གྲོས་ཚོགས་ནང་གི་མུན་པ།

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༥༣༡ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

ཉིན་འདི་གར་གངས་ཅན་སྐྱིད་གཤོངས་ན་དགོད་བྲོ་བའི་ལྟད་མོ་མང་ཙམ་མཐོང་རྒྱུ་འདུག་ལ། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་གྲོས་རྭ་ན་དེ་བས་ཀྱང་ཡ་ང་བའི་གནས་ཚུལ་སྣ་ཚོགས་ཐོས་རྒྱུ་འདུག འབྱུང་འགྱུར་མི་ལོ་ལྔ་ཡི་བཀའ་བློན་ཁྲི་པའི་ཕྱག་རོགས་བཀའ་བློན་དྲུག་ལ་སྤྱི་འཐུས་གྲོས་ཚོགས་ནས་གླེང་སློང་ཙམ་ཡང་མེད་པར་སྤྱི་མོས་རྒྱབ་སྐྱོར་ཐོབ་སོང་ལ། ༸གོང་ས་མཆོག་གི་བཀའ་དགོངས་དང་རྒྱ་ཆེའི་མང་ཚོགས་ཀྱི་མངོན་འདོད་མཐའ་མ་སྟེ། དབུས་བོད་མིའི་གཞུང་གི་སྒྲིག་འཛུགས་དང་། བཀའ་བློན་ཁྲི་པའི་མཚན་ལ་སྲིད་སྐྱོང་ཞེས་པའི་ཐ་སྙད་གཉིས་ལ་སྤྱི་འཐུས་ནང་ཁུལ་བཞུགས་མོལ་ཚོགས་འདུའི་ཐོག་བཀག་སྡོམ་བྱས་སོང་།   

    བཀའ་བློན་ཁྲི་པ་མཆོག་གིས་ཕྱག་རོག་བཀའ་བློན་དྲུག་གི་མིང་དང་ལོ་རྒྱུས་གྲོས་ཚོགས་སུ་སྙན་སྒྲོན་ཞུས་སྐབས། སྤྱི་འཐུས་ཡོངས་ཁུ་སིམ་སིམ་དང་འཇམ་ཐང་ཐང། སྤྱི་དོན་སྒེར་དོན་ལ་བརྗེ་ཞིང་སྒེར་ཚིགས་སྤྱི་ལ་ངོམ་སྟེ། མགོ་བོ་སྒུར་སྒུར་གྱིས་སྤྱི་མོས་རྒྱབ་སྐྱོར་བྱས་སོང་། འདི་ནི་ཕྱོགས་གཅིག་ནས་གྲོས་ཚོགས་ཀྱིས་བཀའ་ཤག་ལ་མཐུན་འགྱུར་གནང་བའི་སྲི་ཞུ་ཞིག་དང་། རྒྱ་ནག་གཙོས་པའི་ཕར་ཕྱོགས་ལྟད་མོར་ལྟ་མཁན་ཚོའི་མིག་ལ་མཛེས་བ་ཞིག་དང་གཟི་བརྗིད་ཅིག་ཆགས་ཡོད་རབ་བརྗོད་ཆོག་མོད། ཕྱོགས་ངོས་གཞན་ཞིག་ནས་བསམ་ན། དམངས་གཙོའི་ལྟ་གྲུབ་ནང་ལ་སྒེར་གཅོད་ལམ་སྲོལ་བསྲེས་ཏེ། ཚུལ་ཆོས་དང་ཟོལ་སྦྱོར་ལ་རྔམ་དྲགས་པའི་རྩ་དོན་རླུང་ལ་བསྐུར་བའི་མངོན་རྟགས་ཤིག་ཀྱང་བསྟན་ཡོད།

    ཉེ་ལམ་བཀའ་སྤྱི་གཉིས་ཀྱི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གིས་བཙན་བྱོལ་བོད་གཞུང་གི་མཚན་བྱང་ལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཞེས་བཏགས་སྐབས། བཙན་བྱོལ་སྤྱི་ཚོགས་ནང་སྐད་ངན་ཤོར་ཡོད་ལ། རྒྱལ་ཡོངས་ཚོགས་ཆེན་སྐབས་སུ་ཡང་ཚོགས་བཅར་བ་ཡོངས་མགྲིན་དབྱངས་གཅིག་གིས་བཙན་བྱོལ་བོད་གཞུང་སྔར་བཞིན་གནས་དགོས་པར་སྤྱི་མོས་བྱུང་། སྐབས་བཅོ་ལྔ་པའི་སྤྱི་འཐུས་དག་གིས་ཀླད་པ་དཀྲུག་དཀྲུག་གི་མཐའ་མ། རྩོད་པ་བརྒྱབ་བརྒྱབ་ཀྱི་གྲུབ་དོན་གྱིས་མང་ཚོགས་ཀྱི་མངོན་འདོད་བསྐངས་མ་ཐུབ་ལ། ༸གོང་ས་མཆོག་གིས་གསོལ་རས་སུ་བསྩལ་བའི་གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགསཀྱང་རྨེག་མེད་དུ་བཏང་སྟེ་དབུས་བོད་མིའི་སྒྲིག་འཛུགས་བཅའ་ཁྲིམས་ནང་བཀོད།

    ད་ཆར་སྔར་བྱས་ཐ་དག་༸གོང་ས་མཆོག་གི་བཀའ་དགོངས་དང་རྒྱབ་འགལ་དུ་སོང་ཡོད་པ་ར་འཕྲོད་ཅིང་། མང་ཚོགས་ཀྱི་སྣ་མ་བརྟན་པར་སྲོག་གི་དབང་བོ་སྔར་ནས་བཅད་ཚར་བའི་ཐ་སྙད་སྐམ་པོ་དེར་བསྐྱར་དུ་གླེང་སློང་བྱུང་སྐབས་ཀྱང་། སྤྱི་འཐུས་སྐོར་ཞིག་གིས་༸གོང་ས་མཆོག་གི་བཀའ་འབྲེལ་སྐུ་སྒེར་ཡིག་ཚང་གི་ཡིག་ཆའི་སྟེང་བཀོད་ཟིན་པ་ཞིག་ལ་བསྒྱུར་བཅོས་གཏོང་རྒྱུ་བློས་འགན་མི་བཟོད་སྐོར་བརྗོད་དེ། ༸གོང་ས་མཆོག་གིས་འགན་དབང་རྩིས་སྤྲོད་གནང་བ་དང་ལེན་བྱས་མེད་ལ། མང་ཚོགས་ཀྱིས་ཡིད་ཆེས་བློ་གཏད་བཅོལ་བར་ཡང་འགན་ལེན་མ་བྱས་པར། སྔར་བཞིན་མགོ་བདེ་དྲན་འཁྲུལ་གྱིས་རྒྱ་ཆེའི་མི་མང་མུན་པ་ནས་མུན་པའི་ཕྱོགས་སུ་ཁྲིད།

            དཔེ་མཚོན་གསལ་ཤོས་ཤིག་ནི། ཏཱ་ལའི་བླ་མའི་བོད་པའི་སྲིད་སྟེགས་མཐའ་མའི་སྟེང་གི་ཞལ་ཆེམས། བཀའ་བློན་ཁྲི་པའི་དམ་འབུལ་མཛད་སྒོའི་སྟེངཐེངས་འདིར་མི་མང་གིས་དམངས་གཙོའི་འོས་བསྡུའི་ལམ་ནས་བདམས་ཐོན་བྱུང་བའི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་སུ་ངོས་ཀྱིས་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་རྩིས་སྤྲོད་གནང་གི་ཡོད། ཡུན་རིང་སྙིང་ལ་བརྣག་པའི་འདོད་པའི་དོན་དེ་རིང་དངོས་སུ་འགྲུབ་པ་རེདཅེས་པར་ཡང་རྡོག་རོལ་བཏང་སྟེ། ད་ཆར་༸གོང་ས་མཆོག་ཞལ་བཞུགས་བཞིན་པ་ཡིན་སྐོར་དང་། བཀའ་བློན་ཁྲི་པར་སྲིད་སྐྱོང་བ་བཏགས་ན་འོས་བབ་མེད་སྐོར་བརྗོད་དེ། གྲོས་ཚོགས་ནང་གི་རྔམ་ནག་གི་མུན་པ་སྔར་ལས་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་བཏང་ཡོད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply