རིན་ཐང་བོར་གྱིན་པའི་ཚོཊ་ཆེན་དག

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་  སྟེང་གི་རྩོམ་སྒྲིག་པའི་གཏམ།

ཉིས་སྟོང་བརྒྱད་ལོར་བོད་ནང་ས་བྱི་ཞི་རྒོལ་བྱུང་རྗེས་༧གོང་ས་མཆོག་གི་བཀའ་འབྲེལ་འོག ངྷ་རམ་ས་ལར་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་ཚོགས་པ་རེད། སྐབས་དེར་བཙན་བྱོལ་སྤྱི་ཚོགས་ཁྱོན་ཡོངས་ཚ་ཚ་འུར་འུར་ཆགས་ཤིང་། རྒྱལ་སྤྱིའི་ཐོག་དང་རྒྱ་ནག་གཞུང་ལའང་རྣམ་འགྱུར་དང་བརྡ་ལན་གསལ་བོ་ཞིག་འཁྱོལ་ཡོད། ཚོགས་ཆེན་གྱི་ཐོག་མའི་སྣང་བརྙན་འདྲ་ཆགས་པོ་དེ་རིམ་གྱིས་ཡལ་རྗེས། ཚོགས་ཆེན་གྱི་གྲོས་ཆོད་ཁག་ལག་ལེན་བསྟར་ཐུབ་ཡོད་མེད་ཀྱི་གླེང་སློང་ཞིག་གཞི་ནས་མགོ་འབུས། འདི་དམིགས་བསལ་ཚོགས་ཆེན་ཙམ་མ་རེད། བཙན་བྱོལ་ནང་གི་ཚོགས་འདུ་ཆེ་ཆུང་ཚང་མའི་ནང་། ཐོག་མའི་གྲོས་ཆོད་དང་རྗེས་ཀྱི་ལག་ལེན་གཉིས་ཡ་བྲལ་ཏུ་འགྲོ་བའི་ལང་ཤོར་གྱི་གོམས་སྲོལ་འདིའི་འོག་ནས་བྱུང་བ་རེད། 

    དམིགས་བསལ་ཚོགས་ཆེན་ལ་མི་མང་གི་ཡིད་ཆེས་ཆུང་དུ་འགྲོ་དོན་ཚོགས་ཆེན་འདི་བཅའ་ཁྲིམས་དོན་ཚན་ང་དགུའི་དགོངས་དོན་ཡིན་པ་ཙམ་ལས། ཚོགས་ཆེན་འདིའི་གྲོས་ཆོད་ལག་ལེན་བསྟར་ཕྱོགས་བཅའ་སྒྲིག་གང་དུ་ཡང་འཁོད་མེད། གྲོས་ཆོད་གང་ཞིག་བཞག་ཀྱང་དེ་ལ་ཁྲིམས་ཐོག་ན་བརྡ་འདེད་གཏོང་མཁན་མེད། གཉིས་པ་དེ་སྔ་དམིགས་བསལ་ཚོགས་ཆེན་གཅིག་དང་། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གྲོས་ཆོད་ཁག་ལག་བསྟར་བྱས་པ་འདི་ཡིན་དང་གྲུབ་འབྲས་ཐོན་པ་དེ་ཡིན་སྟོན་རྒྱུ་མེད། ལྷག་པར་དུ་ཚོགས་ཆེན་རིམ་པ་ཚོགས་ཀྱང་བསམ་ཚུལ་གསར་པ་དང་དམིགས་བསལ་ཐབས་ལམ་འདོན་ཐུབ་མེད་ལ། ད་རེབ་ཀྱང་གྲོས་ཆོད་ཀྱི་གྲངས་ཀ་མང་ཡང་སྤུས་ཚད་ཞན། རྒྱུ་མཚན་འདི་དག་གི་འོག་ནས་མང་ཚོགས་ཀྱི་སེམས་ནང་ཚོགས་ཆེན་འདིའི་རིན་ཐང་བོར་གྱིན་ཡོད།  

