ནག་ཚོང་བྱིས་པ་ ༨༩ རྙེད་འདུག

ཉེ་ཆར་རྒྱ་ནག་ཉེན་རྟོག་པས་སྔ་ཕྱིར་ཐེངས་གཉིས་ལ་གསང་སྟབས་ཀྱིས་རྩད་ཞིབ་མཐར། རྒྱལ་ཁབ་ཕྱི་ནང་དུ་བྱིས་པ་ནག་འཚོང་བྱེད་བཞིན་པའི་རྩ་འཛུགས་གཉིས་རྩད་གཅོད་བྱུང་ཡོད་པ་དང་།  བོར་ཟིན་པའི་བྱིས་པ་ ༨༩ རྙེད་སོན་བྱུང་ཡོད་འདུག 

ཕྱི་ཟླ་ ༧ པའི་ནང་རྒྱ་ནག་ཀུང་ཏུང་དང་། ཀུང་ཞི། ཧི་པེ། ཧྥུ་ཅན། ཡོན་ནན་སོགས་ཞིང་ཆེན་ ༡༤ ཡི་ཉེན་རྟོག་སྡེ་ཁག་རྣམས་མཉམ་འབྲེལ་ཐོག་སྔ་ཕྱིར་ཐེངས་གཉིས་ལ་བྱིས་པ་ནག་འཚོང་བྱེད་བཞིན་པའི་གྱོད་དོན་རྩད་ཞིབ་བྱས་ཡོད་པ་རེད།  ཕྱི་ཟླ་ ༧ ཚེས་ ༡༥ ཉིན་གྱི་མཉམ་འབྲེལ་ལས་འགུལ་ཁྲོད། ཝེ་ཐི་ནམ་(Vietnam)དང་རྒྱ་ནག་བར་བྱིས་པ་ནག་འཚོང་བྱེད་བཞིན་པའི་གྱོད་དོན་ཞིག་རྩད་ཞིབ་བྱུང་སྟེ། ཉེས་ཅན་པ་ ༣༩ འཛིན་བཟུང་དང་བྱིས་པ་ ༨ རྙེད་སོན་བྱུང་ཡོད་འདུག གཞན་ཡང་། ཕྱི་ཚེས་ ༢༠ བསྐྱར་དུ་ཉེན་རྟོག་པ་ ༢༦༠༠ རྩ་འཛུགས་བྱས་ཏེ་ས་ཁུལ་ཁག་མང་པོའི་ནང་དུས་གཅིག་ཏུ་བྱིས་པ་ནག་འཚོང་གྱོད་དོན་རྩད་ཞིབ་བྱས་སྐབས།  ཞིང་ཆེན་ ༡༤ ལྷག་གི་ནང་བྱིས་པ་ནག་འཚོང་བྱེད་བཞིན་པའི་རྩ་འཛུགས་ཤིག་རྩད་གཅོད་བྱུང་སྟེ་བྱིས་པ་ ༨༡ རྙེད་སོན་བྱུང་ཡོད་པ་དང་། བྱིས་པ་ནག་འཚོང་གི་གྱོད་དོན་རྩད་ཞིབ་ཁྲོད་ཁྱོན་བསྡོམས་ཉེས་ཅན་པ་ ༣༦༩ འཇུ་བཟུང་བྱས་ཡོད་འདུག  

རྒྱ་གཞུང་དྲ་བ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༠༩ ཟླ་ ༤ ནས་རྒྱ་ནག་ཉེན་རྟོག་སྡེ་ཁག་གིས་བྱིས་པ་ནག་འཚོང་གྱོད་དོན་རྩད་ཞིབ་བྱེད་མགོ་བརྩམས་པ་ནས་བཟུང་། ད་ལྟའི་བར་རྒྱ་ནག་ནང་བྱིས་པ་དང་བུད་མེད་ནག་འཚོང་གི་གྱོད་དོན་ཁྲི་ ༤ ཙམ་རྩད་གཅོད་བྱུང་འདུག དེའི་ནང་ཁྱོན་བསྡོམས་ནག་འཚོང་རྩ་འཛུགས་ ༤༨༨༥ དང་ཉེས་ཅན་པ་ཁྲི་ ༣ ལྷག་འཇུ་བཟུང་བྱས་ཡོད་པ་དང་། བྱིས་པ་ ༡༤༠༠༠ དང་བུད་མེད་ ༢༥༠༠༠ རྙེད་སོན་བྱུང་ཡོད་འདུག  

རྒྱ་ནག་ནང་བྱིས་པ་ནག་འཚོང་གི་རིགས་ཇེ་མང་དུ་འགྲོ་བཞིན་པ་དེ་ནི། རྒྱ་ནག་ནང་གཞི་རིམ་དང་གྲོང་ཁྱེར་བར་དབུལ་ཕྱུག་གི་ཧེ་བག་ཆེན་པོ་བྱུང་བ་དང་། འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་ལག་བསྟར་དོ་མཉམ་མ་བྱུང་བས་ཡིན་འདུག   དེང་སྐབས་གྲོང་ཁྱེར་ཁག་གི་འབྱོར་ལྡན་རྣམས་ལ་ཕ་ཤུལ་བུ་འཛིན་གྱི་རྒྱུན་འཆད་བཞིན་པའི་དཀའ་ངལ་དང་། གཞི་རིམ་ཞིང་གྲོང་མང་ཚོགས་ཚོར་འཚོ་བའི་མཐུན་རྐྱེན་གྱི་དཀའ་ངལ་འཕྲད་པ་བཅས་ལ་བརྟེན་ནས་བྱིས་པ་ནག་འཚོང་དར་བཞིན་ཡོད་འདུག  ད་ལྟ་རྒྱ་ནག་ནང་བྱིས་པ་རེར་རྒྱ་སྒོར་ཁྲི་ ༣ ལྷག་སྤྲོད་ཀྱིན་ཡོད་འདུག 

 

གསར་འགོད་པ། ཚེ་རིང་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

11 thoughts on “ནག་ཚོང་བྱིས་པ་ ༨༩ རྙེད་འདུག

  1. བྱིས་པ་བཙོངས་ནས་ཅི་ཞིག་བྱེད་ཀྱི་ཡོད་མེད་ཀྱི་གནས་ཚུལ་གང་ཡང་མི་འདུག དེའི་ཐད་གསལ་བཤད་ཡག་པོ་ཞིག་གནང་བའི་རེ་བ་ཡོད་གསར་འགོད་པ་མཆོག་ལ་ཡིན།

  2. བྱིས་པ་བཙོངས་ནས་ཅི་ཞིག་བྱེད་ཀྱི་ཡོད་མེད་ཀྱི་གནས་ཚུལ་གང་ཡང་མི་འདུག དེའི་ཐད་གསལ་བཤད་ཡག་པོ་ཞིག་གནང་བའི་རེ་བ་ཡོད་གསར་འགོད་པ་མཆོག་ལ་ཡིན།