རྒྱལ་ཚོགས་དྲུང་ཆེ་བསྐྱར་འདེམས།


མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བྷན་ཀེ་མོན་
(Ban Ki Moon) བསྐྱར་དུ་སྐབས་རྗེས་མའི་རྒྱལ་ཚོགས་སྤྱི་ཁྱབ་དྲུང་ཆེར་བདམས་ཐོན་བྱུང་སྟེ། ༢༠༡༢ ཟླ་དང་པོའི་ཚེས་གཅིག་ནས་ ༢༠༡༦ ལོའི་ལོ་མཇུག་བར་ཁོང་གིས་མུ་མཐུད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་འགན་འཁུར་གཏན་འཁེལ་འདུག

ཁ་སང་ཕྱི་ཚེས་ ༢༡ ཉིན་ནེའུ་ཡོག་ཏུ་ཚོགས་པའི་རྒྱལ་ཁབ་ ༡༩༢ ལས་གྲུབ་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག ལྷོ་ཀོ་རེ་ཡའི་ཕྱི་སྲིད་བློན་ཆེན་ཟུར་པ་དང་ད་ལྟའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་ལས་ཐོག་བྷན་ཀེ་མོན་ཁོང་སྐབས་རྗེས་མའི་དྲུང་ཆེར་སྤྱི་མོས་བྱུང་འདུག དེ་ནི་ཁོང་སྐབས་རྗེས་མའི་རྒྱལ་ཚོགས་སྤྱི་ཁྱབ་དྲུང་ཆེར་བསྐོ་རྒྱུར་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གིས་སྤྱི་མོས་རྒྱབ་སྐྱོར་ཐོབ་ཡོད་པ་དང་། དེ་ལ་འོས་འགྲན་པ་གཞན་མ་བྱུང་སྟབས་ཚོགས་ཆེན་སྟེང་འོས་ཤོག་འཕེན་མ་དགོས་པར་མང་མོས་བསྐོ་བཞག་བྱུང་པ་ཞིག་རེད།

བྷན་ཀེ་མོན་གྱིས་ ༢༠༠༧ ལོར་ཀོ་ཧྥེ་ཨ་ནན་གྱི་ཚབ་ཏུ་རྒྱལ་ཚོགས་སྤྱི་ཁྱབ་དྲུང་ཆེའི་འགན་ཁུར་པ་ནས་ཁོང་ལ་སྐྱོན་བརྗོད་བྱེད་ཡུལ་གཙོ་བོ་ནི། ཨ་རི་གཙོས་སྟོབས་ཆེན་རྒྱལ་ཁབ་དག་ལ་ཕྱོགས་ཞེན་གྱི་སྲིད་ཇུས་བཟུང་ཡོད་པའི་ཞན་ཆ་དང་། ལྷག་པར་དུ་རྒྱ་ནག་ལ་བསྟུན་མཁས་བྱས་ཏེ་ལོ་སྔོན་མར་འཛམ་གླིང་ཞི་བདེ་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ལིག་ཞའོ་པོ་བཙོན་འཇུག་བྱས་པ་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་ཐད ཁོང་གིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་གནོན་ཤུགས་གང་ཡང་མ་སྤྲད་སོགས་རེད།

རྒྱལ་སྤྱིའི་གནམ་གཤིས་ཀྱི་འགྱུར་ལྡོག་ཐད་ཁོང་གིས་ལངས་ཕྱོགས་བརྟན་པོ་བཟུང་པ་དང་། དེ་བཞིན་དཀྱིལ་ཤར་ཡུལ་གྲུ་དང་བྱང་ཨ་ཧྥི་རི་ཀའི་དམངས་གཙོ་དོན་གཉེར་པ་ཚོར་རྒྱབ་སྐྱོར་གྱིས་འབྲེལ་ཡོད་སྲིད་གཞུང་ཁག་ལ་མི་མང་གི་མངོན་འདོན་བསྒྲུབ་དགོས་པའི་འབོད་སྐུལ་དང་གཏམ་བཤད་རིམ་པར་སྤེལ་པའི་ཐད་ཁོང་ལ་བསྔགས་བརྗོད་ཀྱང་ཐོབ་ཡོད།

བདུན་ཕྲག་གཉིས་ཀྱི་གོང་བྷན་ཀེ་མོན་གྱིས་རང་ཉིད་སྐབས་རྗེས་མའི་རྒྱལ་ཚོགས་སྤྱི་ཁྱབ་དྲུང་ཆེའི་འོས་གཞིར་ལངས་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད་ལ། སྐབས་དེར་ཁོང་གིས་མིའི་རིགས་ཀྱི་བློ་ཡིད་ལས་འདས་པའི་རྒྱལ་སྤྱིའི་འགྱུར་འགྲོས་ཀྱི་དུས་ཡུན་ཁྲོད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འདི་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཕན་པའི་ལམ་བཟང་སྐྲུན་པར་སྣེ་ཁྲིད་མཁན་ཞིག་བྱ་རྒྱུའི་དམ་བཅའ་བཞག་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

2 thoughts on “རྒྱལ་ཚོགས་དྲུང་ཆེ་བསྐྱར་འདེམས།

  1. འབྲོང་བུ་སོག་ཚ།

    དེང་སང་དུས་རབས་ཉེར་གཅིག་པའི་ནང་རྒྱུ་ཟ་རྒྱུ་ལ་མཆེ་བ་ངེས་པར་དུ་མི་དགོས་པར། དངུལ་ཁང་གི་ཨང་གྲངས་དེ་ཡག་པོ་ཡོད་ན་ཆོག་ག

  2. མཆེ་བ་མེད་པའི་སེང་གེ་ཞིག་གི་རྒྱལ་ཚོགས་ལ་ཕན་ཐོག་ཡོང་རྒྱུ་ཁག་པོ་རེད་མ་ཟད་རྐུབ་སྟེགས་ནི་རང་ཉིད་ཀྱི་ལྐོག་ཟ་རུལ་སུངས་ཀྱི་ལག་ཆ་ཡག་ཤོས་ཞིག་ཡིན་དུས་དེ་མི་སུ་ཞིག་གི་བློས་བཏང་ཐུབ་གནད་འགག་དེ་ལ་ཐུག་པ་མ་ཡིན།