    མ་གཞི་ད་ལོའི་དམིགས་བསལ་ཚོགས་ཆེན་གྱི་གྲོས་གཞི་ཧ་ཅང་གལ་ཆེན་རེད་ལ་དུས་ཚོད་ཀྱང་གཉན་འཕྲང་ཞིག་ལ་ཁེལ་ཡོད། ད་ལོར་དམིགས་གསལ་ཚོགས་ཆེན་གྲགས་འགུལ་མེད་པར་ཚོགས་སོང་ལ་གྲོས་དོན་ལ་གྲུབ་འབྲས་མེད་པར་གྲོལ་སོང་ཟེར། འདི་ཚོགས་བཅར་བ་ཞིག་གིས་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པར་བཞག་པའི་སྡོམ་ཚིག་རེད། ཚོགས་འདུ་དབུ་འཛུགས་ཉིན་ནས་ཕྱི་ལོགས་ན་ཚོགས་བཅར་བའི་སྤུས་ཚད་ཞན་རབས་གླེང་གི་འདུག བགྲོ་གླེང་གི་གནས་ཚད་ཀྱང་ཧ་ཅང་དམའ་བོ་ཡིན་རབས་ཐོས། བཀའ་ཟུར་དང་སྤྱི་ཟུར་ཉམས་མྱོང་ཅན་ཚོ་དང་། ཆབ་སྲིད་པ་དང་ལས་འགུལ་བ་ཤེས་འཇོན་ཅན་མང་པོ་ཞིག་ཚོགས་བཅར་ཞུས་མི་འདུག་ཟེར། ཚོགས་ཆེན་དངོས་གཞིའི་ཐོག་རྒན་པའི་ཁ་སྟབས་ཀྱིས་གཞོན་པའི་བསམ་འདུན་བཀག་རབས་ཀྱང་བཤད།

            ད་ལོའི་དམིགས་བསལ་ཚོགས་ཆེན་གོ་སྒྲིག་བྱེད་སྟངས་ཅུང་ཡ་མཚན་ཅན་ཞིག་ཆགས་ཡིན། སྤྱི་འཐུས་གྲོས་ཚོགས་སྔོན་ལ་ཚོགས་ཏེ་དམིགས་བསལ་ཚོགས་ཆེན་རྗེས་ལ་བཞག་ཡོད། འདིས་བཀའ་སྤྱི་གཉིས་ཀྱིས་དམིགས་བསལ་ཚོགས་ཆེན་ལ་རེ་བ་དང་ཡིད་ཆེས་ཅི་ཙམ་བཅོལ་ཡོད་མེད་གསལ་བོར་བསྟན་ཡོད། དམིགས་བསལ་ཚོགས་ཆེན་ལ་རིན་ཐང་ཅི་ཙམ་སྤྲོད་མིན་བཀའ་སྤྱི་གཉིས་ལ་ཐུག་ཡོད། བཅའ་ཁྲིམས་ནང་དམིགས་བསལ་ཚོགས་ཆེན་གྱི་འགན་དབང་ཡོངས་རྫོགས་བཀའ་སྤྱི་གཉིས་ལ་བསྐུར་ཡོད། ཉེ་ལམ་སྤྱི་འཐུས་ཤིག་གིས་སྒེར་གྱི་གྲོས་འཆར་ཞིག་གྲོས་ཚོགས་ནང་ཕུལ་ཏེ། དམིགས་བསལ་ཚོགས་ཆེན་ལ་རིན་ཐང་ཡོང་ཐབས་སུ་གྲོས་ཆོད་ཁག་ལག་བསྟར་དགོས་པ་དང་། འབྱུང་འགྱུར་དམིགས་བསལ་ཚོགས་ཆེན་སྟེང་གི་གྲོས་ཆོད་ཁག་ལ་ཁྲིམས་ཀྱི་ནུས་པ་ཡོད་པའི་ལམ་ཁ་བཟོ་དགོས་པའི་བསམ་ཚུལ་བཏོན་པར། སྤྱི་འཐུས་སྐོར་ཞིག་གིས་དགག་གཞག་སྤང་གསུམ་གྱི་འཁོར་གསུམ་བསྐོར་ནས་གྲོས་ཆོད་དེ་ཟགས་སོང་ལ། དམིགས་བསལ་ཚོགས་ཆེན་ཡང་གཡང་ཞབས་ལ་གཡུགས་སོང་ངོ་།།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply