གསར་འགོད་པ། བནྡ་སྐྱབས།

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply