ཉི་ཧོང་དམའ་འབྲིང་སློབ་དེབ་སྟེང་ཐེ་ཝན་རྒྱ་ཁོངས་སུ་བཅུག


ཉེ་ཆར་ཉི་ཧོང་གིས་གསར་དུ་རྩོམ་སྒྲིག་བྱས་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་ཀྱི་ས་ཁྲའི་སྟེང་།
  ཐེ་ཝན་རྒྱ་ནག་གི་ས་ཁོངས་ཆ་ཤས་སུ་ངོས་འཛིན་བྱས་ཡོད་པ་དང་། དེ་ལ་ཉི་ཧོང་ཐེ་ཝན་གཞུ་ཚབ་ཀྱིས་ངོ་རྒོལ་གྱི་བསྒྲགས་གཏམ་སྤེལ་འདུག   

ཉེ་སྔོན་ཉི་ཧོང་སློབ་དེབ་རྩོམ་སྒྲིག་ཁང་གིས་རྩོམ་སྒྲིག་བྱས་པའི་དམའ་འབྲིང་སློབ་མའི་སྤྱི་ཚོགས་རིག་གནས་སློབ་དེབ་ དེ། ཡའོ་ཏའེ་རྒྱལ་ཁབ་དཔེ་དེབ་ཁང་དང་ཉི་ཧོང་ཏུང་ཅིན་དཔེ་དེབ་ཁང་གཉིས་ཀྱིས་པར་སྐྲུན་འགྲེམས་སྤེལ་བྱས་ཡོད་པ་དང་། གསར་དུ་རྩོམ་སྒྲིག་བྱས་པའི་སློབ་དེབ་དེའི་འཛམ་གླིང་ས་ཁྲའི་སྟེང་རྒྱ་ནག་དང་ཐེ་ཝན་གཉིས་ཀྱི་ས་ཁོངས་ཚོན་མདོགས་གཅིག་གྱུར་བྱས་ཡོད་པར་མ་ཟད། ཐེ་ཝན་དང་ཡའེ་ན་ཀོ་ནའེ་གླིང་ཕྲན་(Yonakuni)བར་དང་། ཐེ་ཝན་དང་ཧྥེ་ལི་བྷེན་བར་གྱི་བྷ་ཧྲི་(Bashi Channel)མཚོ་འགག་བར་དུ་རྒྱལ་མཚམས་ས་ཐིག་བྲིས་ཡོད་པ་ལས། ཐེ་ཝན་དང་རྒྱ་ནག་སྐམ་སའི་མཚོ་འགག་བར་རྒྱལ་མཚམས་ས་ཐིག་བྲིས་མེད་པ་དང་།  རྒྱ་ནག་གི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་ ༩༦༠ ལྷག་ཡོད་པར་བྲིས་ཏེ། ཐེ་ཝན་གྱི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་ ༣།༦ དེའང་རྒྱ་ནག་གི་ས་ཁྱོན་ཁོངས་སུ་བཅུག་ཡོད་འདུག 

 

ཉི་ཧོང་སློབ་དེབ་རྩོམ་སྒྲིག་ཁང་གིས་ས་ཁྲའི་སྟེང་ཐེ་ཝན་རྒྱ་ནག་གི་ཆ་ཤས་སུ་བྲིས་ཡོད་པའི་གནས་ཚུལ་དེ་གསར་ལམ་ཁག་ཏུ་ཐོན་མ་ཐག  ཐེ་ཝན་མི་མང་དང་ཐེ་ཝན་དམངས་གཙོ་ཚོགས་པ་གཉིས་ཀྱིས་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པར་མ་ཟད། ཉི་ཧོང་གི་ལིས་ཏིན་ཧའེ་ཐེ་ཝན་མཛའ་འབྲེལ་ཚོགས་པས། ཉི་ཧོང་སློབ་དེབ་རྩོམ་སྒྲིག་ཁང་ལ་སྙན་ཞུ་ཞིག་ཕུལ་ཏེ། སློབ་དེབ་དེའི་སྟེང་གི་ནོར་འཁྲུལ་ལ་བསྐྱར་བཅོས་བྱ་དགོས་པ་ནན་སྐུལ་བྱས་ཡོད་པ་རེད།

ཟླ་ ༨ ཚེས་ ༢ ཉིན་ཉི་ཧོང་བཅའ་སྡོད་ཐེ་ཝན་གཞུང་ཚབ་མཱ་ཆིས་ཐའེ་ཡིས། ཉི་ཧོང་སློབ་དེབ་རྩོམ་སྒྲིག་ཁང་གིས་དངོས་ཡོད་གནས་ཚུལ་ལ་ཁ་ཕྱོགས་ཏེ། ཉི་ཧོང་གི་མི་རབས་རྗེས་མ་དག་ལ་དྲང་བདེན་གྱི་སྒོ་ནས་ལོ་རྒྱུས་ངོ་སྤྲོད་གནང་དགོས་པ་དང་། མ་འོངས་པར་བསྐྱར་དུ་ཐེ་ཝན་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པའི་ལངས་ཕྱོགས་མི་འཛིན་པའི་རེ་སྐུལ་ཞུས་ཡོད་པ་རེད། གཞན་ཡང་། ཉིན་དེར་ཐེ་ཝན་ཕྱི་འབྲེལ་སྡེ་ཚན་གྱི་ཤར་ཨེ་ཤ་ཡའི་མཐུན་ཚོགས་ཀྱི་དྲུང་ཆེ་ཧུང་མཱན་ལཱང་གིས་ཀྱང་། ཉི་ཧོང་གི་བྱ་སྤྱོད་དེར་ཐེ་ཝན་མི་མང་གིས་ཐེ་ཝན་གཞུང་ཚབ་བརྒྱུད་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ཡོད་མོད།  ད་ལྟའི་ཆར་ཉི་ཧོང་སྲིད་གཞུང་གིས་དེ་ལ་བརྡ་ལན་གང་ཡང་སྤྲད་མེད་སྐོར་བརྗོད་འདུག 

 

ཐེ་ཝན་དབུས་ཞིབ་འཇུག་སྡེ་ཚན་གྱི་ཉམས་ཞིབ་པ་ཁྲིན་ཡའེ་ཧྲིན་གྱི་བསམ་ཚུལ་ལྟར་ན། སྤྱིར་ཉི་ཧོང་རྒྱལ་ཁབ་ཀྱི་སྲིད་ཇུས་ལངས་ཕྱོགས་ཀྱི་ཐད་ནས།  ཉི་ཧོང་ནང་ཆབ་སྲིད་ཤོག་ཁག་གང་ཞིག་གིས་སྲིད་དབང་བཟུང་མིན་ལ་མ་ལྟོས་པར་འདས་པའི་དུས་ཡུན་རིང་པོའི་ནང་།  ཐེ་ཝན་དང་འབྲེལ་བའི་ས་ཁོངས་གནད་དོན་ཐད་ཀྱི་ལངས་ཕྱོགས་ཧ་ཅང་གསལ་བོ་ཡིན་པ་དང་། ཐེངས་འདིར་ཐེ་ཝན་རྒྱ་ནག་ས་ཁོངས་སུ་བྲིས་པ་དེ་ནི་རྒྱ་ནག་ལ་བློ་ཉེ་བའི་རྩོམ་སྒྲིག་པ་ཁ་ཤས་ཀྱིས་ཐད་ཆ་ཤོར་བ་ཞིག་ཡིན་པར་ཆ་བཞག་པ་ཡིན་ནའང་།  འབྲེལ་ཡོད་སྡེ་ཁག་ནས་ཞིབ་བཤེར་སྐབས་ཀྱང་ནོར་འཁྲུལ་བསྐྱར་བཅོས་མ་གནང་པར་ངོས་ལེན་གཏན་འབེབས་བྱུང་བ་དེའི་རྒྱབ་ལྗོངས་ནི་ཧ་ཅང་བློ་ཡིད་ལ་མི་ཤོངས་པ་ཞིག་ཡིན་པས། གལ་སྲིད་ཉི་ཧོང་གཞུང་གིས་སློབ་དེབ་དེར་བསྐྱར་བཅོས་མ་བྱས་ཚེ། ཐེ་ཝན་དང་ཉི་ཧོང་གི་འབྲེལ་བར་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ཡིན་པའི་ངོས་འཛིན་གནང་ཡོད་པ་རེད། ད་དུང་ཁྲིན་ཡའེ་ཧྲིན་གྱིས་ ད་ལྟ་ཐེ་ཝན་མི་མང་གིས་ངོ་རྒོལ་དྲག་པོ་བྱས་ཏེ་ཉི་ཧོང་གི་ལངས་ཕྱོགས་ལ་བསྒྱུར་བ་གཏོང་དགོས་པའི་འབོད་སྐུལ་གནང་བཞིན་ཡོད་པ་རེད། ཡིན་ནའང་། ཐེ་ཝན་སྲིད་གཞུང་ངོས་ནས་གནས་ཚུལ་འདིའི་ཐད་རྣམ་འགྱུར་ཅི་འདྲ་ཞིག་སྤྲོད་མིན་དེ་ནི། མཱ་ཡན་ཅིག་སྲིད་གཞུང་ལ་ཚོད་ལྟ་ཐེངས་གཅིག་བྱས་པ་ཞིག་ཀྱང་ཡིན་པས། ད་ལྟ་མཱ་ཡིན་ཅིག་གི་སྲིད་གཞུང་ཅི་བྱ་གཏོལ་མེད་དུ་གྱུར་ཡོད།  རྒྱུ་མཚན་ནི་གཅིག་ནས་མཱ་ཡན་ཅིག་སྲིད་གཞུང་གིས་རྒྱ་ནག་དང་འབྲེལ་ལམ་དམ་ཟབ་ཏུ་གཏོང་བཞིན་ཡོད་པ་དང་། གཉིས་ནས་ཁོས་ངེས་པར་དུ་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་ལངས་ཕྱོགས་ལའང་བསམ་གཞིགས་ཤིག་བྱ་དགོས་པ་ཆགས་ཡོད། གལ་སྲིད་ཐེ་ཝན་ནི་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ལ་དབང་བར་ངོས་འཛིན་གནང་བ་ཡིན་ཚེ།  ཁོས་ཐེ་ཝན་ནི་རྒྱ་ནག་གི་ས་ཁོངས་མིན་པའི་གསལ་ཁ་ཇི་ལྟར་འདོན་རྒྱུ་ཡིན་ནམ།  གནད་དོན་འདི་མཱ་ཡིན་ཅིག་སྲིད་གཞུང་གིས་བསམ་གཞིགས་བྱ་དགོས་པ་ཞིག་ཏུ་གྱུར་ཡོད།ཅེས་བརྗོད་ཡོད་པ་རེད།



ཉི་ཧོང་གི་སློབ་དེབ་རྩོམ་སྒྲིག་ཁང་གིས་སློབ་དེབ་གཏན་འབེབ་ཀྱི་གོ་རིམ་ནི། ཐོག་མར་བརྡ་ཁྱབ་དང་། དེ་རྗེས་རྩོམ་སྒྲིག་དང་ཞིབ་བཤེར། དེ་ནས་སློབ་གྲྭ་སོ་སོའི་རང་མོས་ལྟར་བསླབ་དེབ་བདམས་གསེས། དེ་ནས་མཐར་སློབ་དེབ་མཁོ་འདོན་དང་མཐར་ལག་སྟར་བཅས་ཀྱི་རིམ་པ་བརྒྱུད་དགོས་ཀྱི་ཡོད་སྟབས། གལ་སྲིད་སློབ་དེབ་འདི་ཞིབ་བཤེར་དང་ལེན་གཏན་འབེབས་བྱུང་བ་ཡིན་ནའང་། ད་དུང་སློབ་གྲྭ་ཁག་གིས་བསླབ་དེབ་ཅི་འདྲ་ཞིག་ལག་ལེན་དུ་སྟར་རྒྱུ་ཡིན་མིན་རང་མོས་བདམས་གསེས་བརྒྱུད་སློབ་གྲྭའི་སློབ་དེབ་དངོས་ལ་གཏན་འཁེལ་གནང་དགོས་པས། ལོ་རྗེས་མའི་སློབ་སྐབས་ཚོགས་དུས་སུ་སློབ་དེབ་དེ་དངོས་སུ་སློབ་གྲྭ་ཁག་ནང་ལག་སྟར་བྱ་ཐུབ་མིན་ཐག་གཅོད་གནང་ཐུབ་ཀྱི་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply