༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཀྱི་དོན་རྐྱེན་གླེང་བ།

           
                                                                                    བློ་བཟང་བཀྲ་ཤིས། སྨན་རྩིས་ཁང་།

༄༅།། སྤྱི་ལོ་ ༡༩༨༩ ཟླ་ ༡ ཚེས་ ༢༨ ཉིན་ ༸པཎ་ཆེན་སྐུ་ཕྲེང་བཅུ་པ་རང་གི་གདན་ས་གཞིས་རྩེ་བདེ་ཆེན་ཕོ་བྲང་དུ་གློ་བུར་དགོངས་པ་རྫོགས་པ་དང་། ཚེས་ ༢༩ ཉིན་བཀྲས་ལྷུན་དགོན་པས་༸གོང་ས་མཆོག་ལ་སྐུ་གོང་མའི་ཐུགས་དགོངས་རྫོགས་པ་དང་། ཡང་སྲིད་འཁྲུལ་བྲལ་མྱུར་དུ་བྱོན་པའི་བསྔོ་སྨོན་སྐྱབས་ཞུ་ཕུལ་ཡོད།

ཕྱོགས་མཚུངས་རྒྱ་ནག་དབུས་གཞུང་ལ་དོན་ཚན་གསུམ་གྱི་རེ་འདུན་ཞིག་ཕུལ་བ་ལྟར། ཟླ་བ་དེའི་ཚེས་ ༣༡ ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་ལི་ཕུང་གི་མིང་ཐོག་ནས་གཞུང་འབྲེལ་དོན་ཚན་གསུམ་གཏན་འབེབས་གསལ་བསྒྲགས་བྱས་ཡོད་པ་ནི།  དང་པོ། གདུང་རྟེན་བཞེངས་ཕྱོགས། གཉིས་པ། སྐུ་གདུང་སྲུང་སྐྱོབ་ཞུ་ཕྱོགས། གསུམ་པ། ཡང་སྲིད་ངོས་འཛིན་ཞུ་ཕྱོགས་སྐོར་བཅས་རེད། དོན་ཚན་རེ་རེ་ལག་བསྟར་སྐབས། ༸པཎ་ཆེན་སྐུ་ཕྲེང་བཅུ་པའི་རྗེས་འཇུག་པ་དང་། འབྲེལ་ཡོད་ས་གནས་དཔོན་རིགས་དབར་རྣོ་ངར་ཆེ་བའི་འཐབ་རྩོད་བྱུང་ཡོད་པ་དང་། ལྷག་པར་རྗེས་སུ་། དོན་ཚན་གསུམ་པའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་སྐོར་དེར། ཡང་སྲིད་རྒྱལ་ནང་དུ་ངོས་འཛིན་བྱེད་རྒྱུ་ལས། ཕྱི་རྒྱལ་དུ་ངོས་འཛིན་མི་བྱེད་རྒྱུ། ཞེས་འཁོད་ཡོད་པ་དེ་ནི། ཧི་མ་ལ་ཡའི་ཕྱི་རོལ་གྱི་བོད་སྐད་སྨྲ་བའི་སྤྱི་ཚོགས་སུ་ཆེད་དམིགས་ཀྱིས་བརྗོད་པ་ཞིག་ཡིན་པས། དོན་ཚན་དེ་ནི་སྐབས་དེའི་གླེང་སློང་བྱེད་དགོས་པའི་གནད་དོན་ཆེ་ཤོས་སུ་གྱུར།

སྤྱི་ལོ་ ༡༩༩༢ ལོ་དཀྱིལ་ནས་བཟུང་གླེང་སློང་གི་ཁ་ཕྱོགས་གཞན་ཞིག་ཏུ་བསྒྱུར་ཡོད་པ་སྟེ། རྒྱ་ནག་གཞུང་གིས་བཀྲས་ལྷུན་དགོན་དུ་ཚོགས་འདུ་རིམ་པར་འཚོགས་བཅུག་ཅིང་། ༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་གསེར་བུམ་དཀྲུགས་ཏེ། ངོས་འཛིན་ཞུ་དགོས་པའི་སློབ་གསོ་སྤེལ་འགོ་ཚུགས། སྐབས་དེར་བཀྲས་ལྷུན་དགོན་པར་གྲྭ་གྲངས་བརྒྱད་བརྒྱ་ལྷག་ཙམ་ཡོད་པ་ཚང་མ་ཞལ་གཅིག་གྲགས་ཀྱིས། ༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ངོས་འཛིན་ཞུ་རྒྱུ་དེ་ནི། ཆོས་ལུགས་ཀྱི་སྲོལ་རྒྱུན་དང་། རྒྱལ་མཆོག་ཡབ་སྲས་གཉིས་ཀྱི་ཐུན་མོང་མ་ཡིན་པའི་འབྲེལ་བ་གཞིར་བཟུང་སྟེ། ༸གོང་ས་མཆོག་ལ་སྐྱབས་འཇུག་ཞུ་དགོས། ཞེས་ལས་དོན་རུ་ཁག་ལ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་། གསེར་བུམ་དཀྲུགས་ཏེ་ངོས་འཛིན་ཞུ་ན་སྐྱོན་ཅི་ཡོད་སྐོར་གསེད་དཀྲོལ་བྱས།         ཕྱོགས་མཚུངས་བོད་ས་སྟོད་སྨད་ཀུན་ནས་བཀྲས་ལྷུན་དགོན་དུ་ཡིག་ངག་གཉིས་ཀྱིས། ༸གོང་ས་མཆོག་ལ།   ༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ངོས་འཛིན་ཡོང་བའི་སྐྱབས་འཇུག་ཞུ་དགོས། ཞེས་རྟིང་སྐུལ་ཡང་ཡང་བཏང་ཡོད།

བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེས་དབུས། སྐབས་དེའི་བཀྲས་ལྷུན་དགོན་པའི་དབུ་ཁྲིད་རྣམས་ཀྱིས་བོད་ཀྱི་དད་ལྡན་སེར་སྐྱ་ཚང་མའི་རེ་འདུན་བཞིན། རྒྱ་གཞུང་ལ་དེའི་ཐད་སྙན་ཞུ་རིམ་པར་ཕུལ་ཡོད་པ་དང་། རྒྱ་གཞུང་གི་འབྲེལ་ཡོད་དཔོན་རིགས་ནས་དེར་ལྡོག་ཕྱོགས་ཀྱི་ལན་འདེབས་སྣ་རེ་བྱེད་པའམ། ལན་འདེབས་མང་ཆེ་བ་རབ་རིབ་ཅིག་ཡིན། གནས་ཚུལ་དེར་བརྟེན། ཚང་མས་རེ་ཞུ་དེ་ནི་རྦད་དེ་སྟོང་བསམ་མ་ཡིན་པ་དང་། ༸རྒྱལ་མཆོག་ཡབ་སྲས་གཉིས་གསེར་ཞལ་ལྷན་འཛོམས་ཀྱི་སྐལ་བཟང་ཞིག་ཀྱང་། མངོན་དུ་འགྱུར་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡོང་སྲིད་པའི་ཚོད་དཔགས་ཀྱི་རེ་བའི་ངང་། ༸གོང་ས་མཆོག་གིས་འཇམ་དཔལ་མཚན་བརྗོད་འབུམ་ཐེར་གསོག་སྒྲུབ་དགོས་པའི་བཀའ་ཕེབས་པ་དེ་ལ། ད་དུང་དགོས་པ་གཞན་ཡོད་པའི་ངོས་འཛིན་བྱས། སྐབས་དེར་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད། ༸རྒྱལ་དབང་མཆོག་ནས་ངོས་འཛིན་ཞུ་དགོས། ཞེས་པའི་སྐད་ཆ་དེ་ཆབ་སྲིད་དང་འགལ་བའི་སྐད་ཆ་མ་ཡིན་ལ། ས་ཆ་གང་དང་མི་སུ་ཡི་མདུན་དུ་ཤོད་པར་ཐེ་ཚོམ་དང་ནེམ་ནུར་བྱེད་དགོས་ཀྱི་མེད། དེར་བརྟེན་བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེས་དབུས། བོད་ཀྱི་ཡང་སྲིད་ཚོགས་ཆུང་གིས་སྤྱི་ལོ་ ༡༩༩༣ ཟླ་ ༧ ཚེས་ ༡༧ ལ། གཞུང་འབྲེལ་ཐོག་༸གོང་ས་མཆོག་ལ་སྙན་ཞུ་ཞིག་ཕུལ་བ་རེད།

འོན་ཀྱང་དུས་ཚོད་མྱུར་མོར་འགྲོ་བ་དང་ཆབས་ཅིག་དཀའ་རྙོག་གི་འཁུར་པོ་ལྕི་པོ་དེ་བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེ་གཅིག་པུའི་ཕྲག་ཐོག་ཏུ་བབས་ཡོད་པ་འདྲ་སྟེ། ཁོང་གིས་སྤྱི་ལོ་ ༡༩༩༥ ཟླ་ ༢ ནང་། ཚོགས་འདུ་ཞིག་གི་སྐབས། ད་བར་ང་ཚོས་༸གོང་ས་མཆོག་ནས་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་ཡོང་བའི་སྐྱབས་འཇུག་ཞུ་རྒྱུའི་ཐད། ཚང་མས་ཐུགས་འདུན་གཅིག་དང་། ཞལ་གཅིག་གྲགས་ཡིན་པ་རླབས་ཆེན་གྱི་མཛད་རྗེས་རེད། ད་དུང་ང་ཚོར་སྔར་ལས་ཀྱང་ཛ་དྲག་ཅིང་གདོང་གཏུག་བྱེད་དགོས་པའི་གནད་དོན་མི་ཉུང་བ་ཞིག་འཕྲད་རྒྱུ་ངེས་གཏན་ཡིན་པས། ཚང་མས་མུ་མཐུད། དམ་ཚིག་གཟོང་ཁ་ཆིག་སྒྲིལ་གྱིས་ཕྱིར་བཤོལ་མཛད་རྒྱུ་མེད་པའི་བཀའ་སློབ་གནང་།

གཞིས་བྱེས་བོད་མི་ཡོངས་ཀྱི་རེ་འདུན་བཞིན། སྤྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནག་ཆུ་ལྷ་རི་རྫོངས་ཁོངས། སྐྱེད་བྱེད་དཀོན་མཆོག་ཕུན་ཚོགས་དང་། སྐྱེད་མ་བདེ་ཆེན་ཆོས་སྒྲོན་ཟུང་གི་ཁྱེའུ་དགེ་འདུན་ཆོས་ཀྱི་ཉི་མ་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ། ངོས་འཛིན་གསལ་བསྒྲགས་བསྐྱངས་པའི་གཏམ་བཟང་ཨ་རིའི་སྒྲ་སྐད་རླུང་འཕྲིན་བརྒྱུད། བོད་ཀྱི་ས་གནས་གང་སར་ཐོས། འོན་ཀྱང་ཉིན་དེ་གར་རྒྱ་ནག་གཞུང་གིས་ཆུང་སྲིད་རིན་པོ་ཆེ་དང་ཡབ་ཡུམ་དང་བཅས་པ་དམ་དྲག་བྱས་པ་དང་། ཕྱི་ཉིན་སྤྱི་ཚེས་ ༡༥ ཉིན་བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེ་དང་། ཁོང་གི་དྲུང་ཡིག་བྱང་པ་གཅུང་ལགས། ཞབས་ཞུ་བ་བཀྲ་ཤིས་བཅས་བོད་དུ་ཕེབས་ལམ་རྒྱ་ནག་སི་ཁྲོན་གྲན་ཌུ་གནམ་ཐང་དུ་བཀག་སྐྱིལ་གྱིས། རྒྱ་གཞུང་གིས་བཏོན་པའི་ཆ་རྐྱེན་ལ་ཞལ་བཞེས་མ་མཛད་རྐྱེན་འཛིན་བཟུང་བྱས་ཤིང་། བོད་ཁྱོན་ཡོངས་སུ་དྲག་དམག་གིས་བསྐངས། གཞིས་རྩེ་དང་རྒྱལ་ས་ལྷ་ས། ནག་ཆུ་བཅས་སུ་མི་གསུམ་ལྷག་འཛོམས་མི་ཆོག་པའི་བཀོད་ཁྱབ་སྤེལ།

ཟླ་བ་དེའི་སྤྱི་ཚེས་ ༡༧ ཉིན་ནས་བཟུང་གཞིས་རྩེ་ས་གནས་སྲིད་འཛིན་ལས་ཁུངས་དང་། ཆོས་དོན་ལས་ཁུངས། འཐབ་ཕྱོགས་གཅིག་འགྱུར་ལས་ཁུངས། གསང་བའི་ལས་ཁུངས། ཉེན་རྟོག་ལས་ཁུངས་བཅས་སྡེ་ཚན་མི་འདྲ་བ་ཁག་ལྔའི་མི་སྣ་ལས་གྲུབ་པའི་ལས་དོན་རུ་ཁག་དང་། དེ་རྗེས་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་རག་སྡིག་དང་རྒྱལ་མཚན་ནོར་བུ་སོགས་ བཀྲས་ལྷུན་དགོན་དུ་ཡོང་ནས་༸གོང་ས་མཆོག་གིས་ཁྱེའུ་དགེ་འདུན་ཆོས་ཀྱི་ཉི་མ། ༸པཎ་ཆེན་གྱི་ཡང་སྲིད་དུ་ངོས་འཛིན་གནང་བ་ཁྲིམས་འགལ་ཡིན་པས། རྩིས་མེད་གཏོང་དགོས་པའི་འཇམ་རྩུབ་ཅི་རིགས་ཀྱི་སློབ་གསོ་ཟླ་བ་གཉིས་ལྷག་ཙམ་ཉིན་མཚན་ལྟོས་མེད་ཀྱིས་སྤེལ་ཞིང་། དེའི་རིང་མཚན་མོ་དགེ་འདུན་པའི་གྲྭ་ཤག་སོ་སོར་ཉེན་རྟོག་པ་དང་དམག་མི་འཛུལ་ཏེ། གསང་བའི་ཐོག་དགེ་འདུན་པ་གྲངས་ ༢༧ བཟུང་བ་དང་། གཞིས་རྩེ་གྲོང་ཁྱེར་ནས་ཀྱང་མི་འགའ་ཞིག་བཟུང་། བཀྲས་ལྷུན་དགོན་པའི་འགོ་ཁྲིད་རྙིང་པ་རྣམས་གནས་དབྱུངས་བཏང་ཞིང་། འགོ་ཁྲིད་གསར་དུ་བསྐོས།

རྒྱ་ནག་གི་ཆེས་གདུག་རྩུབ་ཆེ་བའི་བྱ་སྤྱོད་ལ་ངོ་རྒོལ་ཆེད་བགྲེས་སོང་དཀའ་ཆེན་ཕུར་བུ་སྲིད་མཐར་དང་། གཞོན་སྐྱེས་དབང་འདུད་ཅེས་པས་རང་སྲོག་ལྕེབས། དེ་ལྟར་བོད་དུ་དྲག་གནོན་གྱིས་འགུལ་བསྐྱོད་མེད་པར་བཟོས་པ་དང་། ཆབས་ཅིག་པེ་ཅིང་དུ་བོད་ཀྱི་ཆོས་ཕྱོགས་མི་སྣ་གལ་ཆེ་རྣམས་བསྐོངས་ནས་༸གོང་ས་མཆོག་དང་ ༸ཆུང་སྲིད་བསྟན་འཛིན་དགེ་འདུན་ཆོས་ཀྱི་ཉི་མ། བྱ་བྲལ་རིན་པོ་ཆེ་བཅས་ལ་དགག་པ་རྒྱག་དགོས་པ་དང་། ༸པཎ་ཆེན་གྱི་ཡང་སྲིད་གཞན་ཞིག་གསེར་བུམ་དཀྲུགས་ཏེ་ངོས་འཛིན་ཞུ་རྒྱུའི་གཏན་འབེབས་བྱས།

༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ཀྱི་འོས་སྤྲུལ་གསུམ་གྱི་མིང་བསྡུ་རུབ་བྱས་ཡོད་ཀྱང་། ཁྱེའུ་དགེ་འདུན་ཆོས་ཀྱི་ཉི་མའི་མཚན་དེའི་ཁོངས་བསྡུས་མེད། སྤྱི་ལོ་ ༡༩༩༥ ཟླ་ ༡༡ ཚེས་ ༢༨ ཉིན་ལྷ་ལྡན་གཙུག་ལག་ཁང་དུ། དམག་མིས་དམ་དྲག་ཆེན་པོས། གསེར་བུམ་དཀྲུགས་པའི་ཟོལ་གྱིས་བྱིས་པ་རྒྱལ་མཚན་ནོར་བུ་ཞེས་པ་ཞིག ༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་གསལ་བསྒྲགས་བྱས་པ་མ་ཟད། ཞོགས་པའི་ཆུ་ཚོད་དྲུག་པར་བཙན་སྐུལ་གྱིས་དེད་པའི་བླ་སྤྲུལ་འགའ་ཤས་དང་། བྱིས་པ་རྒྱལ་མཚན་ནོར་བུ་བཅས་གཞིས་རྩེར། ༸པཎ་ཆེན་སྐུ་གོང་མའི་གདན་སར་བསྐོས། ད་བར་བོད་ཀྱི་ས་ཆ་སྟོད་སྨད་བར་གསུམ་དུ་རྒྱལ་མཚན་ནོར་བུ་ལྟ་སྐོར་དུ་ཁྲིད་དེ། ༸པཎ་ཆེན་སྐུ་ཕྲེང་ན་རིམ་ལ་བོད་མི་རྣམས་ཀྱིས་དད་གུས་ཞུ་བ་བཞིན། དེ་ལྟ་བུའི་དད་ཡུལ་དུ་བཀུར་འདོད་ཀྱང་། བོད་མི་རྣམས་ཀྱིས་རྒྱལ་མཚན་ནོར་བུའི་མིང་ལ་པཎ་ཆེན་རྫུན་མ་ཞེས་འབོད་པ་དང་། ཡ་མཚན་ཆེ་བ་ཞིག་ལ། ཆོས་མེད་ལྟ་གྲུབ་འཛིན་པའི་གུང་ཁྲན་ཏང་གིས་པཎ་ཆེན་རྫུན་མར་དད་པ་བྱེད་དགོས་ཞེས་བཙན་ཤེད་བྱེད་ཀྱི་ཡོད་ལ། དེར་མི་དད་པའི་སེར་སྐྱ་དུ་མ་ཞིག་ལས་གནས་ནས་ཕུད་པ་དང་འཇིགས་སྐུལ་ལ་བརྟེན་ནས་བྲོས་བྱོལ་ཕྱིན་པ་གྲངས་ཉུང་མིན།

རྒྱལ་སྤྱིའི་གནོན་ཤུགས་ཀྱིས་ད་བར༸པཎ་ཆེན་བསྟན་འཛིན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐོར་རྒྱ་ནག་གི་གཞུང་འབྲེལ་ཐོག་གསལ་བཤད་ཐེངས་དགུ་ཙམ་བྱས་ཡོད་པའི་ནང་། ཁོང་ཉིད་སྐུ་གཟུགས་བདེ་ཐང་དང་། སློབ་གྲྭར་ཕེབས་ཀྱི་ཡོད་པའི་ཤོད་སྲོལ་ཞིག་བཟུང་ཡོད་པ་ལས། ཐ་ན་སྐུ་འཚོ་བཞུགས་ཡིན་མིན་ཐད་ཀྱང་། མི་རྣམས་ཡིད་ཆེས་འོས་པའི་གནས་ཚུལ་གྱི་ཁུངས་སྣེ་ཞིག་ཀྱང་མེད། འོན་ཀྱང་བོད་མི་རྣམས་ཀྱི་སེམས་དབུས་ནས་དུས་ད་ལྟ་བར་ཁོང་བརྗེད་མེད་ལ། བོད་དོན་ཆེད་སྐུ་ལུས་མཆོད་མེར་འབུལ་མཁན་སྔོན་གཤེགས་དཔའ་བོ་དཔའ་མོ་རྣམས་ཀྱིས་ཀྱང་། ལྷབ་ལྷུབ་ཏུ་འབར་བཞིན་པའི་མེ་དཔུང་དབུས་ནས་ཁོང་བཙོན་གྲོལ་དགོས་པའི་རེ་འདུན་འདོན་བཞིན་ཡོད།

༸པཎ་ཆེན་ངོ་མ་དེ་གར་སོང་ཆ་མེད་བཟོས་ནས་རྫུན་མ་ཞིག་བཙན་བསྐོས་བགྱིས་པ་དེས། རྒྱ་གཞུང་གི་གདུག་རྩུབ་ཀྱི་བྱ་སྤྱོད་འཛམ་གླིང་ཀུན་ལ་དམར་རྗེན་དུ་ཐོན་པ་ལས། བོད་རྒྱ་གཉིས་ཀར་དགེ་ཕན་གྱི་ཆ་ཏིལ་འབྲུ་ཙམ་ཡང་བྱུང་མེད་པའི་ཁར། བོད་མི་མང་གི་སེམས་ཁམས་ལ་ཕོག་ཐུག་ཆེན་པོ་ཞིག་བཏང་སྟེ། བོད་རྒྱ་གཉིས་འགལ་བའི་ཕུང་པོ་གསར་པ་ཞིག་བསྐྲུན་པ་དང་། མ་འོངས་༸གོང་ས་ཏཱ་ལའི་བླ་མས་དབུས་བོད་ཀྱི་བླ་ཆེན་རྣམས་ཀྱི་ཡང་སྲིད་ཐད་ཀྱང་། བོད་མི་རྣམས་ཀྱིས་སྦིར་གསང་དོད་པོ་བྱེད་དགོས་པའི་ལྡོག་ཕྱོགས་ཀྱི་བརྡ་ཞིག་ཀྱང་རང་བཞིན་གྱིས་སྤྲད་ཡོད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

3 thoughts on “༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཀྱི་དོན་རྐྱེན་གླེང་བ།

  1. ངས་པོ་རྒྱལ་མཚན།

    ད་ནིང་བཀའ་སྤྱི་མཉམ་རུབ་ཐོག་རྒྱལ་སྤྱི་དང་རྒྱ་གར་ནང་ལས་འགུལ་སྤེལ་སྐབས་བོད་ཀྱི་ལས་དོན་སྐོར་ལ་དོན་ཚན་མང་པོ་ཞིག་བྲིས་འདུག་ཀྱང་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་སྐོར་ལ་ཡིག་འབྲུ་ཚིག་གཅིག་ཀྱང་མཐོང་རྒྱུ་མི་འདུག་པས་ཅི་འདྲའི་ཡིད་སྐྱོ་དགོས་པ་ཞིག་མ་རེད་དམ།

  2. ཀརྨ་རྡོ་རྗེ།

    ༸པཎ་ཆེན་སྐུ་ཕྲེང་བཅུ་པ་རང་གི་གདན་ས་གཞིས་རྩེ་བདེ་ཆེན་ཕོ་བྲང་དུ་གློ་བུར་དགོངས་པ་རྫོགས་སྟངས་ལ། སྙུང་གཞི་བཞེས་ནས་གྲོངས་པ་ཡིན་ནམ། དུག་ཕུལ་ནས་བཀྲོངས་པ་རེད་དམ། གསལ་སྟོན་སུས་གནང་ཐུབ་བམ།

  3. ཀརྨ་རྡོ་རྗེ།

    ་་་་་་
    རྒྱ་ནག་གི་ཆེས་གདུག་རྩུབ་ཆེ་བའི་བྱ་སྤྱོད་ལ་ངོ་རྒོལ་ཆེད་བགྲེས་སོང་དཀའ་ཆེན་ཕུར་བུ་སྲིད་མཐར་དང་། གཞོན་སྐྱེས་དབང་འདུད་ཅེས་པས་རང་སྲོག་ལྕེབས། དེ་ལྟར་བོད་དུ་དྲག་གནོན་གྱིས་འགུལ་བསྐྱོད་མེད་པར་བཟོས་པ་དང་། ཆབས་ཅིག་པེ་ཅིང་དུ་བོད་ཀྱི་ཆོས་ཕྱོགས་མི་སྣ་གལ་ཆེ་རྣམས་བསྐོངས་ནས་༸གོང་ས་མཆོག་དང་ ༸ཆུང་སྲིད་བསྟན་འཛིན་དགེ་འདུན་ཆོས་ཀྱི་ཉི་མ། བྱ་བྲལ་རིན་པོ་ཆེ་བཅས་ལ་དགག་པ་རྒྱག་དགོས་པ་དང་། ༸པཎ་ཆེན་གྱི་ཡང་སྲིད་གཞན་ཞིག་གསེར་བུམ་དཀྲུགས་ཏེ་ངོས་འཛིན་ཞུ་རྒྱུའི་གཏན་འབེབས་བྱས། ་་་་་ཟེར།