རྒྱལ་ས་ལོན་ཌོན་གྱི་ལོ་ནག

 དབྱིན་ཡུལ་ཉེན་རྟོག་པས་དོགས་གཞི་ཡོད་པའི་མི་ཞིག་ལ་མེ་མདས་བསད་རྗེས། རྒྱལ་ས་ལོན་ཌོན་དུ་ངོ་རྒོལ་གྱི་མེ་ལྕེ་འབར་མགོ་བརྩམས་ཡོད

ཕྱི་ཟླ་ ༨ ཚེས་ ༤ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༦ དང་སྐར་མ་ ༡༥ ཙམ་ལ་དབྱིན་ཡུལ་རྒྱལ་ས་ལོན་ཌོན་གྱི་ས་གནས་ཉེན་རྟོག་མི་སྣས་འཆར་གཞི་སྔོན་སོང་བཞིན་ཉལ་ཐ་ཚོང་འགྲེམ་བྱེད་མཁན་གྱི་དོགས་ཡོད་ཉེས་ཅན་བརྩད་ཞིབ་བྱེད་ཀྱིན་པའི་སྐབས་སུ། ལོ་ན་ ༢༩ ལ་སོན་པའི་མརྐ་ཌུ་གྷན་(Mark Duggan)ཞུ་བ་གླ་འཁོར་ཞིག་གི་ནང་དུ་ཡོང་བཞིན་པཉེན་རྟོག་པས་བཀག་ཡོད་ཅིང་། གནས་སྐབས་དེར་དོན་དག་ཅི་བྱུང་གསལ་ཁ་མེད་ཀྱང་། མཐར་ཉེན་རྟོག་པའི་ཁོང་གི་བྲང་ཁར་མེ་མདས་བརྒྱབ་ནས་བསད་ཡོད་པ་རེད།

ཉེས དོན་དབྱེ་ཞིབ་པས་བརྗོད་པ་ལྟར་ན། སྐབས་དེར་མརྐ་ཌུ་གྷན་གྱི་ལག་ཏུ་མེ་མདའ་ཡོད་ཀྱང་ཉེན་རྟོག་པར་མེ་མདའ་བརྒྱབ་ཡོད་པའི་དཔང་རྟགས་གང་ཡང་རྙེད་སོན་བྱུང་མེད་ཚུལ་བརྗོད་པ་མ་ཟད། ཁོའི་ནང་མི་དང་གྲོགས་པོ་མང་པོ་ཞིག་གིས་ཀྱང་ཁོ་རང་ཉལ་ཐ་ཚོང་ལས་བྱེད་མཁན་ཞིག་མིན་པས། ཉེན་རྟོག་པས་དོན་མེད་དུ་མི་བསད་པའི་དོན་རྐྱེན་འདིར་ཁྲིམས་མཐུན་གྱི་ཐག་གཅོད་དགོས་ལུགས་ཀྱིས་ངོ་རྒོལ་བྱས་ཡོད། ཚེས་ ༦ ཉིན་གནས་ཚུལ་འདིར་རྐྱེན་བྱས་ཏེ་ལོན་ཌོན་གྲོང་ཁྱེར་གྱི་ཤ་མདོག་ནག་པོ་ཡིན་པའི་མི་མང་མཉམ་རུབ་ཀྱིས་ཞི་བའི་ངོ་རྒོལ་ཁྲོམ་སྐོར་ཞིག་བྱས་ཡོད་པ་དང་། གཞུང་གི་ཉེན་རྟོག་པ་ཚོས་དྲག་པོའི་ལམ་ནས་ངོ་རྒོལ་བ་ཚོ་ཁ་གཏོར་བཏང་སྟེ་གནས་ཚུལ་ཞི་འཇགས་ཡོང་ཐབས་བྱས་ཡོད

 

གཞོན་སྐྱེས་མང་པོ་ཞིག་གིས་ལག་ཁྱེར་ཁ་པར་(Black Berry) གྱི་འཕྲིན་ཐུང་བརྒྱུད་དེ། ལོན་ཌོན་ས་གནས་ཉེན་རྟོག་པས་ཚུལ་མིན་གྱི་བྱ་སྤྱོད་སྤེལ་གྱི་ཡོད་པ་དང་། ཁྲིམས་འགལ་གྱི་ཐོག་ནས་མི་བསད་སྐོར་ཡོངས་ཁྱབ་ཏུ་སྤེལ་ཏེ། དྲ་ཐོག་ནས་ལས་འགུལ་སྤེལ་མགོ་རྩོམ་བཞིན་ཡོད་འདུག་ལ། རྒྱལ་ས་ལོན་ཌོན་གྱི་ས་གནས་གང་སར་ཉེན་རྟོག་ལས་ ཁུངས་དང་ཉེན་རྟོག་པའི་རླངས་འཁོར་སོགས་གཏོར་བཅོམ་དང་མེར་བསྲེགས་གཏོང་བཞིན་ཡོད་པ་དང་། ད་ཆར་གནས་ཚུལ་ཛ་དྲག་ཏུ་གྱུར་ཏེ་རྒྱལ་ས་ཁུལ་གྱི་གཞོན་སྐྱེས་མང་པོ་ཞིག་ངོ་རྒོལ་ནང་ཞུགས་ཏེ། གྲོང་ཁྱེར་གྱི་ཚོང་ཁང་དང་ཟ་ཁང་སོགས་གཏོ་བཅོམ་གྱིས་རྒྱུ་དངོས་རྐུ་འཁྱེར་དང་འཕྲོག་བཅོམ་བྱེད་གོ་ཚུགས་ཡོད་པ་རེད།

རྒྱལ་སྤྱིའི་གསར་ལམ་ཁག་ཅིག་ཏུ། མརྐ་ཌུ་གྷན་གྱི་ལག་ཏུ་ཡོད་པའི་མེ་མདའ་དེ་ནི་སྤྱིར་བཏང་གི་ལོན་ཌོན་གྲོང་ཁྱེར་གྱི་གཞོན་སྐྱེས་ཚོས་འཛིན་བཞིན་པའི་(blank-firing handgun)ཞེས་པ་དེ་ཡིན་པ་དང་། ཁོ་བསད་རྗེས་མེ་མདའ་དེ་ཐ་མག་ནག་པོ་འཐེན་མཁན་ཚོའི་ཁྲོད་དར་ཁྱབ་འགྲོ་བཞིན་ཡོད་འདུག ཡང་གནས་ཚུལ་འགའ་རེའི་ནང་། ལོན་ཌོན་གྱི་གསར་ལམ་ཁག་ཀྱང་ཉེན་རྟོག་པའི་རྒྱབ་རྩར་ལངས་ཏེ་མརྐ་ཌུ་གྷན་ལ་ནག་ཉེས་ཡོད་སྐོར་དང་། ཁོའི་རྒྱབ་རྩར་ལངས་ཏེ་ངོ་རྒོལ་བྱེད་མཁན་ཚོ་ནི་སྤྱི་ཚོགས་ཀྱི་བདེ་འཇགས་ལ་ཟིང་ཆ་བཟོ་མཁན་རྐྱང་ཡིན་ཚུལ་སྒྲོག་གི་ཡོད་པ་དེས་ཐེངས་འདིའི་དོན་རྐྱེན་ཛ་དྲག་གི་ངོ་བོར་གྱུར་བ་རེད་ཟེར།  

 

དབྱིན་ཇིའི་སྲིད་བློན་ཁཱ་མེ་རོན་(Mr Cameron)་གྱིས་ “ད་ཆ་ང་ཚོ་ཟིང་ཆ་འདི་ལ་ཁ་གཏད་བཅག་སྟེ་མང་ཚོགས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་དགོས་སྟབས། ཕྱོགས་ངོས་ནས་ངོ་རྒོལ་བར་ཁ་གཏད་གཅོག་མཁན་མངགས་གཏོང་བྱེད་ཀྱིན་ཡོད། ཅེས་བརྗོད་ཡོད་པ་དང་། སྲིད་གཞུང་གི་ཉེན་སྐྱོབ་རུ་ཁག་གི་ཚོགས་འདུ་གྲོལ་རྗེས་ཁོང་གིས་གསར་འགོད་པར་ ཉེན་རྟོག་པ་ཚོས་ཟིང་ཆ་ཞི་འཇགས་ཡོང་ཆེད་དུ་འགྱིག་མདེའུ་ཅན་གྱི་མེ་མདའ་བཀོལ་བ་སོགས་གནས་སྐབས་དང་འཚམ་པའི་ཐག་གཅོད་བྱེད་པར་ཁྲིམས་ཐོག་ནས་སྲུང་སྐྱོབ་ཡོད་པ་རེད། ཟེར།

ཉིན་འདི་འགར་ལོན་ཌོན་གྲོང་ཁྱེར་ཧྲིལ་པོ་ཟང་ཟིང་དུ་གྱུར་ཡོད་པ་དང་། ས་གནས་གང་སར་ཉེན་རྟོག་པ་དང་ངོ་རྒོལ་བའི་བར་འཐབ་འཁྲུག་བྱུང་སྟེས་གནས་མང་ཚོགས་ཀྱི་རྒྱུ་དངོས་ལ་གནོད་སྐྱོན་ཚབ་ཆེ་ཕོག་བཞིན་ཡོད་འདུག  རྙོག་ཟིང་འདིའི་ཁྲོད་ད་བར་མི་ ༣ རླངས་འཁོར་བརྡབ་སྐྱོན་གྱིས་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་། ས་གནས་སོ་སོ་ནས་འཛིན་བཟུང་བཀག་ཉར་བྱས་པ་མི་ ༢༠༠ ཙམ་ཡོད་འདུག   

ལོ་ན་ ༢༩ ལ་སོན་པའི་མརྐ་ཌུ་གྷན་(Mark Duggan)གྱི་ཤུལ་དུ་ཁོའི་ཕ་མ་གཉིས་དང་སྤུན་མཆེདཆུང་མ་དང་བྱིས་པ་ ༤ བཅས་ཡོད་འདུག  

གསར་འགྱུར་མཁོ་གཏོང་བ། སངས་རྒྱས་བཀྲ་ཤིས།

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

3 thoughts on “རྒྱལ་ས་ལོན་ཌོན་གྱི་ལོ་ནག

  1. ཕན་ཚུན་གུ་ཡངས་བསམ་ཤེས་ཀྱི་ལམ་ནས་ཞི་འགྲིག་ཡོང་བར་རེ་བ་བྱེད་ཀྱི་ཡོད་ལ། ལྷག་པར་དུ་སྲིད་གཞུང་གིས་མི་མང་གི་ཐོག་ཏུ་དྲག་པོའི་བྱ་སྤྱོད་མི་སྤེལ་བར་མརྐ་ཌུ་གྷན་ལ་ཉེས་པ་ཡོད་ན་དངོས་ཡོད་ཕྱིར་བསྒྲགས་དང། གལ་ཏེ་དོགས་གཞི་ཡོད་ཙམ་ལ་ཉེན་རྟོག་པས་ལག་ཉེས་ཤོར་ནས་མེ་མདའ་རྒྱབ་པ་ཡིན་ན་ཁོའི་ནང་མི་དང་གྲོགས་པོ་གྲོགས་མོ། དེ་བཞིན་སྤྱི་ཚོགས་བཅས་ལ་གཞུང་ངོས་ནས་དགོངས་སེལ་དང་འབྲེལ་ཞི་འཇམ་ཡོང་ཐབས་གནང་རོགས།