ལྷ་སའི་ཏང་གི་སྣང་བརྙན།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་  སྟེང་གི་རྩོམ་སྒྲིག་པའི་གཏམ།

རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་དང་རྒྱ་མི་རིགས་རྐྱང་པའི་ས་ཁུལ་ཁག་ཏུ་རྒྱ་ནག་གི་དར་དམར་མཐོང་རྒྱུ་དཀོན་ལ། དམག་སྒར་དང་སློབ་གྲྭ་ཁག་ལས་རྒྱ་ནག་གི་རྒྱལ་གླུ་ཡང་ཐོས་པ་དཀའ། བོད་ནང་བོད་པའི་རྒྱལ་དར་འཕྱར་དབང་མེད་པ་གནས་ཚུལ་གཞན་ཞིག་རེད་ལ། བཙན་བྱོལ་སྤྱི་ཚོགས་ནང་བོད་མི་ཚོས་བོད་པའི་རྒྱལ་དར་བསྒྲེངས་རྒྱུར་སྤྲོ་བ་ལས་ལྷག་ཅིག རྒྱ་གཞུང་གིས་བོད་པའི་རྒྱལ་ས་ལྷ་སར་རྒྱ་ནག་གི་རྒྱལ་དར་བསྒྲེངས་ཏེ་རྒྱལ་གླུ་གྱེར་དགོས་པའི་རྔམ་སྐྲག་ཅིག་གང་ནས་ཇི་ལྟར་བྱུང་བ་ཡིན་ནམ། རྒྱ་ནག་གཞུང་ལ་མཁོ་བ་ནི་བོད་པའི་ས་ཡིན་མོད། དེ་ལས་ཀྱང་མཁོ་གལ་ཆེ་བ་ནི་བོད་མིའི་སེམས་ཡིན།

        གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕོ་འགྱུར་དང་ཏང་གི་བཅོས་བསྒྱུར་སྒོ་འབྱེད་ཅེས་སོགས་གླེང་ཡོང་སྐབས། བོད་མི་ཚང་མའི་སེམས་སུ་རྒྱ་གཞུང་གི་བོད་ཞི་བའི་བཅིངས་འགྲོལ་ཟེར་བའི་དྲིལ་བསྒྲགས་དེ་དག་དྲན་ཡོང་གི་ཡོད། ད་དུང་འདི་དང་འདི་ལྟ་བུའི་རིག་གསར་བརྗེ་རྗེས་ཀྱི་བརྡ་གསར་མང་དག་ཅིག་གིས་བོད་མི་ཚོར་སུན་པོ་བཟོ་བཞིན་ཡོད། ཉེ་ཆར་བོད་ཀྱི་རྒྱལ་ས་ལྷ་སར་བོད་ཞིང་བྲན་ཁྲི་ཚོ་བརྒྱ་ཞི་བའི་ཡར་ལངས་བཅིངས་འགྲོལ་བཏང་སྟེ་ལོ་ངོ་ང་གསུམ་འཁོར་བའི་མཛད་སྒོ་ཟེར་བ་ཞིག་པོ་ཏ་ལའི་ཐང་ཆེན་དུ་རྔམ་རྔམ་རྫིག་རྫིག་གིས་ཚོགས་ཏེ། རྒྱ་ནག་གི་རྒྱལ་དར་བསྒྲེངས་ཏེ་རྒྱལ་གླུ་ཤུགས་ཀྱིས་གཏོང་དུ་བཅུག་སོང་། 

        བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་གཙོས་པའི་ཏང་སྲིད་དམག་གསུམ་གྱི་མགོ་ཁྲིད་དག་དང་། ལས་ཁུངས་ཁག་གི་ལས་བྱེད། སློབ་གྲྭ་ཁག་གི་སློབ་ཕྲུག གདན་ས་གསུམ་གྱི་གྲྭ་པ། རྒན་སྐྱོང་ཁང་གི་བརྒས་འཁོགས་ཚུན་འཁྲིད་ནས་ཡོང་ནས་གུང་ཁྲན་ཏང་ལ་བསྟོད་གླུ་ལེན་དུ་བཅུག་ཅིང་། སྤྱི་ཚོགས་གསར་རྙིང་པར་སྐྱོན་བརྗོད་དང་སྤྱི་ཚོགས་གསར་པར་དགའ་འབོད་བྱེད་དུ་བཅུག་སོང་། འོན་ཀྱང་འདི་ནི་ལྷ་སའི་ཨ་མ་ལྷ་སའི་ཇོ་བོར་མ་མཇལ་ཞེས་པའི་དཔེ་ལྟར། ལྷ་སའི་བོད་མི་ཚོའི་རྣ་བར་གོམ་དྲགས་ཤིང་མིག་ལ་འདྲིས་ཆེ་ནས་ལྷ་ས་སྔར་བཞིན་ལྷ་ས་ཡིན་མོད། ཁམས་དང་ཨ་མདོའི་མཇལ་སྐོར་བ་དང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་ཚོས་ལྷ་ས་ན་བོད་དོན་བསྐྱར་དུ་གླེང་གི་ཡོད་པ་ཐོས་ཡོད་ལ། ཏང་གི་སྣང་བརྙན་འདར་གི་ཡོད་པ་གསལ་བོར་མཐོང་ཡོད།

        ལྷ་སའི་ཁང་ཁྱིམ་དག་གི་སྟེང་དུ་བོད་པའི་དར་ལྕོག་ལས་རྒྱ་ནག་གི་རྒྱལ་དར་མང་བ་དང་། གྲོང་ཁྱེར་སྲང་ལམ་ཁག་ཏུ་གློག་བརྙན་འཁྲབ་སྟོན་པ་དང་གཞས་པ་གཞས་མའི་བརྙན་པར་ཚོང་འཕྲིན་སྦྱར་ཤོག་ལས། མའོ་དང་ཏིན། ཅིང་དང་ཧུའུ་སོགས་དམར་ཤོག་མི་རབས་བཞི་ཡི་མགོ་ཁྲིད་དག་གི་དབུ་བརྙན་ཆེ་བ་དང་མཚོན་མདངས་བཀྲ་བ་ཡོད། ཚོང་ཁང་དང་ཟ་ཁང་མགྲོན་ཁང་སོགས་ཀྱི་སྒོ་བྱང་ཡང་གུང་ཁྲན་ཏང་གིས་བསྒྲིབས་ཏེ། རྒྱལ་སྤྱིའི་སྡིངས་ཆར་དྲན་ངོར་ལྷ་སའི་གུང་ཁྲན་ཏང་གི་སྣང་བརྙན་འཇོག་ཐབས་དང་། བོད་མིའི་སེམས་ངོར་གུང་ཁྲན་ཏང་གི་བཀའ་དྲིན་བརྐོ་ཐབས་བྱས་ཏེ་ལོ་ངོ་ང་གསུམ་ཕྱིན་ཡང་། ལྷ་ས་ན་ངྷ་སའི་གསུམ་བཅུའི་དུས་དྲན་གྱི་སྐད་འབོད་ཇེ་གསལ་དུ་འགྲོ་བཞིན་ཡོད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply