རྒྱལ་མཚན་ནོར་བུ་གླེང་བ།

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༥༢༨ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

བཙན་བྱོལ་ནང་ཡང་བསྐྱར་རྒྱལ་མཚན་ནོར་བུ་གླེང་མགོ་བརྩམས་སོང་། ཉིན་འདི་འགར་རྒྱ་གཞུང་གིས་རྒྱལ་མཚན་ནོར་བུ་འཁྲིད་དེ་མདོ་སྨད་བླ་བྲང་སོགས་བོད་པའི་ས་གནས་ཁག་ཅིག་ནང་སྐོར་སྐྱོད་མགོ་འཛུགས་བྱས་མ་ཐག་བཙན་བྱོལ་ནང་གི་ཆབ་སྲིད་པ་དང་ལས་འགུལ་བ། རྩོམ་པ་པོ་དང་གསར་འགྱུར་བརྒྱུད་ལམ་ཁག་ཡོངས་ནས་བསྐྱར་དུ་རྒྱལ་མཚན་ནོར་བུ་ལ་ཚོད་དཔག་དང་དཔྱད་ཞིབ་གནང་མགོ་ཚུགས་ཡོད། སྔོན་མ་བོད་པ་ཚང་མས་པཎ་ཆེན་རྫུན་མ་དང་། རྒྱ་ནག་གི་པཎ་ཆེན་བླ་མ་སོགས་ཁྱེའུ་ལོ་གསུམ་སྟེང་ནས་སྡིགས་དམོད་བྱས་མྱོང་མོད། རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ལ་ཕྱོགས་སུ་མ་ལྷུང་བའི་གླེང་སློང་ཞིག་བྱེད་ན། དང་པོ་རྒྱལ་མཚན་ནོར་བུ་གང་ཟག་སྒེར་ངོས་ནས་མཁྱེན་ཡོན་དང་རིགས་ཞེན་གང་འདྲ་ཞིག་འཁྱོང་མིན་དང་། གཉིས་པ་རྒྱལ་མཚན་ནོར་བུ་བོད་རྒྱའི་གནད་དོན་དང་འབྱུང་འགྱུར་ལོ་རྒྱུས་ཐད་ནས་གང་འདྲ་ཞིག་ཆགས་མིན་བཅས་ལམ་ཕྱོགས་གཉིས་ནས་གླེང་དགོས་པར་མཐོང་།  

    འདས་པའི་ལོ་ངོ་བཅུ་དྲུག་རིང་གི་རྒྱལ་མཚན་ནོར་བུའི་བཤད་སྤྱོད་ལ་ཉན་ན། དགེ་སྐྱོན་གཉིས་ཀ་ཡོད་རབས་བཤད་ལ་ཤེས་འཇོན་གཉིས་ལྡན་ཡིན་རབས་ཀྱང་བརྗོད། མ་གཞི་ནས་ཁོང་ནི་རང་གཤིས་དྲང་པོ་དང་མི་རང་ཚུགས་བརྟན་པོ་ཅན་ཞིག་ཡིན་པ་ཡོངས་གྲགས་རེད། ཐེངས་ཤིག་ཁོང་གིས་ང་པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡང་སྲིད་ངོ་མ་མིན་ཚུལ་གསུངས་སྐོར་ཞིག་ཀྱང་གྲགས་ལ། བླ་བྲང་དགོན་པར་ཐེངས་དང་པོར་ཕེབས་སྐབས་ཚོགས་ཆེན་འདུ་ཁང་གི་སྒོ་དྲུང་ནས་སྦྱན་ཆབ་སིལ་རབས་ཀྱང་ཐོས། ཁོང་གི་ད་ལྟ་དང་མ་འོངས་པའི་མཛད་པ་འཕྲིན་ཡོངས་རྫོགས་གཞན་དབང་དུ་གྱུར་ཡོད་སྟབས། རྒྱལ་མཚན་ནོར་བའི་མཛད་འཕྲིན་ལ་དབྱེ་ཞིབ་དང་གདེང་འཇོག་བྱེད་སྐབས། རྒྱ་གཞུང་གིས་ཐོག་མར་ངོས་འཛིན་བྱས་པ་ནས་ད་ཆར་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་སོགས་ཆོས་སྲིད་གཉིས་ཀྱི་གོ་གནས་ངེས་ཅན་སྤྲད་པའི་རྒྱུ་མཚན་དང་རྒྱབ་ལྗོངས་དག་ཀྱང་ངེས་པར་དུ་རྟོགས་དགོས།  

            པཎ་ཆེན་སྐུ་ཕྲེང་བཅུ་བས་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་ཀྱི་མཚན་སྙན་ལ་གནོད་པའི་ཤུལ་རྗེས་ཕྲ་མོ་ཙམ་ཡང་རང་གི་ལོ་རྒྱུས་ནང་མི་འཇོག་པའི་དམ་བཅའ་བརྟན་པོ་བཞག་ཅིང་དོན་ལ་འཁྱོལ་གནང་མཛད་ཡོད་པ་ལྟར། རྒྱལ་མཚན་ནོར་བུར་ཡང་ང་ཚོས་རེ་བ་རྒྱག་སྟངས་མེད་པ་ཞིག་དང་རྒྱག་རིན་མེད་པ་ཞིག་ག་ལ་ཡིན། བོད་པའི་ནང་བསྟན་རིག་གཞུང་ལྟར་ན། སྐུ་གསུང་ཐུགས་གསུམ་ཞེས་བླ་མ་ཞིག་ལ་སྤྲུལ་སྐུ་གསུམ་རེ་འབྱོན་ཆོག་ལ། རྒྱལ་མཚན་ནོར་བུའི་ཤ་ཁྲག་རུས་གསུམ་བོད་རིགས་དང་། ནང་དོན་རིག་པར་བསླབ་པ་སློབ་གཉེར་ཞུ་སའི་དགེ་རྒན་ཡང་བོད་པའི་དགེ་བཤེས་དྲག་གྲས་ཤིག་ཡིན་སྟབས། བཤེས་གཉེན་བསྟེན་ཚུལ་མ་ལོག་པ་ཞིག་དང་། སྐྱབས་འགྲོའི་གོ་དོན་མ་ནོར་བ་ཞིག་ཡོང་དགོས་ན། དགེ་རྒན་གྱི་བཀའ་གསུང་ཅི་སྒྲུབ་ཞུ་མཁན་ཞིག་དང་། རྩ་བའི་བླ་མར་སྒོ་གསུམ་གྱི་བཀུར་སྟིས་འཇོག་མཁན་ཞིག་ཅི་ནས་ཀྱང་འཁྱོང་དགོས་པས། རྒྱལ་མཚན་ནོར་བུ་ཡང་ནང་དོན་རིག་པའི་ཁྲིམས་སྲོལ་འདི་ལས་བརྒལ་ས་ཡེ་ནས་མེད། དགེ་རྒན་གྱི་བཀའ་གསུང་མི་བརྩི་མཁན་ཞིག་ལ་བོད་མི་ཚོས་བརྩི་བཀུར་མི་ཐོབ་ལ། རྩ་བའི་བླ་མར་བསྙེན་བཀུར་མེད་མཁན་ཞིག་གིས་བོད་པ་ཚོར་སྣེ་འཁྲིད་ལམ་སྟོན་དེ་བས་ཀྱང་མི་ནུས་པས། རྒྱ་ནག་གི་རྨི་ལམ་དེ་ཉིན་དཀར་གྱི་རྨི་ལམ་ཞིག་ཏུ་སྔར་ནས་ཆས་ཡོད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply