བོད་མིའི་རེ་བ་དང་། ཀྲུང་གོའི་རྨི་ལམ།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་  སྟེང་གི་རྩོམ་སྒྲིག་པའི་གཏམ།

ཉེ་ལམ་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གཉིས་སྔ་རྗེས་སུ་ཚོགས་ཏེ། རྒྱ་ནག་གི་སྐབས་ལྔ་པའི་མགོ་ཁྲིད་དག་བསྐོ་བཞག་ཡོངས་བསྒྲགས་བྱས། སྤྱིར་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཟེར་བ་འདི་གཟི་བརྗིད་ཀྱིས་སྤྲས་པའི་མིང་ཞིག་ཡིན། རྒྱ་ནག་གི་དམངས་ཆེན་ལ་རྒྱལ་སྤྱིའི་ཐོག་དོ་སྣང་སྤྲོད་མཁན་མེད་ལ་ཐ་ན་རྒྱ་ནག་མི་མང་ཁྲོད་དུའང་གུས་བརྩི་ཞུ་མཁན་དཀོན། ཚོགས་བཅར་བ་མང་ཆེ་ཤས་ཏང་ལ་བསྟོད་གླུ་ལེན་མཁན་གྱི་གཞས་པ་གཞས་མ་དང་། གོ་གུང་དམག་འཁྲུག་དང་གྲངས་ཉུང་མི་རིགས་སྐོར་གྱི་གློག་བརྙན་འཁྲབ་སྟོན་པ། ཏང་གི་རྒྱལ་གཅེས་ཆོས་གཅེས་ཉམས་ལེན་པ་ཞེ་གཅིག་ཡིན།

            རྒྱ་ནག་གི་རྩ་ཁྲིམས་ནང་ མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་རང་རྒྱལ་གྱི་དབང་ཆ་ཡོངས་སུ་རྫོགས་པ་མི་དམངས་ལ་དབང་བ་དང་། མི་དམངས་ཀྱིས་ཡོངས་ཁྱབ་འོས་བསྡུའི་རྨང་གཞིའི་སྟེང་འཐུས་མི་འདེམས་གཏོང་གིས། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་། ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་ཁག་རྒྱལ་ཁབ་ཀྱི་དབང་ཆ་ཁྱབ་བསྒྱུར་བྱེད་མཁན་སྡེ་ཁག་ཏུ་འགྲུབ་པར་བྱེད་དགོས། རྒྱལ་ཁབ་ཀྱི་ལས་ཁུངས་གཞན་དག་ནི་མི་དམངས་འཐུས་མི་ཚོགས་ཆེན་ནས་འོས་བསྡུ་བརྒྱུད་ཡོངས་དགོས་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱིས་ལྟ་སྐུལ་བྱེད་དགོས། མི་དམངས་འཐུས་མི་ཚོགས་ཆེན་ལ་འགན་ཁུར་དགོས། དམངས་འཐུས་རྒྱུན་ལས་ལྷན་ཚོགས་ཀྱིས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་ལ་འགན་ཁུར་དགོས་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱིས་མི་དམངས་ལ་འགན་ཁུར་དགོས།ཞེས་བཀོད་ཡོད། ཡིན་ནའང་ཏང་གི་སྒྲིག་འཛུགས་དང་སྲིད་གཞུང་གཉིས་བར་ས་མཚམས་གསལ་བོ་མེད། གསལ་ཐག་ཆོད་ཅིག་ཡོད་པ་ནི་ ཐོག་མཐའ་བར་གསུམ་དུ་ཏང་གིས་ཡོད་ཚད་ལ་མགོ་ཁྲིད་བྱེད་དགོས་པའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོསཟེར་བ་འདི་ཡིན།

            ད་རེབ་ཞི་ཅིན་ཕིན་རྒྱ་ནག་གི་སྲིད་འཛིན་དང་ལི་ཁེ་ཆང་སྲིད་བློན་དུ་བསྐོ་བཞག་ཁྲིམས་མཐུན་བཟོས་མ་ཐག ར་ཤི་ཡའི་སྲིད་འཛིན་པུ་ཊིན་གཙོས་པའི་ཨེ་ཤ་ཡའི་མཐུན་ཕྱོགས་རྒྱལ་ཁབ་ཁག་ཅིག་དང་། ཨ་རབ་དང་ལྷོ་ཨ་ཧྥི་རི་ཀའི་ཉམ་ཐག་རྒྱལ་ཁབ་སྐོར་ཞིག་གིས་བཀྲ་ཤིས་བདེ་ལེགས་ཞུས། ཨ་རི་དང་དབྱིན་ཡུལ། འཇར་མན་དང་ཧྥ་རན་སི། རྒྱ་གར་སོགས་དམངས་གཙོའི་རྒྱལ་ཁབ་ཁག་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གི་ཟློས་གར་དེར་ལྟ་འདོད་མ་སྐྱེས། བོད་པ་ཚོས་ཞི་ཡི་ཨ་ཕ་དང་༧གོང་ས་མཆོག་གཉིས་བར་འབྲེལ་བ་བྱུང་མྱོང་སྐོར་བསྐྱར་དུ་གླེང་ཞིང་། རྒྱལ་སྤྱིའི་ཐོག་ཏུ་ཡང་ཞི་ཡིས་ཕྱི་རྒྱལ་ནས་སློབ་གསོ་མྱངས་རབས་བཤད་མཁན་ཡང་རེ་ཟུང་ཡོད། བོད་མི་མང་སྤྱི་འཐུས་ཚོགས་གཙོས་ཀྱང་གྲོས་ཚོགས་དབུ་འཛུགས་གཏམ་བཤད་ནང་ཞི་ཡི་བཀའ་མོལ་གནང་སྟངས་ཡག་པོ་འདུག་ཟེར། པེ་ཅིན་གྱི་ཚོགས་ཆེན་མཇུག་བསྡོམས་སྟེང་། ཞི་ཡིས་ཏུན་ཞོ་ཕིན་གྱི་རིག་པའི་གཞུང་ལུགས་དང་། ཅང་ཙི་མིན་གྱི་མཚོན་བྱེད་གསུམ། ཧུའུ་ཅིན་ཐོ་ཡི་ཚན་རིག་གི་འཕེལ་རྒྱས་ལྟ་བ་གསུམ་རྩལ་དུ་བཏོན་ཏེ་བཟླས།

            སློབ་ཚན་གསར་པ་ཞིག་ཡོད་པ་ནི། ཀྲུང་གོའི་རྨི་ལམ་མངོན་འགྱུར་བྱེད་ན་ངེས་པར་དུ་ཀྲུང་གོའི་བགྲོད་ལམ་དུ་འགྲོ་དགོས། འདི་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རེད། ཀྲུང་གོའི་རྨི་ལམ་མངོན་འགྱུར་བྱེད་ན་ངེས་པར་དུ་ཀྲུང་གོའི་སྙིང་སྟོབས་དར་སྤེལ་གཏོང་དགོས། འདི་ནི་རྒྱལ་གཅེས་རིང་ལུགས་སྲོག་ཤིང་ཡིན་པའི་མི་རིགས་ཀྱི་སྙིང་སྟོབས་དང་། བཅོས་བསྒྱུར་གསར་བསྐྲུན་སྲོག་ཤིང་ཡིན་པའི་དུས་རབས་ཀྱི་སྙིང་སྟོབས་ཡིན། ཀྲུང་གོའི་རྨི་ལམ་མངོན་འགྱུར་བྱེད་ན་ངེས་པར་དུ་ཀྲུང་གོའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་དགོས། འདི་ནི་ཀྲུང་གོའི་རིགས་སོ་སོའི་མི་དམངས་མཐུན་སྒྲིལ་ཆེན་པོ་བྱེད་པའི་སྟོབས་ཤུགས་ཡིན། ཀྲུང་གོའི་རྨི་ལམ་ནི་མདོར་ན་ཀྲུང་གོའི་མི་དམངས་ཀྱི་རྨི་ལམ་ཡིན་ལ། ངེས་པར་དུ་མི་དམངས་དང་དམ་པོར་འབྲེལ་ནས་མངོན་འགྱུར་བྱེད་དགོསཞེས་པ་འདི་ཀྲུང་གོའི་རྨི་ལམ་རྨི་ཕྱོགས་དང་དང་བོད་མི་རེ་བས་ཕོངས་སྟངས་ཡིན།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply