གཞོན་ནུའི་ཧོལ་རྒྱུག

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་  སྟེང་གི་རྩོམ་སྒྲིག་པའི་གཏམ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་འདི་ཐོག་མ་ནས་ལས་འགུལ་ཚོགས་པ་ཞིག་གམ། སྤྱི་ཚོགས་ཞབས་ཞུའི་ཚོགས་པ་ཞིག་གི་ངོ་བོར་སྐྱེ་འཕེལ་བྱུང་ཡོད། སྐབས་དེའི་བོད་གཞུང་དང་གཞོན་ནུའི་ཚོགས་མི་རྒན་རབས་པ་དག་གི་ཕུགས་འདུན་དང་རྨི་ལམ་ཡང་དེ་ཡིན། གཞོན་ལྷན་དབུ་བརྙེས་པའི་མཛད་སྒོའི་སྟེང་༧གོང་ས་མཆོག་གིས་གཞོན་ནུ་ཚོགས་ཏེ་ག་རེ་བྱེད་དགོས་ཟེར་ན། རྒྱ་ཆེའི་མི་མང་ལ་ཞབས་འདེགས་ཞུ་དགོས། རྒྱ་ཆེའི་མི་མང་ལ་ཞབས་འདེགས་ཞུ་བར་རྒྱ་ཆེའི་མི་མང་དང་འགྲོགས་ཏེ་རྒྱ་ཆེའི་མི་མང་གི་དཀའ་སྡུག་དེ་རང་གིས་ཉམས་སུ་མྱོང་བའི་ཐོག་ནས་མགོ་འཁྲིད་མཁན་ཞིག་དགོས་པ་མ་གཏོགས། མགོ་འཁྲིད་མཁན་དེ་མང་ཚོགས་དང་ཁ་བྲལ་ན་ཡོང་ཐབས་ཡོད་པ་མ་རེད་ཅེས་གསུངས་ཡོད།

            གཞོན་ནུའི་ཚོགས་ཆེན་དང་པོའི་སྟེང་གི་སྤྱི་མོས་གྲོས་ཆོད་དོན་ཚན་བཞི་བའི་ནང་། ༧གོང་ས་མཆོག་གི་དབུ་འཁྲིད་ལམ་སྟོན་འོག་ཤར་སྐྱོད་ཐུབ་པ་དང་། བཀའ་དགོངས་ནམ་ཡང་འགལ་མེད་ཞུ་རྒྱུའི་ཐོག་བོད་གཞུང་དམངས་ཀྱི་སྤྱི་དོན་ལ་ལྷག་བསམ་ཟོལ་མེད་ཀྱིས་འཕྱར་བ་གྲུ་འདེགས་ཞུ་རྒྱུ་ཡིན་ཞེས་འཁོད་འདུག གྲོས་ཆོད་འདི་ག་དུས་ཤིག་ལ་ཕྱིར་འཐེན་བྱས་མིན་མ་ཤེས་མོད། གྲོས་ཆོད་དེའི་འབྲུ་དོན་ཁག་སྐབས་བཅུ་གཉིས་བཅུ་གསུམ་ནས་གཞོན་ནུའི་དབུས་རྒྱུན་རིམ་པའི་དྲན་ངོས་ནས་རྩ་བརླག་ཏུ་ཕྱིན་ཡོད། ད་དུང་། སྒྲིག་འཛུགས་འདི་ཉིད་སྲིད་དོན་གྱི་ཚོགས་པ་ཞིག་མིན་པར་ལས་འགུལ་རང་བཞིན་གྱི་ལྷན་ཚོགས་ཤིག་ཡིན་པ་དེ་ནི་སྒྲིག་འཛུགས་འདིའི་ས་མཚམས་དང་། མ་འོངས་པར་སྒྲིག་འཛུགས་ཡུན་གནས་ཀྱི་ལྕགས་རི་ཡིནཞེས་པའི་སྐད་ཆ་དག་ཀྱང་རང་གིས་རྡོག་བརྫིས་བྱས་ཡོད།

            ཉིན་འདི་འགར་བོད་པའི་སྤྱི་ཚོགས་ནང་གཞོན་ལྷན་ཐོག་གླེང་སློང་ཤུགས་ཆེ་རུ་འགྲོ་བཞིན་འདུག གཞོན་ནུའི་རང་བཙན་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་མིན་གྱི་བཤད་ཚུལ་བར་བསླེབས་ཡོད། གཞོན་ལྷན་འདི་ཐོག་མ་ནས་ལབ་གླེང་དང་འགྲོག་ནས་ཡོང་བ་ཞིག་ཡིན་ཞིང་། སྤྱི་ཚོགས་གང་ཞིག་ཏུ་ཚོགས་པ་དང་མི་སྒེར་སུ་ཞིག་གིས་འཕག་འཚག་ཆེ་ཙམ་རྒྱག་གི་ཡོད་ན། དེ་ལ་སྤྱི་ཚོགས་ནང་ལབ་གླེང་དང་གནོན་ཤུགས་མང་བ་ཆོས་ཉིད་ཡིན། བོད་པའི་འཐབ་རྩོད་ལོ་རྒྱུས་ཁྲོད་ཚོགས་པ་འདིས་བོད་པ་རང་གི་སྤྱི་ཚོགས་དང་ཁ་གཏད་རྒྱ་གཞུང་གཉིས་ཀྱི་སེམས་ངོས་ན་གོ་གནས་གལ་ཆེན་བཟུང་ཡོད་པ་སུས་ཀྱང་བསྙོན་ཐབས་མེད།       

གཞོན་ནུའི་ལས་འགུལ་རིགས་ལམ་ལྷོངས་བྱུང་ཡོད་མེད་གནས་སྐབས་ཙམ་རེད་ལ། དབུས་བརྒྱུན་ནང་ཁུལ་གྱི་གླེང་རྙོག་དག་ཀྱང་བྱེ་བྲག་ཅིག་རེད། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་འགྲན་སེམས་ཀྱི་ཧོལ་རྒྱུག་དང་སྟོང་བསམ་དེ་དག་གིས་གཞོན་ནུ་ལྷན་ཚོགས་འདི་བོད་རྒྱ་ཆེའི་མི་མང་དང་བར་ཐག་ཇེ་རིང་དུ་ཕྱིན་ཡོད་ལ། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་འབྲེལ་ལམ་ཞུ་ཕྱོགས་ཀྱང་ཉིན་རེ་བཞིན་ཛ་དྲག་གི་ངོ་བོར་འཕེལ་བཞིན་ཡོད། 

            ཟླ་འདིའི་མཇུག་ཏུ་གཞོན་ནུའི་ཚོགས་ཆེན་བཅོ་ལྔ་པ་ཚོགས་འཆར་ཡོད། ད་ལྟ་གཞོན་ནུ་ལ་གདམ་ག་གཉིས་ལས་ལྷག་མེད། ས་གནས་མི་མང་དང་གཞོན་ནུའི་ཚོགས་མི་རྒན་གྲས་དག་གི་སེམས་ངོས་ན་རྡོ་ལ་རི་མོ་བརྐོས་པ་བཞིན་ཉར་ཡོད་པའི་ཐོག་མའི་དམ་བཅའ་དེ་དག་སྟེང་དུ་གཞོན་ལྷན་བསྐྱར་བཞེངས་བྱ་རྒྱུ་ཡིན་ནམ། བོད་མིའི་སྒྲིག་འཛུགས་དང་༧གོང་ས་མཆོག བོད་རྒྱ་ཆེའི་མི་མང་གི་བྲང་གཞུང་གཤགས་ནས་རྟ་རྒྱུག་བྱས་ཏེ། རྒྱལ་ཁབ་རང་བཙན་པ་ཞིག་གི་ཆབ་སྲིད་ཚོགས་པ་རང་རྐྱ་བ་ཞིག་ངོ་བོར་གཞོན་ལྷན་གསར་འཛུགས་བྱ་རྒྱུ་ཡིན། འདི་ད་རེབ་ཁ་གསལ་བཟོ་དགོས་པའི་གྲོས་གཞི་དང་པོ་དེ་ཡིན་ལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཟེར་བའི་སྐད་པོ་ཆེ་འདི་འཆི་དང་གསོན་གྱི་གདམ་ག་ཡང་འདི་ཡིན།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply