བཙན་པོའི་སྙིང་སྟོབས། – འགར་རྩེ་འཇིགས་མེད།

 <<བཙན་པོའི་སྙིང་སྟོབས>> ཞེས་པ་འདི་ནི་རྩོམ་པ་པོ་གྲྭ་འགར་རྩེ་འཇིགས་མེད་ལགས་ཀྱིས་བོད་ནང་གི་རང་ལུས་མེར་བསྲེགས་སྐོར་བརྗོད་གཞི་གཙོ་བོར་བཟུང་སྟེ་བྲིས་པའི་དཔེ་དེབ་ཅིག་ཡིན། འདི་ལོའི་ཕྱི་ཟླ་ ༡ པོའི་ནང་རྒྱ་གཞུང་གིས་ཁོང་ཐེངས་གཉིས་པར་འཛིན་བཟུང་བྱས་ཤིང་། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་རྨ་ལྷོ་རྩེ་ཁོག་རྫོང་མི་དམངས་ཁྲིམས་ཁང་གིས་ལོ་ ༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད།

རྩོམ་པ་པོ་འགར་རྩེ་འཇིགས་མེད་ལགས་ནི། མདོ་སྨད་རྨ་ལྷོ་རྩེ་ཁོག་རྫོང་དགོན་ཤུལ་སྒར་བ་ནས་སྐྱེས་ཏེ་འགར་རྩེ་དགོན་པའི་ཆོས་སྒོར་ཞུགས། སྔ་ཕྱིར་རྩོམ་ཡིག་བརྒྱ་ལྷག་བོད་ནང་གི་དུས་དེབ་དང་ཚགས་པར་སོགས་སུ་བཀོད་མྱོང་ཞིང་། ༢༠༠༨ ལོར་<<བཙན་པོའི་སྙིང་སྟོབས>> འདོན་ཐེངས་དང་པོ་བཏོན་ཏེ་བོད་ནང་གི་དངོས་ཡོད་གནས་སྟངས་དམར་རྗེན་དུ་བཀོད་ ༢༠༡༡ ཟླ་ ༤ པའི་ནང་རྒྱ་གཞུང་གིས་ཐེངས་དང་པོར་འཛིན་བཟུང་གིས་མནར་གཅོད་མང་པོ་བཏང་ཡོད།

དཀར་ཆག

    སེམས་ཀྱི་ཟླ་བ།                                                  3

གླེང་གཞི་དང་འབྲེལ་བའི་མདོར་བསྟན། ………………….8

རང་ལུས་ཞུགས་འབུལ་དང་པེ་ཅིན་སྲིད་གཞུང༌། ……… 17

བཙན་བྱོལ་བོད་གཞུང་དང་པེ་ཅིན་སྲིད་གཞུང༌། …….. 31

གོང་ས་མཆོག་དང་པེ་ཅིན་སྲིད་གཞུང༌། ……………….. 36

ཀུན་གཟིགས་བཅུ་བ་དང་པེ་ཅིན་སྲིད་གཞུང༌། ……….. 43

ཆོས་བརྒྱུད་བླ་ཆེན་དང་པེ་ཅིན་སྲིད་གཞུང༌། ………….. 46

བོད་ཀྱི་ཐོབ་ཐང་དང་པེ་ཅིན་སྲིད་གཞུང༌། ……………. 48

བོད་ཀྱི་ཞི་རྒོལ་དང་པེ་ཅིན་སྲིད་གཞུང༌། ………………. 54

མི་རིགས་གྲངས་ཉུང་དང་པེ་ཅིན་སྲིད་གཞུང༌། ……….. 60

ཕུན་དབང་དང་པེ་ཅིན་སྲིད་གཞུང༌། …………………… 64

ཧང་ཡོ་པང་དང་པེ་ཅིན་སྲིད་གཞུང༌། ………………….. 67

བོད་ཀྱི་ཁོར་ཡུག་དང་པེ་ཅིན་སྲིད་གཞུང༌། ……………. 69

བོད་ཀྱི་སྐད་ཡིག་དང་པེ་ཅིན་སྲིད་གཞུང༌། ……………. 72

བོད་ཀྱི་སློབ་ཕྲུག་དང་པེ་ཅིན་སྲིད་གཞུང༌། …………….. 74

བོད་ཀྱི་ལས་བྱེད་དང་པེ་ཅིན་སྲིད་གཞུང༌། …………….. 79

བོད་ཀྱི་རྩོམ་རིག་དང་པེ་ཅིན་སྲིད་གཞུང༌།…………….. 82

བོད་ཀྱི་དགོན་སྡེ་དང་པེ་ཅིན་སྲིད་གཞུང༌། ……………. 89

བོད་ཀྱི་སློབ་གསོ་དང་པེ་ཅིན་སྲིད་གཞུང༌། …………….. 95

བོད་ཀྱི་ཚོང་ལས་དང་པེ་ཅིན་སྲིད་གཞུང༌། ……………. 97

བོད་ཀྱི་གླུ་བ་དང་པེ་ཅིན་སྲིད་གཞུང༌། ……………….. 101

བོད་ཀྱི་ལོ་སར་དང་པེ་ཅིན་སྲིད་གཞུང༌། …………….. 105

དཔྱད་ཞིབ་དྲི་བ་དང་པེ་ཅིན་སྲིད་གཞུང༌། …………… 108

ངའི་མི་ཚེ་དང་པེ་ཅིན་སྲིད་གཞུང༌། 117

མཇུག་གཏམ། 143

ངའི་སེམས་གཏམ་དངཔེ་ཅིན་སྲིད་གཞུང༌། 144

ཟུར་ཞུ། 151

༄༅། སེམས་ཀྱི་ཟླ་བ།

༧གོང་ས་རིན་པོ་ཆེ་བཙན་བྱོལ་དུ་ཕེབས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་དུ་ཕུལ།

ལེགས་བྱས་སྟོང་གི་རྟེན་འབྲེལ་འཛོམས་པས་ཀེ་ལ་ཤ་ཡི་ཡུལ་ལྗོངས་སུ།།

བྱམས་བརྩེ་འོ་མའི་མཚོ་ཆེན་ཀློང་ནས་ཁྱེད་སྐུ་ཟླ་བའི་ལང་ཚོ་བཞད།

མེ་ཏོག་ཆུན་པོའི་ཕྲུ་གུའི་འཚོ་བ་ཡར་ཀླུང་གཙང་བོའི་འགྲམ་དུ་དྲངས།།

ཕོ་བྲང་དམར་པོའི་གྲུ་ཟུར་ཞིག་ན་རིན་ཆེན་དངུལ་གྱི་ཕུག་རོན་བཞིན།།

 

ཐུ་བྷོད་བཙན་པོའི་ཆོས་སྲིད་འཁོར་ལོ་ནུབ་རིའི་ཕག་ཏུ་ལྷུང་བའི་སྐབས།།

ཤར་ཕྱོགས་བཙན་རྒྱལ་སྲིད་ཀྱི་སྟེགས་བུས་ཁྱེད་ལ་སྐུ་ངོའི་ཕྱྭ་གཡང་འབོད།།

ལུཊ་གཉིས་གསེར་གྱི་ཤིང་རྟའི་འཐེན་ཐག་ཁྱེད་སྐུ་གཞོན་ནུའི་མགྲིན་པར་བཏཊ།།

ན་ཚོད་ཕྲ་བ་མྱུ་གུའི་དུས་ནས་མུན་ནག་བྲག་རིའི་འཕྲང་ལམ་བརྒྱུད།།

 

ཤར་ནས་ལྡིང་བའི་རི་སྤྱང་དམར་པོས་ཁ་བའི་ཞིང་ཁམས་དཀྲིགས་པའི་དུས།།

ཆོས་ལྡན་ཞིང་གི་བརྩེ་བའི་སྤུན་ཟླ་ཁྱུར་མིད་གཏོང་བའི་རྒོ་ཁྱུ་བཞིན།།

ནམ་ཞིག་ཆོལ་གསུམ་སྐྱེད་མོས་ཚལ་ལ་ཆོས་སྲིད་མྱུ་གུ་བཞེངས་པའི་ཕྱིར།།

ས་ཡ་དྲུག་གི་སེམས་ཀྱི་ནོར་བུ་ནུབ་ཕྱོགས་འཕགས་པའི་ཡུལ་ལ་ཕེབས།།

 

སེམས་ཀྱི་ནོར་བུ་ཕྱི་ལ་ཕེབས་ནས་མི་ལོ་ལྔ་བཅུའི་དུས་ཚིགས་ལ།

གངས་ཅན་པ་ཡི་རང་ལུས་གཙང་མ་རང་སེམས་དྲོད་མོ་དབང་བའི་ཕྱིར།།

པོ་ཏཱ་ལ་ཡི་ཡིད་བཞིན་ནོར་བུ་རང་བྱུང་སྤྱིལ་བུའི་ཁམས་སུ་བཞུགས།།

རྒྱ་གར་བྱང་མཐའི་རི་ཀླུང་ཞིག་ནས་ཉམ་ཆུང་སྤྲང་བོའི་འཚོ་བ་རོལ།།

 

སེམས་ཀྱི་ནོར་བུ་ཕྱི་ལ་ཕེབས་ནས་མི་ལོ་ལྔ་བཅུའི་དུས་ཚིགས་ལ།།

འཕུར་ཡ་མེད་པའི་ཕུག་རོན་དཀར་མོའི་གཤོག་རྩལ་ས་མཐའི་གྲོང་ནས་རྒྱས།།

འཛམ་བུ་གླིང་གི་ཆེས་མཐོའི་གཟེངས་རྟགས་གངས་དཀར་བུ་མོའི་མགུལ་དུ་སྒྲོན།།

གཟུར་གནས་དྲན་དབང་སྟོང་གི་དབུས་སུ་སྨྲ་བ་མཆོག་གི་གོ་འཕང་བརྙེས།།

 

སེམས་ཀྱི་ནོར་བུ་ཕྱི་ལ་ཕེབས་ནས་མི་ལོ་ལྔ་བཅུའི་དུས་ཚིགས་ལ།།

བཙན་བྱོལ་བོད་པའི་སྤྲང་བོའི་འཁོར་ལ་ལྟོ་གོས་སློབ་གསོའི་བདེ་སྐྱིད་སྦྱིན།།

རླུང་དུ་སྤུར་བའི་སེ་འབྲས་དགའ་གསུམ་འཕགས་པའི་གྲོང་དུ་སླར་ཡང་རྒྱས།

ཧ་ཅང་དོག་པའི་བཀའ་ཤག་གཞུང་ལ་རང་དབང་དམངས་གཙོའི་ལམ་ཆེན་བཞེངས

 

སེམས་ཀྱི་ནོར་བུ་ཕྱི་ལ་ཕེབས་ནས་མི་ལོ་ལྔ་བཅུའི་དུས་ཚིགས་ལ།།

གཞིས་ལུས་སྤུན་ཟླའི་ཁྱེད་རང་དྲན་པའི་མིག་ཆུ་ཡར་ཀླུང་གཙང་བོས་མཚོན།།

ཁྱེད་ཀྱིས་ཕ་ཡུལ་དྲན་པའི་བརྩེ་བ་ཇོ་མོ་གླང་མོས་ཐེག་ཀྱང་དཀའ།།

གཞིས་བྱེས་འཛོམས་པའི་གསོལ་འདེབས་དུང་ཕྱུར་ལྷ་སའི་ཇོ་བོའི་ཐུཊ་ན་གསལ།

 

སེམས་ཀྱི་ནོར་བུ་ཕྱི་ལ་ཕེབས་ནས་མི་ལོ་ལྔ་བཅུའི་དུས་ཚིགས་ལ།

གངས་ཅན་པ་ཡི་རང་ལུས་གཙང་མ་རང་སེམས་དྲོད་མོ་དབང་བའི་ཕྱིར།།

རྒྱ་ནག་དམར་པོའི་འདོད་པའི་མེ་ལྕེ་བྱམས་བརྩེ་འོ་མའི་གྲུ་ཆར་ཀླན།

རྒྱ་དཀར་སྲིད་དོན་ཉིན་མཚན་འཁོར་ལོ་ཐབས་མཁས་ཉི་ཟླའི་འགྲོས་ཀྱིས་བསྟུན།

 

སེམས་ཀྱི་ནོར་བུ་ཕྱི་ལ་ཕེབས་ནས་མི་ལོ་ལྔ་བཅུའི་དུས་ཚིགས་ལ།།

ལྷ་ལམ་ངོས་སུ་གནམ་གྲུའི་ཕང་བར་ཕ་གཞིས་དྲོད་མོ་རྒྱང་གཟིགས་མཛད།

འཛམ་བུ་གླིང་གི་མཐའ་དབུས་ཀུན་ནས་གངས་ཅན་བོད་པའི་བདེ་སྡུག་གླེང་།།

རྒྱ་ནག་དམར་པོས་དངུལ་གྱི་བམ་ཁས་བྱམས་བརྩེའི་རིན་ཐང་ཁྱད་དུ་གསོད།།

 

སེམས་ཀྱི་ནོར་བུ་ཕྱི་ལ་ཕེབས་ནས་མི་ལོ་ལྔ་བཅུའི་དུས་ཚིགས་ལ།།

བཙན་བྱོལ་ཁྲོད་ཀྱི་ཀླད་མེད་རེ་འགས་མཛད་འཕྲིན་དོ་ཤལ་དྲི་མས་བགོས།།

ཤར་ཕྱོཊ་ཏང་གི་གཞིས་སྡོད་རྒྱུག་ཁྱིས་ངག་བཅོལ་མཚན་དམོད་སྐུར་འདེབས་ཞུས

གཞན་དོན་འཕྲིན་ལས་གུར་ཁང་དབུས་ན་བྱང་ཆུབ་སེམས་དཔའ་སྐྱོ་ངལ་དབེན།

 

སེམས་ཀྱི་ནོར་བུ་ཕྱི་ལ་ཕེབས་ནས་མི་ལོ་ལྔ་བཅུའི་དུས་ཚིགས་ལ།།

བགྲེས་སོང་སྤུན་ཟླའི་གསོལ་འདེབས་ཁྲི་ཕྲག་ལྷ་སྐུ་མང་བོའི་ཐུགས་ལ་བཅོལ།

གཞོན་སྐྱེས་སྤུན་ཟླའི་བརྩེ་འཕྲིན་ཁྲི་ཕྲག་ལྷོ་བཞུད་སྤྲིན་པའི་ཕྱག་ལ་གཏོར།།

རེ་ལྟོས་འབུམ་གྱི་ཆུ་གཏེར་ཀློང་ན་ཁྱེད་སྐུ་འགྲུལ་སྐྱེལ་གྲུ་གཟིངས་བཞིན།།

 

སེམས་ཀྱི་ནོར་བུ་ཕྱི་ལ་ཕེབས་ནས་མི་ལོ་ལྔ་བཅུའི་དུས་ཚིགས་ལ།།

གངས་ཅན་པ་ཡི་རང་ལུས་གཙང་མ་རང་སེམས་དྲོད་མོ་དབང་བའི་ཕྱིར།

ཨ་རིའི་གྲོང་གི་དབུ་ཁྲིད་རྣམ་པར་རིན་ཆེན་དབུ་ཡིས་གུས་ཕྱག་ཕུལ།།

ཡོ་རོབ་གླིང་གི་སྐུ་ངོ་དག་ལ་བྱམས་བརྩེ་འོ་མའི་གདན་ཆ་བསྒྲིགས།།

 

སེམས་ཀྱི་ནོར་བུ་ཕྱི་ལ་ཕེབས་ནས་མི་ལོ་ལྔ་བཅུའི་དུས་ཚིགསལ།།

རྒྱལ་སྤྱིའི་འཐབ་འཛིང་མེ་རིའི་རྩེ་མོར་ཞི་བདེ་བདུད་རྩིའི་གྲུ་ཆར་གནང་།།

རྒྱལ་ཁབ་མང་བོའི་ཆོས་ལུགས་ལྟ་གྲུབ་མཐུན་སྒྲིལ་གསེར་གྱི་དཔལ་བུས་བྲིས།།

རྒྱལ་ས་མེད་པའི་བཙན་བྱོལ་སྤྱི་ཚོགས་དྲིན་ཅན་མ་ལོའི་བརྩེ་བས་བསྐྱངས།།

 

སེམས་ཀྱི་ནོར་བུ་ཕྱི་ལ་ཕེབས་ནས་མི་ལོ་ལྔ་བཅུའི་དུས་ཚིགས་ལ།

བཙན་བྱོལ་བོད་པའི་འཚོ་བའི་ཕྱིར་དུ་འཇིག་རྟེན་ཁམས་སུ་སློང་མོ་མཛད།།

གངས་ཅན་པ་ཡི་རང་དབང་འཚོལ་ཕྱིར་གོ་ལའི་ཁྱོན་ལ་གུས་ཕྱག་གནང༌།

ཡང་དག་གསུང་གི་སྦྲང་རྩིའི་བཅུད་ཀྱིས་གྲངས་མེད་འགྲོ་བའི་རྒྱབ་རྟེན་རྙེད།།

 

སེམས་ཀྱི་ནོར་བུ་ཕྱི་ལ་ཕེབས་ནས་མི་ལོ་ལྔ་བཅུའི་དུས་ཚིགས་ལ།།

ཡ་གླིང་བཙན་རྒྱལ་རླུང་དམར་དབུས་ན་མར་མེ་ལྟ་བུའི་ནང་བའི་བསྟན།

བཅུ་གཉིས་བདག་པོའི་འཛུམ་མདངས་ཀློང་ནས་འཛམ་བུ་གླིང་གི་རྒྱན་དུ་སྤྲོས།།

ཉི་འོད་ནུབ་པ་འཕགས་པའི་ཡུལ་དུ་ཤཱཀྱ་སེང་གེ་སླར་ཡང་འཁྲུངས།།

 

སེམས་ཀྱི་ནོར་བུ་ཕྱི་ལ་ཕེབས་ནས་མི་ལོ་ལྔ་བཅུའི་དུས་ཚིགས་ལ།།

གཟེངས་རྟཊ་བརྒྱད་ཅུའི་གཟི་བྱིན་རེ་ཡིས་གངས་སེང་དཀར་མོའི་གཡུ་རལ་བཏེཊ།

གསུང་འབུམ་བདུན་ཅུའི་པར་ངོས་རེ་ཡིས་བྱམས་དང་བརྩེ་བའི་རིན་ཐང་བསྐྲུན།།

དུས་རབས་གསར་བའི་ཁ་བའི་ལྗོངས་ལ་གཟི་བྱིན་སྟོང་གི་ལ་རྒྱ་སྦྱིན།།

 

སེམས་ཀྱི་ནོར་བུ་ཕྱི་ལ་ཕེབས་ནས་མི་ལོ་ལྔ་བཅུའི་དུས་ཚིགས་ལ།།

རབ་དཀར་གངས་རིའི་ཕྱི་ནང་ཀུན་ཏུ་དམངས་གཙོའི་གསེར་གྱི་ས་བོན་བཏབ།།

སྐྱེས་མ་ཡོངས་ཀྱི་ཁྱད་ནུས་གསལ་བའི་ཡང་དག་གསུང་གི་ཟླ་བ་བཞད།།

བྱམས་བརྩེ་འོ་མས་འཇིག་རྟེན་གསོ་བ་དུས་རབས་གསར་བའི་དྲང་སོང་ཞིག།

 

གོ་ལའི་ངོས་ཀྱི་ཞི་བདེའི་དེད་དཔོན་འཇིག་རྟེན་ཁམས་ཀྱི་བརྩེ་ལྡན་མ།།

གངས་ཅན་བོད་པའི་ཕྱག་ན་པདྨོ་བས་མཐའི་གྲོང་གི་སློང་མོ་བས།།

འཐབ་རྩོད་དུག་གི་མཚོན་ཆའི་མེ་དཔུང་ཡིད་འོང་མེ་ཏོག་ཆར་གྱིས་ཀླན།།

རྐང་གཉིས་འགྲོ་བའི་གསེར་གྱི་ནོར་བུ་རྣམ་དག་སེམས་ཀྱི་ཕུགས་ལ་བསྒོམ།

 

༄༅།  གླེང་གཞི་དང་འབྲེལ་བའི་མདོར་བསྟན།

ཉེ་བའི་ལོ་འགའི་ནང་དུ་བོད་ཁམས་སུ་སྔ་ཕྱིར་བོད་མི་དགུ་བཅུ་ལྷག་གིས་རང་ལུས་མེ་རུ་སྒྲོན་ནས་ཞི་རྒོལ་བྱ་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ་ཞེས་པའི་དྲི་བ་འདི་དུས་རྒྱུན་ང་ལ་འདྲི་མཁན་ཧ་ཅང་མང་ལ།

གཞན་ཡང༌། ངས་ས་བྱི་ལོའི་ལོ་མཇུག་ཏུ་བཙན་པོའི་སྙིང་སྟོབས་དེབ་དང་བོ་རྩོམ་སྒྲིག་བྱས་ཏེ་པར་སྐྲུན་བྱས་རྗེས་ས་གནས་ཉེན་རྟོག་པས་ང་ལ་ཁྱེད་ཀྱིས་དེབ་འདི་རྩོམ་སྒྲིག་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་ཞེས་དྲི་བ་ཞིག་ཡང་དང་བསྐྱར་དུ་དྲིས་མྱོང༌། ད་ཐེངས་བཙན་པོའི་སྙིང་སྟོབས་དེབ་གཉིས་པ་བྲིས་ཏེ་པར་དུ་བསྐྲུན་རྗེས་ཁོ་ཚོས་ཡང་བསྐྱར་དྲི་བ་དེ་ང་ལ་འདྲི་བ་གདོན་མི་ཟ་བས་ངས་ཁོ་ཚོའི་དྲི་བ་དེར་དྲིས་ལན་ཞིག་སྔ་ས་ནས་གྲ་སྒྲིག་བྱེད་དགོས་པས་ངས་དྲི་བ་འདི་གཉིས་ཀྱི་དྲིས་ལན་དཀྱིལ་གཅིག་ཏུ་བཏབ་སྟེ། དེབ་འདིའི་གླེང་གཞིར་འཇོག་རྒྱུ་ཡིན། འདི་ནི་བདག་གིས་དཔེ་དེབ་འདི་འབྲི་དགོས་པའི་དམིགས་ཡུལ་དང་ཕུགས་བསམ་ཡང་ཡིན་པས་དྲིས་ལན་ནི།

གཅིག  ༢༠༠༩ལོར་རྒྱལ་གཅེས་དཔའ་བོ་བློ་བཟང་བཀྲ་ཤིས་ལགས་ཀྱིས་རང་ལུས་སྦྱིན་སྲེག་གནང་སྟེ་པེ་ཅིན་སྲིད་གཞུང་ལ་ཞི་རྒོལ་བྱས་པ་དང༌། ལྷག་པར་དུ་ལྕགས་ཡོས་ལོར་རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ཀྱིས་རང་ལུས་སྦྱིན་སྲེག་གིས་པེ་ཅིན་སྲིད་གཞུང་ལ་ཞི་རྒོལ་བྱས་པ་ནས་ད་ལྟའི་བར་དུ་བོད་ཁམས་སུ་སྐྱ་སེར་དབྱེར་མེད་དང༌། ཕོ་མོ་དབྱེར་མེད། ཆོལ་ཁ་དབྱེར་མེད་ཀྱིས་བོད་མི་བརྒྱད་ཅུ་ལྷག་གིས་རང་ལུས་མེ་རུ་སྦར་ནས་པེ་ཅིན་སྲིད་གཞུང་ལ་གོང་ས་མཆོག་ཕ་ཡུལ་དུ་ཕེབས་སུ་འཇུག་དགོས། བོད་མི་རིགས་ལ་ཐོབ་འོས་པའི་རང་དབང་ཐོབ་ཏུ་འཇུག་དགོས་པའི་ཞི་རྒོལ་སྐད་འབོད་མཛད་དེ་ཕལ་ཆེར་སྐུ་གྲོངས་པ་དང་སྐུ་མ་གྲོངས་པ་རྣམ་པས་ཀྱང་སྡུག་བསྔལ་ཚད་ལས་བརྒལ་བ་མྱོང་བཞིན་པའི་སྐབས་འདིར་སྲིད་དབང་སྒེར་འཛིན་གྱི་པེ་ཅིན་སྲིད་གཞུང་གིས་འདིའི་ཐད་ནས་སྐད་ཆ་དྲང་བདེན་ཞིག་གཏན་ནས་མི་བཤད་པར་ལོག་བཤད་དང་རྫུན་བཤད་ཁོ་ན་བྱས། ང་རང་བོད་པ་ཞིག་དང་ལྷག་པར་དུ་བོད་པའི་སྨྱུག་ཐོགས་པ་ཞིག་གི་མིང་བཟུང་ཡོད་ཕྱིར་འདིའི་ཐད་ནས་སྐད་ཆ་ཚིག་གཅིག་ཀྱང་བཤད་མ་ཐུབ་པར་དད་ལྡན་མི་མང་གི་དཀོར་ཟས་ལོངས་སུ་སྤྱད་དེ། སྐྱིད་འདུག་སྐྱིད་ཉལ་བྱས་ནས་བསྡད་ན་ང་གསོན་དུས་འདུག་ས་ཡོད་ཀྱང་ཤི་དུས་འགྲོ་ས་ཡོད་ཀྱི་མ་རེད། དེའི་ཕྱིར་ངས་གནས་ཚུལ་ཚབས་ཆེན་འདི་ལ་གནས་ལུགས་དང་དྲང་བདེན། རྒྱུ་འབྲས་ཀྱི་སྒོ་ནས་ཞིབ་འཇུག་ཅིག་མི་བྱེད་ཐབས་མེད་ཡིན་ཕྱིར། ཞིབ་འཇུག་བརྟག་དཔྱད་བྱས་པ་ལྟར་ན། པེ་ཅིན་སྲིད་གཞུང་གིས་ཁོང་རྣམ་པའི་རང་ལུས་མེ་རུ་སྒྲོན་དགོས་པའི་རྒྱུ་མཚན་ནི། མི་སྐྱ་ཕོ་མོ་ཞིག་ཡིན་ན་བཟའ་འཁོན་བྱུང་བས་ཡིན་ཚུལ་དང༌། ཡང་ན་བུ་ལོན་མང་བས་ཡིན་ཚུལ། བླ་སྤྲུལ་དང་གྲྭ་བ་ཞིག་ཡིན་ན་གོང་ས་མཆོག་གི་གཙོས་བཙན་བྱོལ་བོད་གཞུང་གིས་སྐུལ་མ་བཏང་ཚུལ་སོགས་འཁྱོག་བཤད་དང་སྐུར་འདེབས་ཀྱི་ལོག་བཤད་མང་དག་ཅིག་བཤད་ཀྱི་ཡོད་ཀྱང་དེ་དག་ནི་སྐྱག་རྫུན་ཁོ་ན་ཡིན་པས་བདེན་དཔང་གསལ་ཐག་ཆོད་པ་གཅིག་ཀྱང་མེད་དེ། ཁོ་ཚོའི་སྐད་ཆ་འདི་དག་ལ་བདེན་དཔང་གི་མཛུབ་ཐེལ་གནོན་མཁན་བྱུང་ན་དམངས་སྒོར་ཁྲི་བརྒྱ་ཡི་བྱ་དགའ་ཡོད་པར་བཤད་པ་འདིས་རང་གི་རྫུན་རྐུབ་རང་གིས་ཕྱིར་ཕུད་པ་རེད།

གཉིས། གང་ལྟར་བོད་མི་བརྒྱད་ཅུ་ལྷག་གིས་རང་ལུས་མེ་རུ་སྒྲོན་ནས་པེ་ཅིན་སྲིད་གཞུང་ལ་ཞི་རྒོལ་མཛད་དགོས་པའི་རྒྱུ་རྐྱེན་ངོ་མ་དེ་གང་རེད་ཅེ་ན།

༡འདས་པའི་ལོ་རྒྱུས་ཁྲོད་དུ་པེ་ཅིན་སྲིད་གཞུང་གིས་ལྔ་བཅུ་ང་བརྒྱད་ནས་རིག་གནས་གསར་བརྗེ་མཇུག་རྫོགས་པའི་བར་དུ་བོད་མི་ས་ཡ་གཅིག་ལྷག་དམར་གསོད་བཏང་བར་ད་དུང་ངོས་ལེན་དང་སྐྱིན་ཚབ་གང་ཡང་སྤྲད་མེད་པ།

༢པེ་ཅིན་སྲིད་གཞུང་གིས་དཀའ་སྡུག་གི་ལོ་ཟླ་འདི་དག་གི་ནང་དུ་བོད་མི་རིགས་ལ་མི་གཅིན་འཐུང་དུ་བཅུག། མི་ཤ་ཟ་རུ་བཅུག་ནས་མནར་གཅོད་བཏང་བ་དེར་ཡང་མཐའ་ན་དགོངས་དག་ཙམ་ཡང་ཞུས་མེད་པ་མ་ཟད་ངོས་ལེན་ཙམ་ཡང་མེད་ཚོད་རེད།

༣པེ་ཅིན་སྲིད་གཞུང་གིས་གོང་ས་མཆོག་གཙོ་བྱས་བོད་ཀྱི་ཆོས་བརྒྱུད་བླ་ཆེན་མང་བོ་ཕ་ཡུལ་ནས་མཐར་བསྐྲད་བཏང་བ་མ་ཟད། ཀུན་གཟིགས་བཅུ་བ་གཙོ་བྱས་བླ་ཆེན་རྣམས་བཙོན་འཇུག་ཁྲིམས་ཆད་ཀྱིས་དམྱལ་བ་མི་ཡུལ་དུ་ཐོན་པ་ལྟ་བུའི་མནར་གཅོད་བཏང་བའི་ཁྲོད་དུ་བླ་ཆེན་མང་བོ་ཞིག་སྐུ་བཀྲོངས་པ་སོགས་ལ་ཁོ་ཚོས་བོད་མི་རིགས་ལ་དགོངས་དག་སྐྱིན་ཚབ་མེད་པ་མ་ཟད་ད་དུང་ངོས་ལེན་ཙམ་ཡང་བྱས་མེད།

༤པེ་ཅིན་སྲིད་གཞུང་གིས་བོད་ཀྱི་དགོན་སྡེ་ལྔ་སྟོང་ལྷག་ལ་གཏོར་བཅོམ་ཚད་ལས་བརྒལ་བ་བྱས་པ་མ་ཟད། བོད་ཁམས་ཀྱི་དགོན་སྡེ་དྲུག་སྟོང་ལྷག་གི་སྐུ་གསུང་ཐུགས་རྟེན་དང༌། རྒྱུ་ནོར་རྩ་ཆེན་ཕལ་ཆེར་པེ་ཅིན་སྲིད་གཞུང་གིས་སྒེར་འཛིན་བྱས་ཀྱང་ད་དུང་སྐྱིན་ཚབ་ཅིག་ཕར་ཟད། ངོས་ལེན་དགོངས་དག་ཙམ་ཡང་ཞུས་མེད།

༥རིག་གསར་མཇུག་རྫོགས་རྗེས་བོད་རིགས་དད་ལྡན་མི་དམངས་ཀྱིས་པེ་ཅིན་སྲིད་གཞུང་གིས་གཏོར་བཅོམ་བྱས་པའི་དགོན་སྡེའི་ལྷ་ཁང་དང༌། སྐུ་གསུང་ཐུགས་རྟེན་བསྐྱར་བཞེངས་བྱེད་སྐབས་པེ་ཅིན་སྲིད་གཞུང་གིས་སྐྱིན་ཚབ་ཕར་ཟད་མཐའ་ན་རོགས་སྐྱོར་འོས་འཚམ་ཞིག་ཀྱང་མ་བྱས་པས་དད་ལྡན་མི་དམངས་ཀྱིས་ཉིས་སྟོང་ལྷག་བསྐྱར་བཞེངས་བྱེད་ཐུབ་ཡོད་ཀྱང་དཔལ་འབྱོར་ཆ་རྐྱེན་གྱི་དབང་གིས་བཞི་སྟོང་ལྷག་བསྐྱར་བཞེངས་བྱེད་མ་ཐུབ་པར་གྱང་ཤུལ་གནམ་ལ་འཁོར་ནས་ཡོད།

༦པེ་ཅིན་སྲིད་གཞུང་གིས་བོད་ཀྱི་ཆོས་དང་རིག་གནས་ལ་གཏོར་བཅོམ་ཚད་ལས་བརྒལ་བ་བཏང་བས་འཆི་ལ་ཉེ་བའི་ཆོས་དང་རིག་གནས་དེ། ལོ་རབས་བརྒྱད་ཅུ་བ་ནས་བཟུང་ཀུན་གཟིགས་བཅུ་བས་སྣེ་ཁྲིད་འོག་བོད་ཀྱི་ཆོས་བརྒྱུད་བླ་ཆེན་མང་བོ་དང༌། བླ་མ་དགེ་བའི་བཤེས་གཉེན། སློབ་གཉེར་བ་མང་བོ། དད་ལྡན་མི་དམངས་བཅས་ཀྱིས་སྲུང་སྐྱོབ་གང་ལེགས་གནང་ཡང༌། པེ་ཅིན་སྲིད་གཞུང་གིས་ཁ་ནས་རོགས་སྐྱོར་བྱ་ཟེར་ཞོར་དོན་གྱིས་བར་ཆད་བཀག་འགོག་རབ་དང་རིམ་པ་བཏང་བས་ད་དུང་ཤི་མ་གསོན་གྱི་ངང་དུ་གནས་ཡོད།

༧ང་བརྒྱད་དང་རིག་གསར་སྐབས་སུ་བོད་ཀྱི་མཁས་དབང་ཕལ་ཆེར་པེ་ཅིན་སྲིད་གཞུང་གིས་མུན་ནག་གི་བཙོན་དུ་བཅུག་ནས་སྐུ་བགྲོངས་པ་དང༌། ཡང་ན་ངལ་རྩོལ་བསྒྱུར་བཀོད་ལ་ཁ་གཡར་ནས་འཐབ་རྩོད་བྱས་ཏེ་སྐུ་བཀྲོངས་པས་བོད་ཀྱི་རིག་གནས་སློབ་རྒྱུན་མང་བོ་ཞིག་གི་རྒྱུན་ཆད་དེ་ད་དུང་ཡང༌། བསྐྱར་གསོ་གནང་ཐུབ་མེད།

༨དམར་དམག་རྒྱང་སྐྱོད་དང་སྲིད་གཞུང་ཉམ་ཆུང་གི་སྐབས་སུ་ཏང་ཚོགས་མགོ་ཡི་ཞྭ་བཞིན་གཙུག་ཏུ་བཀུར་ཞིང༌། སྒོ་ཡི་ཁྱི་བཞིན་གཡོག་ཏུ་རྒྱུག་པའི་བོད་མི་དག་ལ་པེ་ཅིན་སྲིད་གཞུང་གིས་ང་བརྒྱད་དང་རིག་གསར་སྐབས་སུ་བཙོན་འཇུག་དང་འཐབ་རྩོད་ཀྱི་མནར་གཅོད་གང་མང་བཏང་སྟེ། མང་བོ་ཞིག་བསད་པ་མ་ཟད། རིག་གསར་མཇུག་རྫོགས་རྗེས་ཤུལ་ལུས་ཚོ་ཡང་པེ་ཅིན་སྲིད་གཞུང་གིས་ཁྱེད་ཚོར་མ་ཉེས་ཁ་གཡོགས་ཐེབས་སོང་ཞེས་ཁ་བཟང་ཙམ་བཤད་ཀྱང་དོན་གྱིས་རང་གི་མི་རིགས་ལ་བྱས་རྗེས་འཇོག་པའི་གོ་སྐབས་ཕྲན་ཙམ་ཡང་སྤྲད་མེད།

༩ད་ལྟའི་གནས་བབ། བོད་མི་དམངས་ལ་དད་འདུན་རྣམ་དག་གིས་གོང་ས་མཆོག་རང་གི་ཕ་ཡུལ་ལ་གདན་ཞུ་བྱས་ཏེ། ཕྱག་དབང་ཆོས་འབྲེལ་ཞུ་འདོད་ཡོད་ཀྱང༌། པེ་ཅིན་སྲིད་གཞུང་གིས་མཐའ་གཅིག་ཏུ་ཁོ་ཚོའི་དད་འདུན་དང་རེ་བར་ངོ་རྒོལ་བྱེད་པ་མ་ཟད། གོང་ས་མཆོག་ལ། ཆོས་གོས་གོན་པའི་སྤྱང་ཀི་དང་འཇིགས་སྐུལ་རང་ལུགས་པའི་སྣེ་ཁྲིད་སོགས་མཚན་དམོད་ཚད་ལས་བརྒལ་བ་སྣ་ཚོགས་གཞུང་འབྲེལ་གསར་ལམ་ཁག་ནས་དྲིལ་བསྒྲགས་བྱས་ཏེ་བོད་མི་རིགས་ཀྱི་སེམས་ལ་རྨ་ཁ་བཟོད་ཐབས་བྲལ་བ་བཞག་དང་འཇོག་བཞིན་པ།

༡༠པཎ་ཆེན་རིན་པོ་ཆེ་ཀུན་གཟིགས་བཅུ་བའི་ཡང་སྲིད་ལ་དད་འདུན་རྣམ་དག་གིས་མཇལ་འདོད་ཡོད་ཀྱང༌།པེ་ཅིན་སྲིད་གཞུང་གིས་ཁོང་གི་ཡང་སྲིད་དགུང་གྲངས་ལྔའི་སྟེང་ནས་བཟུང་བཙོན་ཏུ་བཅུག་སྟེ་གཏན་ནས་གློད་གྲོལ་མི་གཏོང་བ་མ་ཟད།ཁོང་གི་ཡང་སྲིད་ཀྱི་ཚབ་ཏུ་རྒྱལ་མཚན་ནོར་བུ་ཞེས་པ་ཞིག་བཞག་ནས་མི་དམངས་ལ་བཙན་གྱིས་མཇལ་དུ་བཅུག  གལ་ཏེ་མི་མཇལ་ན་མཉམ་ལས་སྨན་བཅོས་མི་སྟེར་བ་དང་དབུལ་སྐྱོར་རོགས་དངུལ་མི་སྟེར་ཞེས་ཉམ་ཆུང་མི་དམངས་ལ་བཙན་སྐུལ་དང་འཇིགས་སྐུལ་བྱས་པ།

༡༡པེ་ཅིན་སྲིད་གཞུང་གིས་ཁ་ནས་རང་སྐྱོང་ས་ཁུལ་ནས་རང་གི་སྐད་ཡིག་གཙོ་བོར་བཀོལ་སྤྱོད་བྱ་དགོས་ཞེས་བཤད་ཀྱང་དོན་གྱིས་བོད་ཀྱི་སྐད་ཡིག་རིག་གནས་ལ་བཙན་འཛུལ་བྱས་ཏེ་ཉམས་ཉེས་སུ་བཏང་བ་དང༌། རྒྱ་ཆེའི་དགེ་སློབ་རྣམ་པས་དེ་ལ་མི་འདོད་པའི་ཞི་བས་ཁྲོམ་སྐོར་བྱས་ནའང་དགེ་སློབ་རྣམས་ལ་ཁྲིམས་ཆད་གཅོད་པ་དང༌། ཡང་ན་སློབ་གྲྭ་དང་ལས་གནས་ནས་མཐར་བསྐྲོད་གཏོང་བ་དང༌། བཙན་སྐུལ་གྱིས་ཏང་སྲིད་ལས་ཁུངས་ལ་དགོངས་དག་ཞུ་རུ་འཇུག་པ། རྗེས་ཕྱོགས་ཁྲོམ་སྐོར་མི་བྱེད་པའི་ཁས་ལེན་ཡི་གེ་འབྲི་རུ་འཇུག་པ་སོགས་མནར་གཅོད་ཚད་ལས་བརྒལ་བ་རབ་དང་རིམ་པ་གཏོང་བཞིན་པ།

༡༢ས་བྱི་ལོའི་བོད་མི་རིགས་ཀྱི་དཀའ་སྡུག་གི་འབོད་སྒྲའི་ཞི་རྒོལ་ལ་ཕྱོགས་གཅིག་ནས་གཡོ་ཇུས་ལྡན་པའི་གསང་ཉུལ་བ་མངགས་ནས་དྲག་སྤྱོད་དུ་བསྒྱུར་གང་ཐུབ་བྱས་པ་དང༌། ཕྱོགས་གཞན་ཞིག་ནས་དེ་གཞུང་འབྲེལ་གསར་ལམ་ཁག་ནས་དྲིལ་བསྒྲགས་སྣ་ཚོགས་བྱས་ཏེ་བོད་མི་རིགས་ཀྱི་མཚན་སྙན་དང་ཐོབ་ཐང་ལ་གནོད་འཚེ་ཚད་ལས་བརྒལ་བ་བཟོས་པ་དང༌། ཉེས་འདོགས་ཀྱིས་བོད་མི་གང་མང་ལ་སྲོག་ཁྲིམས་བཅད་པ།

༡༣བོད་རིགས་རང་སྐྱོང་ས་ཁུལ་ཁག་གི་སྲིད་དབང་བོད་རིགས་ལས་བྱེད་པ་ཚོར་མི་དབང་བར་རྒྱ་རིགས་ཆེན་པོའི་དབང་འཛིན་པ་ཚོས་སྒེར་སྤྱོད་སྒེར་འཛིན་བྱས་ཏེ། བོད་རིགས་ལས་བྱེད་རྣམས་རྒྱ་རིགས་མགོ་ཁྲིད་ཚོའི་བཀས་བཀོད་བྱེད་སའམ་རྒྱུག་ཁྱི་ལྟ་བུར་གྱུར་ཡོད་པ་མ་ཟད། གསར་སྐྱེས་སློབ་ཕྲུག་ཚོའི་ལས་ཞུགས་ཀྱི་སྒོ་མོ་བཙན་གནོན་བྱས་ཡོད་པ།

༡༤པེ་ཅིན་སྲིད་གཞུང་གིས་རྒྱ་རིགས་ཚོང་བ་ཚོར་མ་དངུལ་གྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། བོད་ཀྱི་ཚོང་ལས་ཁྲོམ་ར་བཟང་ཤོས་ཚང་མ་བདག་འཛིན་བྱེད་དུ་བཅུག་སྟེ། བོད་ཀྱི་ཚོང་ལས་ཁྲོམ་ར་ཚང་མར་བཙན་འཛུལ་བྱས་ཏེ། བོད་རིགས་མི་དམངས་ཀྱི་ཚོང་ལས་མདུན་ལམ་ལ་གནོད་འཚེ་ཚད་ལས་བརྒལ་བ་བཟོ་བཞིན་པ།

༡༥འབྲེལ་ཡོད་ལས་ཁུངས་ཁག་གི་དཔོན་རིགས་ཆེ་ཆུང་ཚང་མའི་བུ་ཕྲུག་ཆུང་མ་དང་བཅས་པའི་རྒྱས་ཟ་རྒྱས་འདུག་རྒྱས་འགྲོ་བྱེད་པ་དང༌། ལྐོག་དངུལ་སྣ་ཚོགས་བླངས་པ་དཔེར་ན། སྤྱི་ལོ་ཉིས་སྟོང་བརྒྱད་ལོའི་ལྐོག་ཟ་རུལ་སུང་གི་སྙན་ཐོ་ཞིག་ཏུ་འཁོད་པ་ལྟར་ན། ཨ་སྒོར་དུང་ཕྱུར་སྟོང་གཅིག་དང་ལྔ་བརྒྱ་དཔོན་རིགས་ཁྲི་གཉིས་དང་ཉིས་སྟོང་གིས་ལྐོག་ཟ་བྱས་ཚུལ་བཀོད་འདུག་པ་ལྟ་བུ་དང༌། སྤྱི་ལོ་ཉིས་སྟོང་དྲུག་གི་སྙན་ཐོ་ཞིག་ཏུ་འཁོད་པ་ལྟར་ན། རྒྱལ་ནང་དུ་དམངས་སྒོར་དུང་ཕྱུར་ཡན་གྱི་འབྱོར་ལྡན་པ་ཁྲི་གཅིག་དང་སྟོང་གཉིས་ཡོད་པའི་ཁྲོད་དུ་སྟོང་ཕྲག་བརྒྱད་ལྷག་དཔོན་རིགས་ཚོ་དང་ཡང་ན་ཁོ་ཚོའི་ཉེ་འབྲེལ་རེད། མདོར་ན་འདི་ལྟར་པེ་ཅིན་སྲིད་གཞུང་གིས་སྲིད་དབང་སྒེར་འཛིན་བྱས་པ་མ་ཟད། དཔལ་འབྱོར་ཡང་སྒེར་འཛིན་བྱས་ཡོད་པས་རེད།

༡༦པེ་ཅིན་སྲིད་གཞུང་གིས་བོད་ཀྱི་གཏེར་ཁ་ཚང་མ་སྔོག་འདོན་བྱས་ནས་ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་བཟོས་ཏེ། མི་དམངས་ཀྱི་འཚོ་བར་དཀའ་ངལ་སྤྲད་པ་མ་ཟད། བོད་ཀྱི་འབྲོག་པ་རྣམས་གྲོང་ཁྱེར་དུ་བསྡུས་ནས་བོད་ཀྱི་རྔམ་བརྗིད་དང་མཛེས་སྡུག་ལྡན་ལ། ་གཏེར་ཁ་དང་སྐྱེ་དངོས་རྩ་ཆེན་དཔག་ཏུ་མེད་པའི་མཐའ་ཡས་པའི་རི་ཆུ་ཐང་གསུམ་སྒེར་འཛིན་བྱེད་འདོད་ཀྱི་འཆར་གཞི་རྒྱ་ཆེན་འཐེན་བཞིན་པ།

༡༧པེ་ཅིན་སྲིད་གཞུང་གིས་ཁ་ནས་དད་མོས་རང་དབང་ཟེར་ཞོར་ལ་དོན་གྱིས་བོད་རིགས་མི་དམངས་ལ་རང་གི་རྩ་བའི་བླ་མའི་སྐུ་པར་ཡང་བཤམས་མི་ཆོག་པའི་བཙན་བཀའ་རབ་དང་རིམ་པས་མནར་གཅོད་གཏོང་བ་དང༌། ས་གནས་འགའ་ཞིག་ཏུ་ཁྲིམས་ཆད་ཀྱང་བཅད། མཐའ་ན་ད་སྐབས་ཨ་མདོ་དང་ཁམས་པའི་མི་དམངས་རྣམས་ལྷ་སར་མཆོད་མཇལ་ཏུ་འགྲོ་རྒྱུ་ནི་ཕྱི་རྒྱལ་ལ་འགྲོ་བ་ལས་ཀྱང་དཀའ་ཁག་ཆེ་བའི་ཚོད་དུ་བཏང་འདུག་པ་དང༌། གྲྭ་བ་སློབ་གཉེར་བ་རྣམས་ལྷ་སའི་སེ་འབྲས་དགེ་གསུམ་སོགས་དགོན་སྡེ་ཆེ་ཁག་ལ་སློབ་གཉེར་ཏུ་འགྲོ་རྒྱུ་ནི་ཨ་རིའི་ཧྭ་ཧྥུའི་སློབ་ཆེན་དུ་འགྲོ་རྒྱུ་ལས་ཀྱང་དཀའ་ཁག་ཆེ་བའི་གནས་སུ་བཏང་སྟེ་གཏན་འགོག་བྱས་ཡོད་པ།

༡༨མདོར་ན་བོད་མི་དམངས་ཀྱི་སྐྱིད་སྡུག་ངག་ཐོག་དང་ཡིག་ཐོག་ནས་སྙན་ཞུ་འབུལ་མཁན། སེམས་ཀྱི་དཀའ་སྡུག་བརྗོད་དེ་ཁྲོམ་སྐོར་གནང་མཁན་ཚང་མར་ཁྲིམས་ཆད་འདྲ་མིན་གྱི་མནར་གཅོད་ཚད་ལས་བརྒལ་བ་བཏང་སྟེ། བོད་ཀྱི་སྨྲ་བརྗོད་རང་དབང་དང༌། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫུས་བཏང་ནས་ཁྲིམས་ལུགས་ལས་རྐུབ་སྟེགས་ལ་དབང་ཆེ། རྐུབ་སྟེགས་ལས་སྒོར་མོ་དབང་ཆེ། སྒོར་མོ་ལས་ལྕགས་སྒྲོག་དང་མེ་མདའ་དབང་ཆེ་བས་ཡོད་ཚད་ལ་བཙན་གནོན་དྲག་གནོན་བྱས་ཏེ་ནང་སྲུང་འགྲོ་གྲོན་རྒྱལ་སྲུང་འགྲོ་གྲོན་ལས་ཀྱང་ཆེ་རུ་བཏང་སྟེ།སྤྱི་བདེ་ཉེན་རྟོག་ནས་མི་དམངས་ཁྲིམས་ཁང༌། མི་དམངས་ཁྲིམས་ཁང་ནས་མཐོ་རིམ་ཏང་སྲིད་བར་དུ་ལྐོག་ཟ་རུལ་སུང་དུ་གྱུར་འདུག་པ་འདིའི་དབང་གིས་ད་གཟོད་ཆེས་དམའ་རིམ་སྤྱི་ཚོགས་ཀྱིས་དཀའ་སྡུག་འདི་དག་མ་བཟོད་པར། པེ་ཅིན་སྲིད་གཞུང་ལ་ཞུ་ཡིག་དང་ཞུ་གཏམ། ཞི་རྒོལ་བྱས་ན་སྲོག་ཁྲིམས་གཅོད་པ་སོགས་ཁྲིམས་ཆད་འདྲ་མིན་གཅོད་པ་མ་ཟད། དེ་བས་ཀྱང་བཟོད་དཀའ་བ་ནི་གཤིན་རྗེ་ལས་མཁན་བཞིན་གཅར་རྡུང་བཟོད་ཐབས་བྲལ་བའི་མནར་གཅོད་སྣ་ཚོགས་གཏོང་སྲིད་པ། མཐའ་ན་གོང་ས་མཆོག་ལ་བསྟོད་གླུ་ཞིག་བླངས་ནའང་ཁྲིམས་ཆད་གཅོད་པས་ད་གཟོད་བོད་རིགས་མི་དམངས་རྣམས་འུ་ཐུག་ཐབས་ཟད་དུ་གྱུར་ནས་རང་ལུས་ཞུགས་འབུལ་གྱི་ཞི་རྒོལ་གྱི་ལམ་ཁ་ཚབས་ཆེན་འདི་བདམས་ཏེ། རུལ་སུང་དུ་གྱུར་བའི་པེ་ཅིན་སྲིད་གཞུང་ལ་ཞི་རྒོལ་མི་བྱེད་ཐབས་མེད་དུ་གྱུར་བ་ནི་དོན་དངོས་ཀྱི་སྐད་ཆ་ངོ་མ་དེ་ཡིན་པས། པེ་ཅིན་སྲིད་གཞུང་དང༌། ཡང་ན་པེ་ཅིན་སྲིད་གཞུང་དང་འབྲེལ་བའི་ལས་རིགས་ཁག་གིས་ཉམ་ཆུང་བའི་གྲྭ་རྐྱང་ཞིག་གི་གནས་ལུགས་དང་རྒྱུ་འབྲས་ཀྱི་སྐད་ཆ་འདིར་བསམ་གཞིག་དང་རྟོག་ཞིབ་ཅིག་བྱས་ཏེ། མ་འོངས་པར་བོད་མི་རིགས་ཀྱི་ཁྲོད་དུ་རང་ལུས་ཞུགས་འབུལ་གྱི་དོན་རྐྱེན་ཚབས་ཆེན་མི་འབྱུང་བའི་ཀུ་ཡངས་དཀྱིལ་ཡངས་ཀྱི་སྲིད་ཇུས་ཤིག་གིས་འགན་འཁྲི་དང་ལེན་བྱས་ཏེ། བོད་སྤྱི་དམངས་ཀྱི་རེ་འདོད་བཞིན་གོང་ས་མཆོག་ཕ་ཡུལ་ལ་གདན་ཞུ་བྱས་ནས་བོད་ལ་ཐོབ་འོས་པའི་རང་སྐྱོང་གཙང་མའི་ཁེ་དབང་ཞིག་གནང་རོགས་ཞེས་ང་རང་བོད་པ་ཞིག་ཡིན་པའི་ཆ་ནས་འབོད་སྐུལ་སྙིང་ནས་ཞུས་པ་དང་ལྷན་དུ་ངས་གཤམ་དུ་གནད་དོན་འདི་དག་ཅུང་རྒྱས་བཤད་བྱ་རྒྱུ་ཡིན་པས་གཟིགས་འདོད་ཡོད་པའི་ཀློག་མཁན་གྲོགས་པོ་རྣམས་ཀྱིས་གཟིགས་པར་ཞུ།

༄༅། རང་ལུས་ཞུགས་འབུལ་དང་པེ་ཅིན་སྲིད་གཞུང༌།

སྤྱི་ལོ་༡༩༩༨ལོར་ཕྱི་སྡོད་བོད་མི་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་རང་ལུས་ཞུགས་འབུལ་གྱིས་པེ་ཅིན་སྲིད་གཞུང་ལ་ཞི་རྒོལ་བྱས་ནས་ལོ་བརྒྱད་ཀྱི་རྗེས་སུ་སྤྱི་ལོ་༢༠༠༦ལོར་ལྷག་པ་ཚེ་རིང་གིས་རང་ལུས་ཞུགས་འབུལ་བྱས་ཏེ་པེ་ཅིན་སྲིད་གཞུང་ལ་ཞི་རྒོལ་བྱས་ཏེ་ལོ་གསུམ་འགོར་རྗེས།སྤྱི་ལོ༢༠༡༠ཡི་སྤྱི་ཟླ་༢པའི་ཚེས་༢༧ཉིན་གཞིས་སྡོད་བོད་མི་རྒྱལ་གཅེས་དཔའ་བོ་བཀྲ་བྷེའམ་བློ་བཟང་བཀྲ་ཤིས་ལགས་ཀྱིས་རང་ལུས་ཞུགས་འབུལ་གནང་སྟེ་པེ་ཅིན་སྲིད་གཞུང་ལ་ཞི་རྒོལ་བྱས་པ་ནས་བཟུང་བོད་ཕྱི་ནང་གཉིས་ནས་ད་ལྟའི་བར་དུ་བོད་མི་དགུ་བཅུ་ལྷག་གིས་རང་ལུས་ཞུགས་འབུལ་བྱས་ཏེ་པེ་ཅིན་སྲིད་གཞུང་ལ་ཞི་རྒོལ་བྱས་མོད། ཧོའུ་ཅན་ཐོ་གཙོ་བྱས་པའི་པེ་ཅིན་སྲིད་གཞུང་གི་མཐོ་རིམ་མི་སྣ་ཚོས་ཡ་ང་ཞིང་ཡིད་སྐྱོ་བའི་གནས་ཚུལ་འདི་ལ་སེམས་ཁུར་ཞིག་ཕར་ཟད་མཐའ་ན་དོ་སྣང་ཕྲན་བུ་ཞིག་ཀྱང་མི་བྱེད་པར་ལན་རེར་གོང་ས་མཆོག་ལ་མཚན་དམོད་རེ་ཞུས། ལན་རེར་བསམ་བློ་ཡིས་དབེན་པའི་བླ་སྤྲུལ་འགའ་བཙན་ཤུགས་ཀྱིས་བེད་སྤྱོད་བྱས་ཏེ་ཁོང་རྣམ་པ་དང་ཡང་ན་གོང་ས་མཆོག་ལ་མཚན་དམོད་རེ་ཞུ་རུ་འཇུག་པ་དང༌། ས་གནས་དམག་དཔུང་གི་སྟོབས་ཤུགས་ལ་བརྟེན་ནས་མེ་མདའ་དང་ལྕགས་སྒྲོག་སྒོར་མོ་གསུམ་བཀོལ་ཏེ་བཙན་གནོན་རྐྱང་རྐྱང་བྱེད་པ་ལས། པེ་ཅིན་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཚོ་སེམས་འཚབ་དང་ཀུ་ཡངས་ཀྱི་རྣམ་པ་ཅི་ཡང་མེད་པར་ལྷོད་འདུག་དང་སྐྱིད་འདུག་ཁོ་ན་བྱས་ཡོད།

གནས་ཚུལ་འདིར་བསམ་བློ་ཞིབ་མོ་རེ་བཏང་ན་འདི་ནི་ཆེས་ཡིད་སྐྱོ་ཞིང་ཆེས་ན་ཟུག་སྐྱེ་བའི་གནས་ཚུལ་ཞིག་ཡིན་ཏེ། པེ་ཅིན་སྲིད་གཞུང་གིས་དུས་རྒྱུན་དམངས་གཙོ་ཞེས་པ་ཁ་ནས་མ་ཎི་འདོན་འདོན་བྱེད་ཀྱང་བོད་མི་བརྒྱད་ཅུ་ལྷག་གིས་ཚེ་སྲོག་སྒྲོན་མེ་རུ་བཞག་པའི་ཞུ་འབོད་ལ་དོ་སྣང་ཕྲན་བུ་ཞིག་ཀྱང་མི་བྱེད་པར་ཁོ་ཚོའི་རྐུབ་སྟེགས་འགེབས་ཅི་ཐུབ་བྱེད་པའི་གནས་སྟངས་ནི་སྲིད་དབང་སྒེར་འཛིན་རང་ལུགས་པའི་ལྟ་སྤྱོད་ཕྱི་རུ་མངོན་པའི་རྟགས་མཚན་ཁོ་ན་རེད། འདི་ནི་ཚེ་སྲོག་གི་ཞུ་འབུལ་ཞིག་ཡིན་པ་ལས་ས་སྨྱུག་གི་འབོད་པ་ཞིག་གཏན་ནས་མ་རེད།

ཉེ་བའི་ལོ་འགའི་ནང་དུ་རང་ལུས་ཞུགས་འབུལ་གནང་མཁན་དག་ངོ་སྤྲོད་ཕྲན་བུ་ཞིག་བྱས་ན། རྒྱལ་གཅེས་དཔའ་བོ༡ཐུབ་བསྟན་དངོས་གྲུབ། དབུས་གཙང་གཞིས་རྩེའི་མི་སྐྱ། ཕྱི་སྡོད་བོད་མི། ༢ལྷག་པ་ཚེ་རིང༌། ལྷོ་ཁ་མཚོ་སྣ། ཕྱི་སྡོད་བོད་མི། མི་སྐྱ། ༣བཀྲ་བྷེའམ་བློ་བཟང་བཀྲ་ཤིས། ཨ་མདོ་རྔ་བའི་གྲྭ་བ། ༤བློ་བཟང་ཕུན་ཚོགས། ཨ་མདོ་རྔ་བའི་གྲྭ་བ། ༥ཚེ་དབང་ནོར་བུ།ཁམས་རྟའུ། གྲྭ་བ། ༦བློ་བཟང་སྐལ་བཟང༌། ཨ་མདོ་རྔ་བའི་གྲྭ་བ། ༧བློ་བཟང་དཀོན་མཆོག ཨ་མདོའི་རྔ་བ། གྲྭ་བ། ༨སྐལ་བཟང་དབང་ཕྱུག ཨ་མདོ་རྔ་བ། གྲྭ་བ། ༩ཆོས་འཕེལ། ཨ་མདོ་རྔ་བ། གྲྭ་བ།  ༡༠མཁའ་དབྱིངས། ཨ་མདོ་རྔ་བའི་མི་སྐྱ། ༡༡ནོར་བུ་དགྲ་འདུལ། ཨ་མདོ་རྔ་བ།  མི་སྐྱ།  ༡༢བསྟན་འཛིན་དབང་མོ། ཨ་མདོ་རྔ་བ། བཙུན་མ། ༡༣ཟླ་བ་ཚེ་རིང༌། ཁམས་དཀར་མཛེས་ཀྱི་གྲྭ་བ། ༡༤དཔལ་ལྡན་ཆོས་མཚོ།  ཁམས་རྟའུ།  བཙུན་མ།༡༥ཤེས་རབ་ཚེ་རྡོར། ཕྱི་སྡོད་བོད་མི། མི་སྐྱ། ༡༦བོད་ཕྲུག ཁམས་དཀར་མཛེས། ཕྱི་སྡོད། གྲྭ་བ། ༡༧རོང་ཚ་བསྟན་འཛིན་ཕུན་ཚོགས། ཁམས་ཆབ་མདོ།  མི་སྐྱ། ༡༨བློ་བཟང་ཚུལ་ཁྲིམས། ཨ་མདོ་རྔ་བ། མི་སྐྱ༡༩བསྟན་ཉི། ཨ་མདོ་རྔ་བ། མི་སྐྱ།༢༠སྤྲུལ་སྐུ་བསོད་བྷ་རིན་པོ་ཆེ། ཨ་མདོའི་མགོ་ལོག  སྤྲུལ་སྐུ༢༡བློ་བཟང་འཇམ་དབྱངས། ཨ་མདོའི་རྔ་བ། མི་སྐྱ༢༢རིག་འཛིན་རྡོ་རྗེ། ཨ་མདོའི་རྔ་བ། མི་སྐྱ། ༢༣བསོད་ནམས་རབ་ཡངས། ཁམས་ཁྲིན་འདུ། མི་སྐྱ། ༢༤བསྟན་འཛིན་ཆོས་སྒྲོན། ཨ་མདོའི་རྔ་བ། བཙུན་མ། ༢༥བློ་བཟང་རྒྱ་མཚོ། ཨ་མདོའི་རྔ་བ། གྲྭ་བ། ༢༦དམ་ཆོས། ཨ་མདོའི་བོང་སྟག། གྲྭ་བ། ༢༧སྣང་གྲོལ།ཁམས་འཛམ་ཐང༌། མི་སྐྱ། ༢༨ཚེ་རིང་སྐྱིད། ཨ་མདོའི་རྨ་ཆུ། སློབ་མ་བུད་མེད། ༢༩རིན་ཆེན། ཨ་མདོའི་རྔ་བ། བུད་མེད། ༣༠རྡོ་རྗེ། ཨ་མདོའི་རྔ་བ། མི་སྐྱ། གྴཀྴུ༣༡དགེ་བྷེ། ཨ་མདོའི་རྔ་བ།  མི་སྐྱ། ༣༢འཇམ་དབྱངས་དཔལ་ལྡན། ཨ་མདོའི་རེབ་གོང༌། གྲྭ་བ། ༣༣བློ་བཟང་ཚུལ་ཁྲིམས། ཨ་མདོའི་རྔ་བ། གྲྭ་བ། ༣༤བསོད་ནམས་  དར་རྒྱས་སམ་བསོད་ལོ། ཨ་མདོའི་རེབ་གོང༌། མི་སྐྱ། ༣༥འཇམ་  དཔལ་ཡེ་ཤེས། ཕྱི་སྡོད། མི་སྐྱ། ༣༦ཤེས་རབ་བམ་བློ་བཟང་ཤེས་ རབ། ཨ་མདོའི་རྔ་བའི་གྲྭ་བ། ༣༧བསྟན་པ་དར་རྒྱས། ཨ་མདོ་རྔ་བའི་རྒྱལ་རོང་ཚོ་བདུན། གྲྭ་བ། ༣༨འཆི་མེད་དཔལ་ལྡན། ཨ་  མདོའི་རྔ་བའི་རྒྱལ་རོང་ཚོ་བདུན། གྲྭ་བ། ༣༩ཆོས་འཕགས་སྐྱབས། ཁམས་འཛམ་ཐང༌། མི་སྐྱ། ༤༠བསོད་ནམས། ཁམས་འཛམ་ཐང། མི་སྐྱ། ༤༡རྡོ་རྗེ་ཚེ་བརྟན། ཨ་མདོའི་འབོ་ར། མི་སྐྱ། ༤༢དར་རྒྱས། ཨ་མདོའི་རྔ་བ། མི་སྐྱ། ༤༣རི་ཀྱོ། ཁམས་འཛམ་ཐང༌། བུད་མེད།༤༤རྟ་མགྲིན་ཐར། ཨ་མདོའི་གཅན་ཚ། མི་སྐྱ། ༤༥ངག་དབང་ནོར་འཕེལ། ཨ་མདོའི་རྔ་བ། མི་སྐྱ། ༤༦བསྟན་འཛིན་མཁས་གྲུབ། ཁམས་ཁྲིན་འདུ། མི་སྐྱ། ༤༧ཚེ་དབང་རྡོ་རྗེ། བོད་ལྗོངས་འདམ་གཞུང༌། མི་སྐྱ། ༤༨བློ་བཟང་བློ་འཛིན། ཨ་མདོའི་རྒྱལ་རོང་ཚོ་བདུན་དགོན་པ། གྲྭ་བ། ༤༩བློ་བཟང་བསྟན་འཛིན། ཨ་མདོ་རྔ་བ། གྲྭ་བ། ༥༠བློ་བཟང་ཚུལ་ཁྲིམས། ཨ་མདོ་རྔ་བ། གྲྭ་བ།༥༡སྒྲོལ་དཀར་མཚོ། ཨ་མདོའི་གཙོད། བུད་མེད། ༥༢གཅོད་པ། ཨ་མདོའི་རྔ་བ། མི་སྐྱ། ༥༣ལུང་རྟོགས། ཨ་མདོའི་རྔ་བ། གྲྭ་བ།༥༤བཀྲ་ཤིས། ཨ་མདོའི་རྔ་བ། མི་སྐྱ། ཁོང་གིས་རང་ལུས་ཞུགས་འབུལ་གྱི་རྗེས་ནས་ཟླ་བ་གཅིག་ལྷག་ལ་རང་ལུས་ཞུགས་འབུལ་གྱི་དོན་རྐྱེན་བྱུང་བར་གོ་ཐོས་མ་བྱུང་མོད༌། སྤྱི་ཟླ་བཅུ་བའི་ཚེས་གཅིག་ཉིན། ༥༥ཁམས་རྫ་སྟོད་ཀྱི་མི་སྐྱ་གཡུང་དྲུང་གིས་རང་ལུས་ཞུགས་འབུལ་གནང་སྟེ། གོང་ས་མཆོག་དང་རྒྱལ་བ་ཀརྨ་བ་གཉིས་རང་ཡུལ་དུ་ཕེབས་དགོས་པ་དང༌། མཁས་དབང་བློ་བཟང་སེང་གེ་བོད་ཀྱི་རྒྱལ་བོ་ཡིན་པའི་སྐད་འབོད་སྒྲོག་སྟེ། རང་ལུས་ཞུགས་འབུལ་གནང་སྟེ་སྐུ་གྲོངས། དེའི་རྗེས་༥༦ཁམས་ནག་ཆུ་ཡི་འབྲི་རུ་རྫོང་གི་མི་སྐྱ་རྩོམ་པ་པོ་དགུ་འགྲུབ་ཀྱིས་རང་ལུས་ཞུགས་འབུལ་བྱས་ཏེ་ཞི་རྒོལ་བྱས་ནས་སྐུ་གྲོངས། ༥༧ཨ་མདོ་གཙོད་ཀྱི་མི་སྐྱ་སངས་རྒྱས་རྒྱ་མཚོ་དང༌། ༥༨ཨ་མདོ་གཙོད་ཀྱི་མི་སྐྱ་རྟ་མགྲིན་རྡོ་རྗེ། ༥༩ཨ་མདོ་འབོ་རའི་མི་སྐྱ་ལྷ་མོ་སྐྱབས། ༦༠ཨ་མདོ་ཧོར་ཁ་རྒྱའི་དོན་འགྲུབ། ༦༡ཨ་མདོ་བླ་བྲང་གི་རྡོ་རྗེ་རིན་ཆེན། ༦༢ཨ་མདོ་ཨ་མཆོག་གི་ལྷ་མོ་ཚེ་བརྟན། ༦༣ཨ་མདོ་བསང་ཁོག་གི་ཐུབ་དབང་སྐྱབས། ༦༤ཁམས་ནག་ཆུ་འབྲི་རུ་རྫོང་གི་ཚེ་འཕགས་སོགས་ཀྱིས་སྔ་ཕྱིར་རང་ལུས་ཞུགས་འབུལ་གནང་སྟེ་གོང་ས་མཆོག་གདན་འདྲེན་ཞུ་དགོས་པ་དང་བོད་ལ་རང་དབང་དགོས་པའི་སྐད་འབོད་གནང་སྟེ་སྐུ་གཤེགས། ༦༥ཁམས་ནག་ཆུ་འབྲི་རུ་ཡི་རྒྱལ་གཅེས་དཔའ་བོ་ཚེ་འཕགས་ཀྱི་སྤུན་བསྟན་འཛིན་གྱིས་སྤུན་དང་ལྷན་དུ་རང་ལུས་ཞུགས་འབུལ་གནང་སྟེ་གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དང་བོད་ལ་རང་དབང་དགོས་པའི་འབོད་སྐུལ་གནང་སྐབས་རྒྱ་ནག་ཉེན་རྟོག་པས་ཁོང་གི་སྐུ་ཕུང་ཁྱེར་ཟིན་པས་ད་ལྟ་གསོན་གྲོངས་ཀྱི་གནས་ཚུལ་གསལ་བོ་མི་ཤེས། ༦༦རྡོ་རྗེ་ལྷུན་འགྲུབ། ཨ་མདོ་རེབ་གོང༌། ༦༧རྟ་མགྲིན་མཚོ། ཨ་མདོ་རེབ་གོང་སྒྲོ་རོང་བོ། བུད་མེད། ༦༨རྡོ་རྗེ། ཨ་མདོ་རྔ་བ། གྲྭ་བ། ༦༩བསམ་འགྲུབ། ཨ་མདོ་རྔ་བ། གྲྭ་བ། ༧༠རྡོ་རྗེ་སྐྱབས། ཨ་མདོ་རྔ་བ། གྲྭ་བ། རྒྱལ་གཅེས་དཔའ་བོ་འདི་གསུམ་ཀ་ཨ་མདོ་རྔ་བའི་སྔོ་རྒྱ་དགོན་གྱི་གྲྭ་བ། ༧༡ཚེ་རྒྱལ། ཁམས་ནག་ཆུ་འབྲི་རུ། མི་སྐྱ། ༧༢སྐལ་བཟང་སྦྱིན་པ་རེབ་གོང་མདོ་བའི་མི་སྐྱ། ༧༣མགོན་པོ་ཚེ་རིང་ཨ་མདོ་གཙོད་ཀྱི་ཀླུ་ཤོད། མི་སྐྱ། ༧༤སྙིང་དཀར་བཀྲ་ཤིས། ཨ་མདོ་རེབ་གོང་སྒྲོ་རོང་བོ། མི་སྐྱ། ༧༥སྙིང་ལྕགས་འབུམ་ཨ་མདོ་རེབ་གོང་མདོ་བའི་མི་སྐྱ། ༧༦མཁར་འབུམ་རྒྱལ། ཨ་མདོ་རེབ་གོང་གི་རྒྱལ་བོ་ཀླུ་ཆུ། མི་སྐྱ། ༧༧ ཏིང་འཛིན་སྒྲོན་མ། ཨ་མདོ་རེབ་གོང་གི་བཙན་མོ། བུད་མེད། ༧༨ལྕགས་མོ་སྐྱིད། ཨ་མདོ་རེབ་གོང་གི་སྨད་པ། བུད་མེད། ༧༩གསང་བདག་ཚེ་རིང༌། ཨ་མདོ་རེབ་གོང་གི་མགོན་ཤུལ། མི་སྐྱ། ༨༠དབང་ཆེན་ནོར་བུ། ཨ་མདོ་ཡ་རྫིའི་རྐང་ཚ། མི་སྐྱ། ༨༡ཚེ་རིང་དོན་འགྲུབ།ཨ་མདོ་བླ་བྲང་གི་ཨ་མཆོག མི་སྐྱ། ༨༢ཀླུ་འབུམ། ཨ་མདོ་རེབ་གོང་སྒྲོ་རོང་བོ། མི་སྐྱ། ༨༣རྟ་མགྲིན་སྐྱབས། ཨ་མདོ་མདོ་ལྷོའི་ཀླུ་ཆུ། མི་སྐྱ། ༨༤རྟ་མགྲིན་རྡོ་རྗེ། ཨ་མདོ་རེབ་གོང་མགོན་ཤུལ། མི་སྐྱ། ༨༥སངས་རྒྱས་སྒྲོལ་མ། ཨ་མདོ་རེབ་གོང་མགོན་ཤུལ། བཙུན་མ། བུད་མེད། ༨༦དཀོན་མཆོག་ཚེ་རིང༌། ཨ་མདོ་བླ་བྲང་ཨ་མཆོག་མི་སྐྱ། ༨༧དབང་རྒྱལ། ཁམས་གསེར་རྟ་རྫོང་གི་སློབ་མ། མི་སྐྱ། ༨༨སངས་རྒྱས་བཀྲ་ཤིས། ཨ་མདོ་བླ་བྲང་བསང་ཁོག མི་སྐྱ། ༨༩སྐལ་བཟང་སྐྱབས། ཨ་མདོ་མཛོད་དགེ་རྫོང༌། མི་སྐྱ། ༩༠ཚེ་རིང་རྣམ་རྒྱལ། ཨ་མདོ་ཀླུ་ཆུ་རྫོང༌། ༩༡བན་ཏེ་མཁར། ཨ་མདོ་གཙོད་མཛོད་དགེ་མི་སྐྱ། ༩༢དཀོན་མཆོག་སྐྱབས། ཨ་མདོ་མཛོད་དགེ་རྫོང༌།  མི་སྐྱ།

རྒྱལ་གཅེས་དཔའ་བོ་འདི་དག་གིས་རང་ལུས་མཆོད་མེ་རུ་བཞག་ནས་རེ་བ་གང་ཞིག་འདོན་གྱི་ཡོད་དམ་ཞེ་ན། མི་སྣ་དགུ་བཅུ་ལྷག་གིས་གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང༌། བོད་ལ་རང་དབང་དགོས་པའི་འབོད་སྐུལ་ཞུས་པ་དེ་རེད། མི་གཅིག་གིས་བོད་རང་བཙན་གྱི་འབོད་སྐུལ་གནང་འདུག  སྐད་ཆ་རྒྱུ་འབྲས་ཤིག་བཤད་ན། ད་ལྟའི་པེ་ཅིན་སྲིད་གཞུང་གིས་བོད་རང་བཙན་ནི་དང་ལེན་བྱེད་མི་ཐུབ་པའམ་དང་ལེན་བྱེད་ཐུབ་པའི་དབང་ཆའང་མེད་ཀྱང༌། གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་བ་དང་བོད་མི་རིགས་ལ་ཐོབ་འོས་པའི་རང་དབང་ཞིག་སྟེར་རྒྱུའི་དབང་ནུས་ཁོ་ཚོ་ཡོད་ལ། དབང་ནུས་དེ་བཀོལ་འོས་པ་ཞིག་ཡིན་མོད། ཁོ་ཚོས་སྲིད་དབང་སྒེར་གཅོད་བྱས་ཏེ། ལག་ནས་ས་གནས་དམག་དཔུང་ལ་བརྟེན་ནས་མེ་མདའ་དང་ལྕགས་སྒྲོག་བཀོལ་ནས་མི་དམངས་ལ་བཙན་གནོན་རྐྱང་རྐྱང་བྱེད་པ་དང༌།ཁ་ནས་ཁ་བྲལ་ལ་ངོ་རྒོལ་བྱེད་དགོས་ཞེས་གོང་ས་མཆོག་དགྲ་རུ་བཟུང་བ་དང་དཔའ་བོ་འདི་དག་གི་འབོད་སྐུལ་སྣང་མེད་དུ་བཞག་ནས་སྲིད་དབང་སྒེར་གཅོད་བྱས་ཏེ་མི་དམངས་དུང་ཕྱུར་མང་བོའི་མ་འོངས་པའི་སྐྱིད་སྡུག་ལ་བསམ་གཞིག་རྣལ་མ་ཞིག་མི་གཏོང་བར་སྐྱིད་འདུག་ལྷོད་འདུག་འདྲ་བོ་བྱེད་ཀྱི་ཡོད་མོད། དོན་དངོས་ཀྱིས་རང་ལུས་མཆོད་མེ་རུ་འབུལ་མཁན་གྱི་མི་སྣ་འདི་དག་ནི་ཚོགས་པ་གང་རུང་ཞིག་དང་ཡང་ན་བླ་སྤྲུལ་གང་རུང་ཞིག་གིས་སྐུལ་སློང་བྱས་ཏེ་རང་ལུས་ཞུགས་འབུལ་བྱས་པ་མ་ཡིན་པར་བོད་མི་ས་ཡ་དྲུག་གི་བརྒྱ་ཆའི་གོ་བརྒྱད་ཀྱི་དཀའ་སྡུག་གི་ལོ་ཟླ་དང་རེ་བའི་ཕུགས་བསམ་དང་དུ་བླངས་པའི་རླབས་ཆེན་གྱི་རྒྱལ་གཅེས་དཔའ་བོ་བརྒྱད་ཅུ་ལྷག་རེད།

རྒྱུ་མཚན་འདིའི་དབང་གིས་པེ་ཅིན་སྲིད་གཞུང་གི་མཐོ་རིམ་མི་སྣ་ཚོས་གོང་ས་མཆོག་དགྲ་རུ་འཛིན་པ་དང་རང་ལུས་ཞུགས་འབུལ་གནང་མཁན་རྣམ་པའི་རེ་བ་སྣང་མེད་དུ་བཞག་པ་ནི་བོད་མི་ས་ཡ་དྲུག་གི་བརྒྱ་ཆའི་དགུ་བཅུ་ལྷག་དགྲ་རུ་བཟུང་བ་དང་ཁོང་རྣམ་པའི་རེ་བ་དང་དཀའ་སྡུག་སྣང་མེད་དུ་བཞག་པ་ཞིག་དང༌། བོད་མི་ས་ཡ་མང་བོའི་བསམ་བློ་དང་དད་འདུན་ལ་དབྱེ་ཞིབ་ཕྲན་བུ་ཙམ་ཡང་བྱས་མེད་པའི་མངོན་རྟགས་ཕྱི་རུ་བུད་པ་ཞིག་རེད།

༡པེ་ཅིན་སྲིད་གཞུང་དང་ལྷག་པར་དུ་བུན་ཅ་པོ་ཡིས་རང་ལུས་ཞུགས་འབུལ་ལམ་མེར་བསྲེགས་གནང་མཁན་རྣམ་པ་ནི་འཇིགས་སྐུལ་དྲག་སྤྱོད་པའི་བྱ་སྤྱོད་ཡིན་པར་བརྗོད་པ་ནི་ངོ་མ་ཆེས་མུན་ནག་གི་སྲིད་གཞུང་དང་མཐོ་རིམ་མགོ་ཁྲིད་ངོ་ཚ་མེད་པ་ཞིག་གི་སྐད་ཆ་ཡིན་ཏེ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐོ་རིམ་དབུ་ཁྲིདམང་བོ་ཞིག་གིས་གཙོ་བྱས་ཏེ། ཧྥ་རན་སུ།འཇར་མན། ཡེ་ཀྲ་ལས། དབྱིན་ཇུ། སི་པན། སོགས་ཡོ་རོབ་གནའ་འབྲེལ་རྒྱལ་ཚོགས་ཀྱི་མཐོ་རིམ་དབུ་ཁྲིད་ཧ་ཅང་མང་བོ། དེ་བཞིན་ཨ་རི་དང༌། ལྷོ་ཨ་ཧྥེ་རི་ཀ། རྒྱ་གར། འཇར་པན། ཨོ་སི་ཁྲུ་ལེ་ཡ། ཧིན་རྡུ་ཉི་ཞི་ཡ་སོགས་འཛམ་གླིང་གི་རྒྱལ་ཁབ་ཧ་ཅང་མང་བོའི་དབུ་ཁྲིད་དང་དམངས་གཙོའི་རྒྱབ་སྐྱོར་བ་རྣམས་ཀྱིས་འདི་ནི་ཧ་ཅང་ཐབས་ཟད་འུ་ཐུག་གི་ཆེས་ཞི་བའི་རྒོལ་ལན་ཞིག་ལ་ངོས་འཛིན་གནང་གི་ཡོད་ཀྱང༌། པེ་ཅིན་སྲིད་གཞུང་གི་མཐོ་རིམ་མགོ་ཁྲིད་ཚོའི་སྣང་ངོར་འཇིགས་སྐུལ་དྲག་སྤྱོད་པར་སོང་བའི་རྒྱུ་མཚན་ཅི།

རྒྱུ་མཚན་འདིར་བོད་ཀྱི་དཔྱོད་ལྡན་པ་རྣམས་ཀྱིས་དབྱེ་ཞིབ་འདི་ལྟར་གཏོང་གི་ཡོད་དེ། པེ་ཅིན་སྲིད་གཞུང་གིས་ལོ་རབས་བརྒྱད་ཅུ་བའི་ནང་དུ་དྲུག་བཞིའི་སློབ་མའི་ཞི་རྒོལ་ལ་དྲག་གནོན་བྱས་པ་བཞིན་ད་ལྟ་ང་ཚོའི་བོད་པའི་སྟེང་དུའང་དྲག་གནོན་བྱེད་འདོད་པའི་མངོན་བརྡའམ་མངོན་རྟགས་རེད་ཅེས་བཤད་ཀྱིན་ཡོད། ད་དུང་གསལ་བཤད་བྱ་རྒྱུ་ཞིག་ནི། བུན་ཅ་པོ་ཡི་སྐད་ཆ་འདི་ནི་བུན་ཅ་པོ་ཡི་ཡིད་ལ་ཤར་བ་ཁོ་ན་མ་ཡིན་པར་པེ་ཅིན་སྲིད་གཞུང་གི་གྲོས་མོལ་ཞིག་ཡིན་པའི་ཚོར་བ་བདག་ལ་དུས་རྒྱུན་ཡོད་པས་ང་ཁོ་ཚོར་རྒྱུ་འབྲས་ཀྱི་གནས་ལུགས་ཤིག་བཤད་ཀྱི་ཡོད་པ་ནི། རྒྱ་ནག་མི་དམངས་ཀྱིས་རང་གི་རྒྱལ་ཁབ་ཀྱི་ཁེ་དབང་མི་དམངས་ཀྱི་ཁེ་དབང༌། འབྱོར་མེད་གྲལ་རིམ་གྱི་ཁེ་དབང་གི་ཆེད་དུ་མི་གྲངས་ས་ཡ་མང་བོའི་ཚེ་སྲོག་ཕུལ་བ་ནི་པེ་ཅིན་སྲིད་གཞུང་གིས་འཇིགས་སྐུལ་དྲག་སྤྱོད་པར་ངོས་འཛིན་ཞུ་ཐུབ་བམ། ད་དུང་གསལ་བཤད་བྱ་རྒྱུ་ནི་རྒྱ་ནག་གི་གསར་བརྗེ་བ་འདི་དག་གིས་འཇར་དམག་དང་ཚོགས་པ་གཞན་པའི་མི་ས་ཡ་མང་བོ་བསད་ཡོད་ཀྱང༌། རང་ལུས་ཞུགས་འབུལ་གྱིས་བོད་མི་དམངས་ཀྱི་ཁེ་དབང་རྩོད་མཁན་གྱི་བོད་ཀྱི་རྒྱལ་གཅེས་དཔའ་བོ་རྣམ་པས་ཚོགས་པ་གཞན་དང་ཡང་ན་མི་རིགས་གཞན་ལ་གནོད་འཚེ་ཁབ་གཙག་ཙམ་ཡང་བྱས་མེད་པར་རང་གི་ཚེ་སྲོག་མེ་རུ་སྒྲོན་ནས་རང་མི་རིགས་ཀྱི་ཆོས་དད་རང་དབང་དང་རིག་གནས་ཁེ་དབང་གི་ཞུ་འབོད་ནི་འཇིགས་སྐུལ་བ་དང་དྲག་སྤྱོད་དུ་སྨྲ་མཁན་ནི་མིག་གཉིས་ལོང་བར་གྱུར་བའི་མུན་ནག་གི་སྲིད་གཞུང་དང་ཡང་ན་མིག་ལོང་བར་གྱུར་བའི་མུན་ནག་མགོ་ཁྲིད་ཅིག་གི་སྐད་ཆ་ཡིན་པ་ལས། མིག་དང་ལྡན་ལ་སེམས་དང་ལྡན་པའི་མི་ཞིག་གིས་འདི་ལྟར་སྨྲ་སྲིད་དམ།

༢་པེ་ཅིན་སྲིད་གཞུང་གིས་རང་ལུས་ཞུགས་འབུལ་ལམ་མེར་བསྲེགས་གནང་མཁན་རྣམ་པའི་བྱ་སྤྱོད་ནི་ནང་བའི་ཆོས་ཀྱི་གཞུང་ལུགས་དང་འགལ་ཡོད་པར་བཤད་པ་ནི་མུན་ནག་གི་གཏམ་བཤད་ཅིག་ཡིན་ཏེ།  ནང་བའི་ཆོས་ལུགས་སུ་གཞན་དོན་དུ་རང་སྲོག་བློས་གཏོང་བ་ནི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞིག་ཡིན་པ་ནི། སྟོན་པ་ཐུགས་རྗེ་ཅན་གྱི་རྣམ་ཐར་ལ་བལྟས་ན་ཤེས་ཐུབ་སྟེ། ཁོང་གིས་སློབ་པ་ལམ་གྱི་གནས་སྐབས་སུ་སྟག་མོ་མ་བུ་འགའ་མུ་གེར་འཆི་ལ་ཉེ་བ་ཐུགས་ཀྱིས་མ་བཟོད་པར་རང་གི་སྐུ་ལུས་སྦྱིན་ཏེ། སྐུ་སྲོག་བློས་བཏང་ནས་སྟག་མོ་མ་བུ་གསུམ་གྱི་སྲོག་སྐྱབས་པ་དེ་ནི་དེང་སྐབས་བརྩམས་ཆོས་མང་བོའི་ཁྲོད་སྟག་མོ་ལུས་སྦྱིན་གྱི་མཛད་པ་ཞེས་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད་པ་རེད། ཐེག་པ་ཆེན་པོའི་ཆོས་ཉམས་སུ་ལེན་མཁན་གྱི་སྐྱེས་བུ་ཆེན་པོ་ཞིག་ཡིན་ན་འགྲོ་བ་སེམས་ཅན་གྱི་དོན་དུ་རང་གི་ཡོད་ཚད་བློས་གཏོང་ཐུབ་པ་ནི། དཔེར་ན། སེམས་ཅན་གཅིག་གི་དོན་དུ་དམྱལ་བའི་མེ་ནང་དུ་ལོ་དུང་ཕྱུར་མང་བོ་འདུག་དགོས་ཀྱང་འདུག་ཐུབ་པ་ཞིག་ཡིན་དགོས་པར། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཞལ་ནས། སེམས་ཅན་རེ་རེའི་ཕྱིར་ཡང་མནར་མེད་པའི་མེ་ནང་བསྐལ་བ་རྒྱ་མཚོར་གནས་དགོས་ཀྱང་སྙིང་རྗེ་མི་སྐྱོ་བྱང་ཆུབ་མཆོག་བརྩོན་པསབརྩོན་འགྲུས་ཕར་ཕྱིན་རྫོགས་པར་བྱིན་གྱིས་རློབསཞེས་གསུངས་ཡོད་པ་རེད། རྒྱུ་མཚན་འདིའི་དབང་གིས་འགྲོ་བ་སེམས་ཅན་ནམ་རང་གི་མི་རིགས་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་རང་སྲོག་བློས་བཏང་བ་ནི་ཆོས་དང་མཐུན་པ་མ་ཟད། ཆོས་ཕུལ་དུ་བྱུང་བ་ཐེག་པ་ཆེན་པོའི་ཆོས་སུ་འགྲོ་བས་འདི་ལ་མུན་ནག་གི་སྲིད་གཞུང་གི་མུན་ནག་གི་མགོ་ཁྲིད་ཅིག་དང་ཡང་ན་དེའི་རྒྱུག་ཁྱི་ཞིག་གིས་མ་གཏོགས་འདི་ལྟར་བཤད་མི་སྲིད།

༣པེ་ཅིན་སྲིད་གཞུང་གིས་རང་ལུས་ཞུགས་འབུལ་གྱི་ཞི་རྒོལ་ནི་གོང་ས་མཆོག་གིས་སྐུལ་སློང་འོག་དགེ་འདུན་པ་ཉུང་ཤས་ཤིག་གི་བྱ་སྤྱོད་དང་ལྟ་ཚུལ་ཡིན་པར་བཤད་པ་ནི་ངོ་མ་ཆེས་མུན་ནག་གི་ལྟ་ཚུལ་ཞིག་ཡིན་ཏེ།ད་ལྟའི་བར་དུ་རང་ལུས་ཞུགས་འབུལ་ལམ་མེར་བསྲེགས་བཏང་སྟེ།  ཞི་རྒོལ་གནང་མཁན་གྱི་གཞིས་སྡོད་བོད་མི་བརྒྱད་ཅུ་ལྷག་དང༌།  ཕྱི་སྡོད་བོད་མི་ལྔ་ཡིས་རང་ལུས་ཞུགས་འབུལ་གནང་བ་ལས་བརྒྱད་ཅུ་ལྷག་སྐུ་གྲོངས་པ་དང་བཅུ་གསོན་ཙམ་བྱུང་ཡོད་མོད་ཕྱི་སྡོད་བོད་མི་གསུམ་མ་གཏོགས་གཞན་རྣམས་རྨས་སྐྱོན་ཧ་ཅང་ཚབས་ཆེན་འོག་གསོན་ཙམ་བྱུང་ཡོད་ཀྱང་ད་དུང་ཁྲིམས་འོག་ཏུ་མནར་གཅོད་འཁུར་བཞིན་ཡོད། ས་གནས་གང་ཞིག་ཏུ་དཔའ་བོ་གཅིག་གིས་རང་ལུས་ཞུགས་འབུལ་བྱས་ཚེ། ས་གནས་དེའི་བོད་མི་སྟོང་ཕྲག་ནས་ཁྲི་ཕྲག་བརྒལ་བས་གདུང་སེམས་མཉམ་སྐྱེད་དང་སྐྱིད་སྡུག་མཉམ་རོལ་གྱི་སེམས་པ་མཚོན་ཕྱིར་དཔལ་འབྱོར་གྱི་རོགས་སྐྱོར་གནང་བ་དང་བསྔོ་སྨོན་གཤིན་ཆོས་སྒྲུབ་བཞིན་ཡོད། དཔེར་ན། ང་ཚོའི་རེབ་གོང་ས་གནས་ནས་རྒྱལ་གཅེས་དཔའ་བོ་འཇམ་དབྱངས་དཔལ་ལྡན་དང་བསོད་ནམས་དར་རྒྱས། རྟ་མགྲིན་ཐར། རྡོ་རྗེ་ལྷུན་འགྲུབ། རྟ་མགྲིན་མཚོ། སྐལ་བཟང་སྦྱིན་པ། སྙིང་དཀར་བཀྲ་ཤིས། སྙིང་ལྕགས་འབུམ། མཁར་འབུམ་རྒྱལ། ཏིང་འཛིན་སྒྲོལ་མ། ལྕགས་མོ་སྐྱིད། གསང་བདག་ཚེ་རིང༌། ཀླུ་འབུམ་ཚེ་རིང༌། རྟ་མགྲིན་རྡོ་རྗེ། སངས་རྒྱས་སྒྲོལ་མ། སོགས་ཀྱིས་རང་ལུས་ཞུགས་འབུལ་གནང་སྐབས། ས་གནས་བོད་མི་རྣམས་གཙོ་བྱས་ཏེ། ལ་ལས་མྱ་ངན་སྨོན་ལམ་འཚོགས་པ། ལ་ལས་ཞུགས་འབུལ་སྨོན་ལམ་གསུངས་པ། སྦྱིན་སྲེག་རོགས་རམ་བྱེད་པ། ལ་ལས་གཤིན་ཆོས་རོགས་དངུལ་འབུལ་བ། ལ་ལས་མྱ་ངན་སྙན་ཚིག་འབྲི་བ་སོགས་ཁྱོན་བསྡོམས་ས་གནས་བོད་མི་སེར་སྐྱ་འབུམ་ཕྲག་ལྷག་གིས་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་གདུང་སེམས་མཉམ་སྐྱེད་དང་སྐྱིད་སྡུག་མཉམ་རོལ་གྱི་བྱེད་སྒོ་སྣ་ཚོགས་སྤེལ་འདུག་པ་བདག་ལ་མིག་མཐོང་ལག་ཟིན་བྱུང་བཞིན་ཀུན་གྱིས་གླེང་བཞིན་འདུག  གནས་ཚུལ་འདིའི་སྟེང་ནས་དོན་དངོས་ཀྱི་གནས་ཚུལ་ཞིག་ཤེས་ཐུབ་པ་ནི། རེབ་གོང་ས་ཆར་མཚོན་ན་ད་ལྟའི་བར་དུ་རང་ལུས་ཞུགས་འབུལ་གནང་མཁན་ཁོང་རྣམ་པ་ལས་མེད་ཀྱང་ཁོང་རྣམ་པ་དང་བསམ་བློ་དང་འདུ་ཤེས་གཅིག་པ། ཕུགས་བསམ་གཅིག་པའི་བོད་མི་འབུམ་ལྷག་ཡོད་པ་མངོན་སུམ་གྱིས་ཤེས་ཐུབ། དེ་བཞིན་བོད་ཁམས་ཀྱི་རང་ལུས་ཞུགས་འབུལ་གནང་མཁན་རྣམ་པའི་དུར་ཕུང་ཞུགས་འབུལ་སྐབས་སུ་བོད་ཀྱི་བླ་ཆེན་ཞིག་སྐུ་གྲོངས་པ་ལས་ཀྱང་མྱ་ངན་ཕེབས་སྐྱེལ་ཞུ་མཁན་མང་བ་བརྙན་འཕྲིན་དང་ཁ་པར་དྲ་ངོས་སོགས་སུ་མཐོང་རྒྱུ་ཤིན་ཏུ་མང་བར་དཔག་ནའང་རང་ལུས་ཞུགས་འབུལ་གནང་མཁན་རྣམ་པའི་རྒྱབ་ཏུ་ཁོང་རྣམ་པ་དང་ཕུགས་བསམ་དང་དཀའ་སྡུག་གཅིག་པའི་བོད་མི་ས་ཡ་དྲུག་གི་བརྒྱ་ཆའི་བརྒྱད་ཅུ་ལྷག་ཡོད་པ་གསལ་བོར་ཤེས་ཐུབ་པས་པེ་ཅིན་སྲིད་གཞུང་གིས་དགེ་འདུན་པ་རེ་གཉིས་ཀྱི་ལྟ་ཚུལ་ཡིན་པར་བརྗོད་པ་ནི་ཆེས་མུན་ནག་གི་སྐད་ཆ་ཞིག་ཡིན་པ་བདེན་དཔང་གསལ་ཐག་ཆོད་པ་ཡིན།

༤ཡང་པེ་ཅིན་སྲིད་གཞུང་གིས་རྒྱལ་གཅེས་དཔའ་བོ་འདི་དག་ལ་གོང་ས་མཆོག་གིས་སྐུལ་སློང་བྱས་ནས་རང་ལུས་ཞུགས་འབུལ་གནང་བ་རེད་ཅེས་བཤད་པ་དེ་ཡང་མུན་ནག་གི་སྐད་ཆ་ཞིག་ཡིན་ཏེ། གོང་ས་མཆོག་གིས་དུས་རྒྱུན་བོད་མི་རྣམས་མ་ཟད། མཐའ་ན་ཕྱིའི་རྒྱལ་ཁབ་ཁག་གི་དད་ལྡན་མི་སྣ་ཡོད་དོ་ཅོག་ལ་འཚེ་མེད་ཞི་བདེའི་གྲོས་མོལ་གྱི་ལམ་སྟོན་ཁོ་ན་གནང་གི་ཡོད་པས་བོད་མི་རིགས་ལ་རང་ལུས་ཞུགས་འབུལ་གྱིས་ཞི་རྒོལ་སྤྲོད་ཅེས་གཏན་ནས་གསུངས་མི་སྲིད། ཡང་ཅིག་བཤད་ན་དུས་རྒྱུན་ཁོང་གིས་རྒྱ་བོད་གཉིས་ཕན་གྱི་དབུ་མའི་ལམ་གྱི་ཐབས་ཇུས་ནམ་ཡང་འགྱུར་མེད་སྒོས་གསུངས་བཞིན་ཡོད་ནའང་མུན་ནག་གི་སྲིད་གཞུང་གིས་ཁོང་ལ་མཚན་དམོད་སྣ་ཚོགས་ཞུ་རྒྱུ་ལས་པེ་ཅིན་སྲིད་གཞུང་གིས་གསེར་ལ་གསེར་གྱི་འདུ་ཤེས་ཅི་ཡང་ཚོར་གྱི་མེད་པ་ནི། བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པས་རང་ལུས་ཞུགས་འབུལ་གནང་དགོས་པའི་རྒྱུ་རྐྱེན་ངོ་མ་གཅིག་རེད།

ད་དུང་གོང་ས་མཆོག་གིས་ཁྱེད་ཀྱིས་རང་ལུས་ཞུགས་འབུལ་བྱས་ཏེ་བོད་དོན་རྩོད་ཅེས་གསུངས་ཡོད་པའི་བདེན་དཔང་ཞིག་ཡོད་ན་པེ་ཅིན་སྲིད་གཞུང་གིས་བོད་མི་དམངས་ལ་ངེས་པར་དུ་སྟོན་སྲིད་ཀྱང་སྟོན་རྒྱུ་མེད་པ་འདིས་པེ་ཅིན་སྲིད་གཞུང་གིས་རང་ལུས་ཞུགས་འབུལ་ནི་ཁོ་ཚོའི་སྲིད་ཇུས་ཀྱི་ནོར་འཁྲུལ་ལས་བྱུང་བ་ཁོ་ཚོས་ཀྱང་ཤེས་ཡོད་མོད། ཤེས་ཀྱང་མ་ཤེས་ཁུལ་གྱིས་གོང་ས་མཆོག་ལ་སྐུར་འདེབས་ཀྱི་ལམ་ནས་མཚན་དམོད་ཞུ་བཞིན་པ་ནི་མུན་ནག་གི་སྲིད་གཞུང་ཞིག་གི་སྤྱོད་ངན་ཕྱི་རུ་བུད་པའི་བདེན་དཔང་དུ་འགྱུར་སྲིད།

༥པེ་ཅིན་སྲིད་གཞུང་གིས་རང་ལུས་ཞུགས་འབུལ་གནང་མཁན་རྣམ་པས་རྒྱལ་ཁབ་རྩ་མེད་དུ་གཏོང་འདོད་པ་རེད་ཅེས་དུས་རྒྱུན་མི་དམངས་ལ་གསར་འགྱུར་བརྒྱུད་ལམ་ན་སྒྲོག་བཞིན་ཡོད་པ་དེ་ཡང་མུན་ནག་གི་སྐད་ཆ་ཞིག་ཡིན་ཏེ། བོད་མི་དགུ་བཅུ་ལྷག་གིས་རང་སྲོག་བློས་བཏང་ནས་ཐོབ་འདོད་པའི་རེ་བ་ནི་གོང་ས་མཆོག་རང་གི་ཕ་ཡུལ་ལ་ཕེབས་ཐུབ་པ་དང༌། བོད་ལ་ཐོབ་འོས་པའི་སྐད་ཡིག་དང་ཆོས་ལུགས་བཀོལ་སྤྱོད་རང་དབང་ངོ་མ་ཞིག་རྩོད་ཀྱི་ཡོད་པ་དེ་རེད། ཡིན་ནའང་པེ་ཅིན་སྲིད་གཞུང་གིས་རང་ལྟ་མཁྲེགས་འཛིན་གྱིས་ཁོང་རྣམ་པའི་ཚེ་སྲོག་གི་སྐད་འབོད་དང་སྐད་འབོད་དེའི་རིན་ཐང་ལ་དོ་སྣང་ཕྲན་བུ་ཙམ་ཡང་མི་བྱེད་པར་མེ་མདའ་དང་དབང་ཤུགས། ཁྲིམས་གཅོད་དང་གཅར་རྡུང་སོགས་དབང་ཤུགས་ཁོ་ནས་ཁོ་ཚོའི་སྐད་འབོད་ལ་མནར་གཅོད་གཏོང་བཞིན་པ་ནི་ཆེས་གདུག་རྩུབ་ཆེ་བའི་མུན་ནག་གི་སྲིད་གཞུང་ཞིག་གི་དཔང་རྟགས་མ་ཡིན་ནམ།

༦པེ་ཅིན་སྲིད་གཞུང་གིས་དུས་རྒྱུན་གསར་ལམ་སྣ་ཚོགས་སུ་བོད་ཀྱི་རང་ལུས་ཞུགས་འབུལ་ལམ་མེར་བསྲེགས་གནང་མཁན་རྣམས་ནི་བོད་ཀྱི་ན་གཞོན་བསམ་མེད་འགར་ཕྱི་ཕྱོགས་ནས་སློབ་གསོའི་མགོ་སྐོར་ཐེབས་ཚུལ་གླེང་བ་ནི་མུན་ནག་གི་སྐད་ཆ་ཞིག་ཡིན་ཏེ། ད་ལྟའི་བར་དུ་རང་ལུས་ཞུགས་འབུལ་གནང་མཁན་དགུ་བཅུ་ལྷག་ཡོད་པའི་ཁྲོད་དུ་བྱིས་པའི་ཨ་མ་དང་ཨ་ཕ་མང་བོ་ཡོད་པ་མ་ཟད། སྤྲུལ་སྐུ་དང་བཙུན་མ། མི་སྐྱ་དང་སློབ་མ། གྲྭ་བ་སོགས་མི་ཧ་ཅང་མང་བོ་ཞིག་ཡོད། དེའི་ཁྲོད་ཀྱི་ལོ་ན་ཆེས་ཆེ་བ་རང་ལོ་དྲུག་ཅུ་རེ་བཞི་ཡིན་ལ་ཆེས་ཆུང་བའང་རང་ལོ་བཅུ་དྲུག་ཡིན་པས་ཆེས་ཆུང་བའི་ན་གཞོན་དེ་ཡང་བསམ་བློ་དང་བློ་ཁོག་ཚད་ལྡན་གྱི་དུས་སུ་སླེབས་འདུག་པས་གཞན་གྱི་སློབ་གསོས་མགོ་སྐོར་གཏོང་སླ་བའི་བྱིས་པའི་ལོ་ཚད་ལས་ཡོངས་སུ་བརྒལ་འདུག་པས་པེ་ཅིན་སྲིད་གཞུང་གི་སྐད་ཆ་དེ་ནི་ཆེས་ཡིད་ཆེས་བྱེད་མི་ཐུབ་པའི་བརྟག་དཔྱད་མེད་པའི་མུན་ནག་གི་སྐད་ཆ་ཞིག་རེད།

མདོར་ན། ཨ་མདོ་རྔ་བ་གཙོ་བྱས་མདོ་དབུས་ཁམས་གསུམ་གྱི་བོད་མི་དགུ་བཅུ་ལྷག་གིས་རང་ལུས་ཞུགས་འབུལ་བྱས་ཏེ། པེ་ཅིན་སྲིད་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་གྱིས་གོང་ས་མཆོག་རང་ཡུལ་དུ་ཕེབས་སུ་འཇུག་དགོས། བོད་མི་དམངས་ལ་རང་དབང་དགོས་ཞེས་སྐད་འབོད་གནང་བ་ནི་འཛམ་བུ་གླིང་དུ་ལོ་ངོ་ཁྲི་ཕྲག་ལ་བྱུང་མ་མྱོང་བའི་ཞི་རྒོལ་ཆེན་མོ་ཞིག་རེད། ཡིན་ནའང་པེ་ཅིན་སྲིད་གཞུང་གིས་མིའི་ཚེ་སྲོག་ལས་སྒོར་མོ་དང་རྐུབ་སྟེགས་གལ་ཆེ་བར་བརྩིས་ནས་མཐའ་ན་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྐབས་སུའང་སྒོར་མོ་ཁོ་ན་གླེང་བ་ལས་རྙེད་དཀའ་བའི་མི་ལུས་དགུ་བཅུའི་རིན་ཐང་གི་སྐད་འབོད་ལ་དོ་སྣང་ཕྲན་བུ་ཙམ་ཡང་མི་བྱེད་པར་རྩིས་མེད་དུ་བཏང་བ་ནི་པེ་ཅིན་སྲིད་གཞུང་གིས་བོད་མི་རིགས་ཀྱི་དཀའ་སྡུག་དང་ཐོབ་ཐང་རྩིས་མེད་གཏོང་གི་ཡོད་པའི་དཔང་རྟགས་གལ་ཆེན་ཞིག་ཡིན་པ་མ་ཟད། ཁོ་ཚོས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་དུ་གཏོང་གི་ཡོད་པའི་དཔང་རྟགས་གལ་ཆེན་ཞིག་ཀྱང་རེད།

མཇུག་མཐར་ངས་ཆེས་ཚབས་ཆེ་བའི་གནས་ཚུལ་འདི་དང་འབྲེལ་ནས་པེ་ཅིན་སྲིད་གཞུང་ལ་རེ་བ་ཞིག་ཞུ་འདོད་པ་ནི། པེ་ཅིན་སྲིད་གཞུང་གི་མགོ་ཁྲིད་ཚོས་བོད་མི་ཧ་ཅང་མང་བོ་ཞིག་གིས་རང་ལུས་མཆོད་མེ་རུ་བཞག་སྟེ། ཞུ་འབོད་ཀྱི་ལས་དོན་དག་ལ།ཆེས་བརྟག་དཔྱད་མེད་པའི་སྐད་ཆ་དང༌། རྒྱུ་འབྲས་མེད་པའི་སྐད་ཆ། སྐུར་འདེབས་ཀྱི་སྐད་ཆ། མདོར་ན་སྲིད་དབང་སྒེར་འཛིན་གྱི་རྫུན་གཏམ་མང་བོ་བཤད་ནས་འདུག་པ་ལས། འཛམ་གླིང་ལོ་རྒྱུས་ཁྲོད་དུ་བྱུང་མ་མྱོང་བའི་ཞི་རྒོལ་ཚབས་ཆེན་འདི་ལ་བརྟག་དཔྱད་རྒྱུ་འབྲས་ཤིག་བྱས་ཏེ། ཕྱིན་ཆད་དོན་རྐྱེན་འདི་འདྲ་མི་འབྱུང་བའི་ཐབས་ལམ་ཡང་དག་ཅིག་གི་དབུ་ཁྱུད་བརྩམས་ན་ལེགས་ཞེས་བཤད་འདོད་པ་དེ་ཡིན། ད་དུང་གསལ་བཤད་ཅིག་བྱས་ན། ཁོང་རྣམ་པས་རང་ལུས་མཆོད་མེ་རུ་བཞག་ནས་གོང་ས་མཆོག་ཕ་ཡུལ་ལ་གདན་འདྲེན་ཞུས་ཏེ་མཇལ་ཁ་ཞིག་ཞུ་འདོད་པ་དེ་དང༌། བོད་མི་རིགས་ལ་ཐོབ་འོས་པའི་རང་དབང་ཆུང་ཆུང་ཞིག་རྩོད་ཀྱི་ཡོད་པས་པེ་ཅིན་སྲིད་གཞུང་གིས་གནས་ཚུལ་འདི་ཚབས་ཆེ་ནས་ཚབས་ཆེན་དུ་འགྲོ་རུ་འཇུག་པ་ལས་སྔ་ས་ནས་ཆུང་དུ་གཏོང་རྒྱུའི་རེ་འབོད་ཞུས་པ་ཡིན།

༄༅། བཙན་བྱོལ་བོད་གཞུང་དང་པེ་ཅིན་སྲིད་གཞུང༌།

ང་རང་པེ་ཅིན་སྲིད་གཞུང་ཆགས་སའི་པེ་ཅིན་གྲོང་ཁྱེར་ལ་སོང་མ་མྱོང་བ་མ་ཟད། བཙན་བྱོལ་སྲིད་གཞུང་ཆགས་སའི་རྒྱ་གར་ལ་ཡང་སོང་མ་མྱོང༌། ཡིན་ནའང་ང་རང་ཕྱོགས་གཅིག་ནས་པེ་ཅིན་སྲིད་གཞུང་གི་དར་ཆའི་འོག་ནས་སྐྱེས་ཤིང་རྒས་བཞིན་པའི་མི་ལོ་སོ་དྲུག་ཅན་གྱི་གྲྭ་རྒན་ཞིག་ཡིན་ལ། ཕྱོགས་གཞན་ཞིག་ནས་རུས་བརྒྱུད་བོད་ལས་ཆད་པའི་བོད་རིགས་རྣལ་མ་ཞིག་དང་བོད་ཀྱི་ཤེས་ཡོན་པ་ཆུང་ཆུང་ཞིག་གི་མིང་བཟུང་ཡོད་པའི་ཆ་ནས་ངས་དུས་རྒྱུན་བརྡ་འཕྲིན་དང་ཁ་བརྡ། གསར་འགྱུར་དང་དཔེ་དེབ་སྣ་ཚོགས་ལ་བརྟེན་ནས་སྲིད་གཞུང་འདི་གཉིས་ཀྱི་འཕེལ་རིམ་དང་ཁ་ཕྱོགས། ཡང་ན་མདུན་ལམ་དང་དམིགས་འབེན་ལ་བསམ་བློ་གཏོང་བ་དང་ཞིབ་འཇུག་ཕྲན་བུ་རེ་མི་བྱེད་རང་བྱེད་རེད།

བཙན་བྱོལ་བོད་གཞུང་ནི་སྤྱི་ལོ་༡༩༥༠ལོར་པེ་ཅིན་དམར་དམག་གིས་ཁམས་ཆབ་མདོ་ནས་བོད་དམག་སྟོང་ཕྲག་མང་བོ་དམར་གསོད་བཏང་སྟེ། བོད་ཀྱི་དམག་དཔུང་ཕམ་ཉེས་སུ་བཏང་རྗེས། ང་ཕོད་སོགས་བོད་ཀྱི་བཀའ་ཤག་གི་དཔོན་པོ་སྐོར་ཅིག་པེ་ཅིན་དུ་བཀུག་ནས་དོན་ཚན་བཅུ་བདུན་ཞེས་པར་མིང་རྟགས་བཀོད་དུ་བཅུག་སྟེ། སྤྱི་ལོ༡༩༥༩ལོར་བོད་ས་ཡོངས་རྫོགས་རྒྱ་ནག་རྒྱལ་ཁབ་ཆེན་པོའི་མངའ་འོག་ཏུ་ཚུད་པ་རེད། ཡིན་ནའང་ལོ་དེར་བོད་ཀྱི་ཞི་རྒོལ་ཞེས་པའི་བོད་མི་ཁྲི་ཕྲག་མང་བོས་ཕོ་བྲང་པོ་ཏ་ལའི་མདུན་དུ་ཞི་བའི་སྐད་འབོད་ཤུགས་ཆེན་གྱིས་ཞུས་པ་སོགས་ཀྱི་རྒྱུ་རྐྱེན་གང་མང་གི་དབང་གིས་གོང་ས་མཆོག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང༌། བཙན་བྱོལ་དུ་བོད་མི་ཁྲི་ཕྲག་མང་བོས་ང་ཚོའི་རྒྱལ་ཁབ་འཇིག་སོང༌། ང་ཚོའི་མི་རིགས་ཚར་སོང་ཞེས་པའི་ངུ་འབོད་ཞུ་གཏུག་གང་མང་བྱས་རྐྱེན་ཁོང་གིས་དཀའ་སྤྱད་གང་མང་གནང་སྟེ། རྒྱ་གར་ནས་བཙན་བྱོལ་བོད་གཞུང་བཙུགས་སྟེ། མི་དམངས་ལ་ང་གང་དུ་གནས་པའི་ས་དེར་བོད་གཞུང་དང་དགའ་ལྡན་ཕོ་བྲང་ཡོད་ཅེས་བཀའ་ལན་གནང་སྟེ། བཙན་བྱོལ་བོད་གཞུང་བཙུགས་པ་རེད། དེ་ནས་བཟུང་སྟེ།བཙན་བྱོལ་བོད་གཞུང་དམངས་གཙོའི་ལམ་དུ་བསྐྱོད་མགོ་བརྩམས་ཏེ། ད་སྐབས་དམངས་གཙོའི་ཀ་བ་གསུམ་གྱི་ལས་ཁུངས་ཚད་ལྡན་བཙུགས་པ་མ་ཟད། སྲིད་སྐྱོང་ཡང་དམངས་གཙོ་ཚད་ལྡན་གྱི་ལམ་ནས་བདམས་ཐོན་བྱས་ཡོད་ལ། ལྷག་པར་དུ་སྔར་ལོ་ནས་བཟུང་གོང་ས་མཆོག་གིས་ཀྱང་སྐུ་དབང་ཡོད་ཚད་དམངས་གཙོའི་ལམ་ནས་བདམས་ཐོན་བྱུང་བའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་གནང་སྟེ་འཛམ་གླིང་གི་དམངས་གཙོའི་ཚད་ལྡན་གྱི་ལམ་དུ་བསྐྱོད་ཡོད་པ་ནི་ཀུན་གྱིས་མིག་མཐོང་ལག་ཟིན་ཡིན་མོད།

པེ་ཅིན་སྲིད་གཞུང་ནི་སྤྱི་ལོ་༡༩༡༩ལོར་ལིས་ཏ་གྲོ་དང་ཁྲིན་ཏུ་ཞིས། ཀྲུའུ་ཨན་ལེ་སོགས་ཀྱིས་རྒྱལ་གཅེས་སློབ་མ་མང་བོར་སྣེ་ཁྲིད་བྱས་ཏེ། ལྔ་བཞིའི་ལས་འགུལ་བསླངས་པ་ནས་མགོ་བརྩམས་ཏེ། གོ་གུང་གཉིས་ཀྱིས་ཁྱོད་ཤི་ང་གསོན་གྱི་དམར་འཛིང་གི་འཐབ་རྩོད་རབ་དང་རིམ་པ་ཞིག་བྱས་ཏེ་མི་དམངས་འབུམ་ཕྲག་མང་བོའི་ཁྲག་གི་བཞུར་རྒྱུན་ས་རུ་འཐིམ་རྗེས། མཐར་སྤྱི་ལོ༡༩༤༩ལོར་གོ་མིན་ཏང་ཕམ་ཉེས་སུ་བཏང་ནས་མའོ་ཙེ་ཏུང་སོགས་ཀྱིས་པེ་ཅིན་སྲིད་གཞུང་བཙུགས་པ་རེད།

བཙན་བྱོལ་བོད་གཞུང་དང་པེ་ཅིན་སྲིད་གཞུང་གཉིས་ངོ་སྤྲོད་མདོར་བསྡུས་ཤིག་བྱས་ན་འདི་ལྟར་ཡིན་མོད་འདི་གཉིས་ལ་ཞིབ་ཏུ་བརྟག་དཔྱད་ཅིག་བྱས་ན་ད་དུང་མི་འདྲ་བའི་ཁྱད་པར་ཧ་ཅང་ཆེན་པོ་ཡོད་དེ།

༡བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་མགོ་ཁྲིད་རྣམས་ནི་མི་དམངས་ཀྱིས་ཐད་ཀར་འོས་འདེམས་བྱས་ཆོག་པའི་ཚད་ལྡན་དམངས་གཙོའི་ལམ་ལུགས་ཡིན་ལ། པེ་ཅིན་སྲིད་གཞུང་གི་ཆེས་མཐོའི་མགོ་ཁྲིད་ཚང་མ་མཐོ་རིམ་མགོ་ཁྲིད་ཚོས་དབང་ཆ་ཕན་ཚུན་ལ་བརྒྱུད་སྤྲོད་བྱས་ཏེ་འགྲོ་བཞིན་ཡོད་པས་བཀས་བཀོད་བརྒྱུད་འཛིན་ལམ་ལུགས་ཡིན།

༢བཙན་བྱོལ་བོད་གཞུང་གི་མགོ་ཁྲིད་ནི་སྐྱ་སེར་ཕོ་མོ་དབྱེར་མེད་ཀྱིས་མི་སུ་ཞིག་ལ་ནུས་པ་ཡོད་ན་དེ་བདམས་ཆོག་མོད། པེ་ཅིན་སྲིད་གཞུང་གི་མགོ་ཁྲིད་ནི་ངེས་པར་དུ་གུང་ཁྲན་ཏང་མི་ཞིག་ཡིན་དགོས་པ་མ་ཟད། ཆེས་མཐོའི་མགོ་ཁྲིད་ཚོའི་བུ་རབས་ཚ་རྒྱུད་ཅིག་ཡིན་དགོས།

༣བཙན་བྱོལ་བོད་གཞུང་ནི་མི་སུ་ཞིག་ལ་ལྟ་ཚུལ་དང་ཕུགས་བསམ་ཡོད་ན་དེ་ཐད་ཀར་སྲིད་གཞུང་ལ་ཞུས་ཆོག་པ་མ་ཟད། མི་སུ་ཞིག་གིས་སྲིད་གཞུང་གི་མགོ་ཁྲིད་དང་མཐའ་ན་གོང་ས་མཆོག་ལ་སྐྱོན་བརྗོད་ཞུ་འདོད་ན་དེ་ལྟར་ཞུས་ཆོག་པའི་སྨྲ་བརྗོད་རང་དབང་གི་སྲིད་གཞུང་ཞིག་ཡིན་མོད། པེ་ཅིན་སྲིད་གཞུང་ནི། མི་སུ་ཞིག་གིས་ཀྱང་གཞུང་གི་སྲིད་ཇུས་དང་ལྟ་ཚུལ་བྱ་སྤྱོད་ལ་སྐྱོན་བརྗོད་དང་རེ་ཞུ་བྱས་ན་དེ་ལ་སྲོག་ཁྲིམས་དང་ཡང་ན་ཁྲིམས་ཆད་ནན་མོ་གཅོད་པའི་བཀས་བཀོད་རྒྱུད་འཛིན་གྱི་སྲིད་གཞུང་ཞིག་རེད།

༤བཙན་བྱོལ་བོད་གཞུང་ནི་གཙོ་བོ་འགྲོ་བ་མིའི་རིགས་ཀྱི་སེམས་ཀྱི་ཞི་བདེ་དང་སེམས་ཀྱི་བདེ་སྐྱིད། ལྷག་པར་དུ་འཛམ་གླིང་ཞི་བདེ་དང༌། མ་འོངས་པའི་འགྲོ་བ་མིའི་རིགས་ཀྱི་བདེ་སྐྱིད་ལ་ཁ་ཕྱོགས་པའི་སྲིད་གཞུང་ཀུ་ཡངས་དཀྱིལ་ཡངས་ཞིག་ཡིན་མོད། པེ་ཅིན་སྲིད་གཞུང་ནི་སྒོར་མོ་ཁོ་ན་ལས། མིའི་རིགས་ཀྱི་བརྩེ་སེམས། མིའི་རིགས་ཀྱི་ཕུགས་བསམ། མིའི་རིགས་ཀྱི་ལ་རྒྱ། མིའི་རིགས་ཀྱི་ཁོར་ཡུག མདོར་ན་མིའི་རིགས་ཀྱི་མ་འོངས་པར་བསམ་བློ་མི་གཏོང་བར་མིག་སྔའི་གནས་བབ་ཁོ་ན་བསམ་པའི་གུ་དོག་པའི་སྲིད་གཞུང་ཞིག་རེད།

༦བཙན་བྱོལ་བོད་གཞུང་གིས་སྲིད་གཞུང་ནི་མི་དམངས་ཀྱི་ཞབས་ཕྱི་ཡིན་པས་རྒྱ་ཆེའི་མི་དམངས་ཀྱིས་ང་ཚོར་ཐབས་ལམ་དང་བཀོད་སྒྲིག་མཛད་ན་ང་ཚོས་དེ་ལྟར་དུ་མི་དམངས་ལ་ཞབས་ཕྱི་བསྒྲུབ་ཟེར་བའི་སྲིད་གཞུང་ཞིག་ཡིན་མོད། པེ་ཅིན་སྲིད་གཞུང་གིས་ང་ཚོ་ནི་མི་དམངས་ཀྱི་སྣེ་ཁྲིད་པ་ཡིན་པས་མི་དམངས་ཀྱིས་ང་ཚོའི་བཀོད་སྒྲིག་ལྟར་བྱ་བ་ལས་ན་ནོར་མེད་དང་ཡང་དག།ཕུལ་དུ་བྱུང་བའི་ཐབས་ཇུས་ཡིན་པས་ཁྱོད་ཚོ་ངེས་པར་དུ་ང་ཚོའི་བཀོད་སྒྲིག་ལྟར་འགྲོ་དགོས་ཟེར་བའི་སྲིད་གཞུང་ཞིག་རེད།

༧བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་ཀྱིས་དབུ་ཁྲིད་གསར་བསྐོའི་དུས་སུ་སླེབས་དུས་རྒྱ་ཆེའི་མི་དམངས་ཀྱི་བློས་གྲོས་ལ་ང་ཚོ་ཡིད་ཆེས་ཡོད་པས་ཁྱེད་རྣམ་པས་རང་འདོད་ལྟར་དབུ་ཁྲིད་ཅིག་བདམས་ཆོག་ཟེར་བའི་སྲིད་གཞུང་ཞིག་ཡིན་མོད། པེ་ཅིན་སྲིད་གཞུང་གི་མགོ་ཁྲིད་ཀྱིས་མི་དམངས་ཀྱིས་མགོ་ཁྲིད་བསྐོ་འཇོག་བྱེད་མི་ཤེས་པས་ངས་བསྐོས་པའི་མགོ་ཁྲིད་འདི་ནི་ཆེས་ཕུལ་དུ་བྱུང་བའི་རྒྱལ་ཁབ་ཀྱི་མི་སྣ་རླབས་ཆེན་དེ་ཡིན་ཞེས་བཤད་པའི་སྲིད་གཞུང་ཞིག་རེད།

༨བཙན་བྱོལ་བོད་གཞུང་གི་དཔོན་རིགས་བརྒྱ་ཆའི་བརྒྱད་ཅུ་ལྷག་བསམ་དང་ཞབས་ཕྱི་ལ་དགའ་བའི་མི་ཚེ་ཧུར་བརྩོན་རང་ལུགས་པ་ཡིན་ལ། བཙན་བྱོལ་བོད་མིའི་འབྱོར་ལྡན་པའི་བརྒྱ་ཆའི་བརྒྱད་ཅུ་མི་དམངས་ཡིན་མོད། པེ་ཅིན་སྲིད་གཞུང་གི་དཔོན་རིགས་བརྒྱ་ཆའི་བརྒྱད་ཅུ་དཔོན་ཉམས་དང་རྒྱས་ཟ་རྒྱས་འཐུང་ལ་དགའ་བའི་རྒྱས་སྤྲོ་རང་ལུགས་པ་ཡིན་ལ། རྒྱལ་ཁབ་ཀྱི་འབྱོར་ལྡན་པའི་བརྒྱ་ཆའི་བདུན་ཅུ་དཔོན་རིགས་དང་ཁོ་ཚོའི་ཉེ་འབྲེལ་རེད།

༩མདོར་ན་བཙན་བྱོལ་བོད་གཞུང་ནི་ལོ་རེ་ནས་ལོ་རེ་བཞིན་འཛམ་གླིང་གི་ཆེས་ཡང་དག་པ་དང་ཆེས་རྩེ་གྲོས་ཀྱི་ཆབ་སྲིད་ལམ་ལུགས་དང་ཆབ་སྲིད་རིག་གཞུང༌། ཆབ་སྲིད་ཁྲིམས་ལུགས་ཀྱི་ཕྱོགས་སུ་བསྐྱོད་བཞིན་ཡོད་ཀྱང༌། པེ་ཅིན་སྲིད་གཞུང་ནི། ལོ་རེ་ནས་ལོ་རེ་བཞིན་འཛམ་གླིང་གི་ཆེས་ངོ་རྒོལ་དང་དོང་སྤྲུགས་བྱེད་བཞིན་པའི་བཀས་བཀོད་རྒྱུད་འཛིན་དང་བྲན་གཡོག་ལམ་ལུགས་སུ་བསྐྱོད་བཞིན་འདུག་པ་ནི་དོན་དངོས་དང་རྒྱུ་འབྲས་ཀྱི་སྐད་ཆ་ཞིག་ཡིན་ནོ།།

མཇུག་མཐར་སྲིད་གཞུང་འདི་གཉིས་ཀྱི་མདུན་ལམ་ཐད་ནས་ལྟ་ཚུལ་ཕྲན་བུ་རེ་བརྗོད་འདོད་པ་ནི། བཙན་བྱོལ་བོད་གཞུང་ནི་དེང་སྐབས་ས་མཐའི་གྲོང་ན་མི་གྲངས་ཧ་ཅང་ཉུང་ཞིང་འབྱོར་བ་ཧ་ཅང་ཞན་པའི་སྒོ་ན་ཆེས་ཉམ་ཆུང་ངང་གནས་ཡོད་ཀྱང་ཁོ་ཚོར་རང་དབང་དམངས་གཙོའི་ལམ་ཆེན་ཞིག་གི་སྟོབས་ཤུགས་སྲིད་ཇུས་ལ་བརྟེན་ཡོད་པས་ངས་བསམ་ན་ཁོང་རྣམ་པས་ལྟ་གྲུབ་འདི་རྒྱུན་འཁྱོངས་ལྷོད་མེད་གནང་སྟེ། ཁོང་རྣམ་པའི་མདུན་དུ་མངོན་ཡོང་བ་ནི་ཡངས་ཤིང་རྒྱ་ཆེ་བའི་རེ་བ་དང་འཕེལ་འགྱུར་ཡིན་རྒྱུ་རེད། པེ་ཅིན་སྲིད་གཞུང་ནི་མི་གྲངས་ཧ་ཅང་མང་ལ་འབྱོར་བ་ཧ་ཅང་རྒྱས་པའི་སྟོབས་ལྡན་གཟི་ཉམས་ལྡན་པ་ཞིག་ཡིན་མོད། ཁོ་ཚོས་བཀས་བཀོད་རྒྱུད་འཛིན་གྱི་དབང་ཆ་སྒེར་འཛིན་གྱི་སྲིད་ཇུས་ལ་བརྟེན་ཡོད་པས། པེ་ཅིན་སྲིད་གཞུང་གི་མདུན་དུ་ཡོད་པ་ནི་ཆེས་རྙོག་འཛིང་དང་འཐབ་རྩོད་ཆེ་བ། ཉམས་རྒུད་དང་འཐོར་ཞིག་གི་འཇིགས་སུ་རུང་བའི་འཁྲུག་རྩོད་ཅིག་ཡོད་པས། ངས་ནམ་རྒྱུན་པེ་ཅིན་སྲིད་གཞུང་ལ་ཁྱེད་རང་ངེས་པར་དུ་དམངས་གཙོའི་ལམ་དུ་ཞུགས་ཤིག་ཅེས་རེ་བ་ཞིག་ཞུ་འདོད་ཀྱང་ཁོ་ཚོས་ངའི་སྟེང་དུ་མེ་མདའ་དང་ལྕགས་སྒྲོག་བཟུང་ནས་ཡོང་ངེས་ཡིན་པས་ང་ལ་འཇིགས་སྐྲག་སྐྱེ་བཞིན་ཡོད་ཀྱང༌། ངས་པེ་ཅིན་སྲིད་གཞུང་གི་མངའ་འོག་གི་མི་དམངས་དུང་ཕྱུར་མང་བོ་བསམ་བློ་རེ་བཏང་ན་སེམས་ཀྱི་སྐད་ཆ་འདི་ཕྱི་རུ་ཅིས་ཀྱང་མངོན་འདོད་བྱུང་ངོ༌།

༄༅། གོང་ས་མཆོག་དང་པེ་ཅིན་སྲིད་གཞུང༌།

དོན་ངོ་མའི་སྐད་ཆ་རྒྱུ་འབྲས་ཤིག་བཤད་ན་གོང་ས་མཆོག་དང་པེ་ཅིན་སྲིད་གི་བར་གྱི་དོན་དག་ནི་མཐར་གཏུགས་ན་བོད་མི་རིགས་དང་པེ་ཅིན་སྲིད་གཞུང་བར་གྱི་དོན་དག་ཅིག་ཡིན་ཏེ།ཁྱེད་ཀྱིས་གཤམ་གྱི་ལྟ་ཚུལ་འདི་དག་ལ་ཞིབ་གཟིགས་གནང་ན་ཤེས་ཐུབ།

ང་རང་ནང་བསྟན་ཆོས་ལུགས་པ་ཞིག་ཡིན་པ་དང་ལྷག་པར་བོད་པའི་གྲྭ་བ་ཞིག་ཡིན་པའི་ཆ་ནས་གོང་ས་མཆོག་ལ་དད་འདུན་ཚད་མེད་ཅིག་ཡོད་པ་བདེན་མོད། ངས་འདི་ནས་དད་འདུན་གླེང་རྒྱུ་མ་ཡིན་པར་གོང་ས་མཆོག་དང་པེ་ཅིན་སྲིད་གཞུང་བར་གྱི་གནས་ཚུལ་འགའ་དྲང་མོར་གླེང་འདོད་བྱུང༌། རྒྱུ་མཚན་ནི། ཆུང་ས་ནས་བཤད་ན་རྒྱ་བོད་མི་རིགས་ཀྱི་བདེ་སྐྱིད་ཀྱི་གནད་དོན་ཞིག་ཡིན་ལ། ཆེ་ས་ནས་བཤད་ན་འཛམ་གླིང་ཧྲིལ་བོའི་སྟེང་གི་མི་ཐམས་ཅད་ཀྱི་བདེ་སྐྱིད་ཅིག་དང་འབྲེལ་ཡོད་དེ། པེ་ཅིན་སྲིད་གཞུང་གི་མངའ་ཁོངས་སུ་འཛམ་གླིང་གི་མི་གྲངས་ལྔ་ཆའི་གཅིག་ཡོད་ལ། བོད་མི་རིགས་ཀྱི་ཁོར་ཡུག་ནི་འཛམ་གླིང་གི་ཡང་རྩེ་རུ་ཆེས་དྭངས་གཙང་དང་ཆེས་གཏེར་ཁ་མང་བའི་ཁོར་ཡུག་ཅིག་ཡིན་པས་མི་རིགས་འདི་གཉིས་ལ་ཆེས་རྙོག་དྲ་དང་འཐབ་རྩོད་ཀྱི་གོད་ཆག་བྱུང་ན་འཛམ་གླིང་ཧྲིལ་བོར་གོད་ཆག་འབྱུང་སྲིད་པས་ཡིན།

  གང་ལྟར་ངས་སྐད་ཆ་འདི་ཅུང་གོ་རིམ་ཡོད་པའི་སྒོ་ནས་ཆེས་མདོར་བསྡུས་ཤིག་བཤད་ན། གོང་ས་མཆོག་རྒྱ་གར་དུ་ཕེབས་དགོས་དོན་ཡང་བོད་མི་ས་ཡ་དྲུག་པོའི་རེ་བ་ཞིག་གི་ཆེད་དུ་ཡིན། གང་ཡིན་ཞེ་ན། སྐབས་དེའི་དགའ་ལྡན་ཕོ་བྲང་གཞུང་དམངས་གཉིས་ཀྱིས་རེ་འདོད་སྒེར་ལངས་ཆེན་མོ་དང་རེ་ཞུ་ཡར་སྐུལ་གང་མང་གི་རེ་བ་དང་དུ་བཞེས་ཏེ། བོད་ཀྱི་སྲིད་དབང་སླར་གསོའི་ཆེད་དུ། ཁོང་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་དང༌། ཁོང་གིས་བཙན་བྱོལ་དུ་དཀའ་ངལ་མང་བོ་ཁྱད་དུ་བསད་དེ། གོང་དུ་བཤད་པ་བཙན་བྱོལ་བོད་མི་འབུམ་ཕྲག་གི་རེ་ཞུ། དོན་དམ་པའི་གཞིས་བྱེས་གཉིས་སུ་གྱུར་བའི་བོད་མི་ས་ཡ་དྲུག་གི་རེ་འདོད་བཞིན་བཙན་བྱོལ་བོད་གཞུང་བཙུགས་མ་པ་མ་ཟད། བཙན་བྱོལ་བོད་གཞུང་འདི་རིམ་གྱིས་དམངས་གཙོའི་ལམ་ལུགས་ཆ་ཚང་ཞིག་ཏུ་བསྒྱུར་བ་མ་ཟད། ད་སྐབས་ཁོང་གིས་ཕུགས་རྒྱང་རིང་བོའི་ཐུགས་བསམ་ལ་གཞིག་ཏེ་མིང་དེ་ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སུ་བསྒྱུར་ནས་བོད་གཞིས་བྱེས་གཉིས་ཀྱི་རེ་འདོད་དེ་ནམ་ཞིག་འགྲུབ་པའི་བཀོད་སྒྲིག་ཆ་ཚང་གནང་འདུག་པ་མ་ཟད། ཁོང་ད་སྐབས་འཛམ་བུ་གླིང་གི་ཆེས་མི་སྣ་སྐད་གྲགས་ཅན་ཞིག་དང༌། ཆེས་དགའ་བསུ་དང་ཡིད་ཆེས་ལྡན་པའི་མི་སྣ་རླབས་ཆེན་ཞིག་ཏུ་གྱུར་ཡོད།

ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་རྒྱ་ནག་སྲིད་གཞུང་ལ་རྒྱ་བོད་གཉིས་ཕན་གྱི་དབུ་མའི་ལམ་གྱི་ཐབས་ལམ་ལ་བརྟེན་ནས་རྒྱ་བོད་གཉིས་ཀྱི་གནད་དོན་སེལ་ཐབས་ལ་འབད་པ་གནང་གི་ཡོད་ཀྱང༌། པེ་ཅིན་སྲིདགཞུང་གིས་ནམ་ཡང་རང་ལྟ་མཁྲེགས་འཛིན་བྱས་ཏེ། རྒྱ་བོད་གཉིས་ལ་དོན་དག་ཅི་ཡང་མེད་པར་བོད་མི་ས་ཡ་དྲུག་ལ་གུང་ཁྲན་ཏང་གིས་ཞི་བས་བཅིངས་གྲོལ་བྱས་ཏེ། ད་སྐབས་དགའ་དགའ་སྐྱིད་སྐྱིད་དང་འབྱོར་ཕྱུག་ཕུན་ཚོགས་ཀྱི་ཉི་མ་ཤར་ཡོད། ཏཱ་ལས་བླ་མས་རྒྱ་བོད་མཐུན་སྒྲིལ་ལ་ཉོག་དྲ་བཟོས་པ་རེད་ཅེས་བཤད་དེ་འདུག་པ་རེད། གོང་ས་མཆོག་དང་པེ་ཅིན་སྲིད་གཞུང་ལ་བརྟག་དཔྱད་རྒྱུ་འབྲས་ཤིག་བྱས་ན།

༡གོང་ས་མཆོག་གིས་དུས་རྒྱུན་བོད་རང་བཙན་བྱ་དགོས་མི་གསུངས་པར་རྒྱ་ནག་རྒྱལ་ཁབ་ཆེན་པོའི་སྒྲོམ་གཞིའི་ནང་དུ་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཁེ་དབང་ཞིག་དགོས་གསུངས་ཀྱི་ཡོད་ཀྱང༌། པེ་ཅིན་སྲིད་གཞུང་གིས་དོན་ངོ་མས་ཏཱ་ལའི་ཁ་བྲལ་རང་ལུགས་པས་བོད་རང་བཙན་བྱ་འདོད་པ་རེད་དེ་ནི་བོད་མི་དམངས་ཀྱི་འདོད་དོན་རྩ་བ་ནས་མིན་པར་བོད་མི་དམངས་ནི་ད་ལྟ་རྒྱ་ནག་གི་སྲིད་ཇུས་ལ་ཡིད་ཧ་ཅང་ཚིམས་ཡོད་ཀྱང་ཏཱ་ལས་ང་ཚོ་ནམ་ཡང་ཉོག་དྲ་བཟོ་བཞིན་ཡོད་པས་ཁོ་ཚོའི་ཁ་བྲལ་ལྟ་བ་ལ་རྒོལ་རྡུང་དྲག་པོ་གཏོང་དགོས་ཞེས་དུས་དང་རྣམ་པ་ཀུན་ཏུ་ཁོང་ལ་དམོད་མོ་དང་སྐུར་འདེབས་བྱ་དགོས་པའི་རྒྱུ་མཚན་ཅི།

༢གོང་ས་མཆོག་གིས་དུས་རྒྱུན་ཁོང་ལ་ཆོས་འབྲེལ་ཞུ་མཁན་གྱི་རྒྱ་རིགས་དད་ལྡན་ཁྲི་སྟོང་མང་བོར་སྤྱིར་འཛམ་བུ་གླིང་གི་སེམས་ཅན་ཐམས་ཅད་ལ་མཐུན་སྒྲིལ་དང་བརྩེ་སེམས་གནང་དགོས། ཁྱད་པར་དུ་རྒྱ་བོད་མི་རིགས་གཉིས་ནི་ལོ་ངོ་སྟོང་ཕྲག་མང་བོའི་རིང་ལ་ཕན་ཚུན་མཉམ་གནས་དང༌། ཕན་ཚུན་འབྲེལ་ལམ་ཟབ་མོའི་ངང་ནས་ཡོང་བ་མ་ཟད། ནང་བསྟན་ཆོས་ལུགས་དར་རྒྱས་ཆེ་བའི་མི་རིགས་ཡིན་པས་སྟོན་པ་ཤཱཀྱ་ཐུབ་པའི་དགེ་ཕྲུག་ཀྱང་ཡིན། རྒྱུ་མཚན་འདི་དག་གི་དབང་གིས་རྒྱ་བོད་མི་རིགས་གཉིས་ཀྱིས་ཕན་ཚུན་ལ་མཐུན་སྒྲིལ་དམ་ཟབ་གནང་དགོས་ཞེས་གསུངས་ཀྱི་ཡོད་ཀྱང༌། པེ་ཅིན་སྲིད་གཞུང་གིས་དུས་རྒྱུན་རྒྱ་བོད་མཐུན་སྒྲིལ་ལ་གཏོར་བརླག་གཏོང་མཁན་ཞེས་གོང་ས་མཆོག་ལ་མཚན་དམོད་ཞུ་དགོས་པའི་རྒྱུ་མཚན་ཅི།

༣གོང་ས་མཆོག་གིས་བོད་ལ་རང་དབང་དམངས་གཙོའི་ལམ་ལུགས་ཆ་ཚང་བ་ཞིག་བསྐྲུན་ཡོད་པ་མ་ཟད། ཁོང་གིས་སྐུ་དབང་ཡོད་ཚད་ཀྱང་མི་མང་གིས་བདམས་ཐོན་བྱུང་བའི་སྲིད་སྐྱོང་མཆོག་ལ་གནང་སྟེ། ད་ནས་བཟུང་ཁོང་གི་སྐུ་ཕྲེང་རྗེས་མ་རྣམས་ཀྱིས་ཀྱང་སྲིད་དབང་གནང་རྒྱུ་མིན་པའི་བཀའ་ལན་འཛམ་བུ་གླིང་ལ་སྤྱི་བསྒྲགས་གནང་ནའང༌། པེ་ཅིན་སྲིད་གཞུང་གིས་ད་དུང་ཏཱ་ལས་བོད་ལ་གནའ་བོའི་ཞིང་བྲན་ལམ་ལུགས་བསྐྱར་གསོ་བྱ་འདོད་པ་ཡིན་པས་བོད་མི་དམངས་ཀྱིས་དེ་ངོས་ལེན་རྩ་བ་ནས་བྱ་འདོད་མེད་ཅེས་ཁོང་ལ་མཚན་དམོད་དང་སྐུར་འདེབས་བྱེད་དགོས་པའི་རྒྱུ་མཚན་ཅི།

༤བོད་མི་ས་ཡ་འགས་དུས་དང་རྣམ་པ་ཀུན་ཏུ་དད་འདུན་ཧ་ཅང་གཙང་མས་གོང་ས་མཆོག་ཕ་ཡུལ་དུ་ཕེབས་ཏེ་ཞལ་མཇལ་ཞིག་ཐོབ་པར་སྐོམ་པའི་ཆུ་དང་ལྟོགས་པའི་ཟས་བཞིན་རེ་སྒུག་བྱས་ཡོད་པ་མ་ཟད། མཐའ་ན་ཡ་ང་བའི་སྐྱེ་རྒུའི་ས་འགུལ་གྱི་ཆག་འཇིག་སྐབས་སུ་ཡང་གོང་ས་མཆོག་ཕ་ཡུལ་དུ་ཕེབས་ཏེ་ཞལ་མཇལ་ཞིག་ཐོབ་པའི་རེ་འདོད་ཡར་ཞུ་བྱས་ཡོད་ཀྱང༌། པེ་ཅིན་སྲིད་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་ཁ་ནས་དམངས་གཙོ་དང་དམངས་ཀྱི་འདོད་དོན་བསྒྲུབ་དགོས་ཟེར་གྱི་ཡོད་ཀྱང་དོན་དངོས་ཀྱིས་རི་རབ་ལས་ཆེ་བའི་རེ་བ་འདི་དག་ནམ་མཁའི་ཀློང་དུ་ནས་འབྲུ་ཞིག་འཕངས་པ་བཞིན་དོ་སྣང་རྩ་བ་ནས་མི་བྱེད་པའི་རྒྱུ་མཚན་ཅི།

༥གོང་ས་མཆོག་གིས་ནོར་ཝེལ་གཟེངས་རྟགས་བཞེས་སྐབས་ཀྱང་ང་ནི་རྒྱ་ནག་རྒྱལ་ཁབ་ཆེན་པོའི་གྲྭ་བཙུན་ཞིག་ཡིན་ཞེས་གསུངས་པ་འདིས་མི་གྲངས་དུང་ཕྱུར་བཅུ་གསུམ་ལྷག་ཡོད་པའི་མི་སེར་རྒྱལ་ཁབ་འདིར་གཟི་བརྗིད་ཅིག་དང་ལ་རྒྱ་ཞིག་བསྐྲུན་ཡོད་ཀྱང༌། པེ་ཅིན་སྲིད་གཞུང་གིས་ཁོང་གི་གཟེངས་རྟགས་བཞེས་སྐབས་ཁ་བྲལ་རང་ལུགས་པ་ཞེས་མཚན་དམོད་སྣ་ཚོགས་ཞུ་བཞིན་ཡོད་པ་མ་ཟད། ནོར་ཝེལ་གཟེངས་རྟགས་ཚོགས་ཆུང་ལའང་ཉེས་འགལ་གྱི་དམོད་མོ་སྣ་ཚོགས་བྱེད་པའི་རྒྱུ་མཚན་ཅི།

༦གོང་ས་མཆོག་གིས་འཛམ་གླིང་གི་དད་ལྡན་མི་དམངས་འབུམ་ཕྲག་མང་བོར་ཆོས་ལུགས་ཚང་མ་འདྲ་མཉམ་དང་བྱམས་བརྩེའི་རིན་ཐང་འཆད་ཁྲིད་བླ་ན་མེད་པ་གནང་བས་ཁོང་གི་རླབས་ཆེན་གྱི་དགོངས་པར་འཛམ་གླིང་གི་རྒྱལ་ཁབ་བརྒྱ་ཕྲག་ལྷག་གི་ནང་བའི་དད་ལྡན་མི་དམངས་དུང་ཕྱུར་གང་མང་མ་ཟད། ལྷོ་ཨ་ཧྥེ་རི་ཀའི་ཡེ་ཤེས་ཆོས་དཔོན་ཁྲུའུ་ཁྲིའུ་སོགས༌། ཧིན་རྡུ་དང༌། ཁ་ཆེ། འཇོལ་ཆོས་ལུགས་སོགས་ཀྱི་ཆོས་དཔོན་གང་མང༌། ད་དུང་ཨ་རི་དང༌། ཧྥ་རན་སི། འཇར་མན། ཨོ་སི་ཁྲུ་ལེ་ཡ། ཁ་ན་ཊ།དབྱིན་ཇི། སི་པན། འཇར་པན་སོགས་རྒྱལ་ཁབ་མང་བོའི་དབུ་ཁྲིད། ད་དུང་གློག་བརྙན་འཁྲབ་སྟོན་པ་དང༌། གླུ་བ་སོགས་མི་སྣ་གྲགས་ཆེན་དང་རླབས་ཆེན་ཧ་ཅང་མང་བོའི་མིག་མདུན་དུ་ཁོང་ནི་བྱམས་སྙིང་རྗེ་ཡི་བདག་ཉིད་དུ་གྱུར་བའི་ལྷ་གསོན་པོ་ཞིག་ཡིན་མོད། པེ་ཅིན་སྲིད་གཞུང་གི་མིག་མདུན་དུ་ཁོང་ནི་ནམ་ཡང་བདུད་རྭ་ཅོ་ཅན་ཞིག་ཏུ་སྣང་བའི་རྒྱུ་མཚན་ཅི།

༧གོང་ས་མཆོག་གིས་ཉིས་སྟོང་བརྒྱད་ཀྱི་མདོ་དབུས་ཁམས་གསུམ་གྱི་བོད་མིས་ཞི་རྒོལ་ཆེན་མོ་ནི་བོད་མི་དམངས་ཀྱིས་འདས་པའི་ལོ་རྒྱུས་ཁྲོད་ཀྱི་དཀའ་སྡུག་གི་རྨ་ཁ་ཟབ་མོའི་སེམས་ཀྱི་ན་ཟུག་ཕྱི་རུ་མངོན་པ་ཞིག་ཡིན་པ་ལས་ཁོང་གིས་སྐུལ་སློང་བྱས་ཏེ་བྱས་པ་ཞིག་མིན། པེ་ཅིན་སྲིད་གཞུང་གིས་གལ་ཏེ་རེད་བསམ་ན་ཁོང་གི་བཞུགས་སྒར་ལ་སླེབས་ཏེ་བརྟག་དཔྱད་བྱས་ཏེ་བདེན་དཔང་འཚོལ་ཞེས་བཀའ་ལན་གང་མང་གསུངས་མོད། པེ་ཅིན་སྲིད་གཞུང་གིས་ཁོང་གི་བཞུགས་སྒར་ལ་སོང་ནས་བརྟག་དཔྱད་བྱས་ཏེ་བདེན་དཔང་མི་འཚོལ་བ་མ་ཟད། བདེན་དཔང་ཅི་ཡང་སྟོན་རྒྱུ་བཤད་རྒྱུ་མེད་པར་ཁོང་གིས་སྐུལ་སློང་བྱས་ཚུལ་གྱི་སྐུར་འདེབས་ཀྱི་མཚན་དམོད་སྣ་ཚོགས་དུས་རྒྱུན་གསར་ལམ་སྣ་ཚོགས་ནས་ཤུགས་ཆེན་གྱིས་བསྒྲགས་ཏེ་ཁོང་གི་མཚན་སྙན་ལ་གནོད་འཚེ་བཟོ་བའི་རྒྱུ་མཚན་ཅི།

༨གོང་ས་མཆོག་གིས་དཀའ་བ་མང་བོ་ཁྱད་དུ་བསད་དེ་རྒྱ་བོད་གཉིས་ལ་ཕན་པའི་རླབས་ཆེན་དབུ་མའི་ལམ་ལུགས་མཛད་དེ་ཁྱད་དུ་འཕགས་པའི་མཁྱེན་དཔྱོད་དང་བྱམས་བརྩེའི་རིན་ཐང་རབ་དང་རིམ་པ་ཞིག་པེ་ཅིན་སྲིད་གཞུང་ལ་ཕུལ་མོད། པེ་ཅིན་སྲིད་གཞུང་གིས་ཁོང་གི་རླབས་ཆེན་གྱི་དགོངས་པའི་ཟུར་ཙམ་ཡང་མི་རྟོགས་པར་ནམ་ཡང་ལོག་འགྲེལ་ཁོ་ན་བྱེད་པའི་རྒྱུ་མཚན་ཅི།

༩གོང་ས་མཆོག་གིས་བོད་ཀྱི་ཆོས་བརྒྱུད་བླ་ཆེན་རྣམ་པ་དང་གྲོས་མོལ་གྱིས་ནམ་ཞིག་ཁོང་གི་ཡང་སྲིད་ངོས་འཛིན་བྱེད་སྟངས་ཀྱི་ལམ་ལུགས་ལ་བཀའ་མོལ་གནང་བར། པེ་ཅིན་སྲིད་གཞུང་གིས་ལྷ་ཆོས་ཁས་མི་ལེན་པ་མ་ཟད། རྣམ་ཤེས་ཀྱང་ཁས་མི་ལེན་མོད་ཁོ་ཚོས་ཁོང་གི་ཡང་སྲིད་ངོས་འཛིན་གནང་སྟངས་ཀྱི་འཆར་གཞི་ལ་ངོ་རྒོལ་བྱེད་པ་དང༌། ཁོ་ཚོས་ཡང་སྲིད་རྫུན་མ་ཞིག་འཚོལ་རྒྱུར་སྔ་ས་ནས་གྲ་སྒྲིག་བྱེད་དགོས་པའི་རྒྱུ་མཚན་ཅི།

མདོར་ན་གོང་ས་མཆོག་གི་ཞི་བས་གྲོས་མོལ་གྱི་ཐབས་ཇུས་དབུ་མའི་ལམ་གྱི་དགོངས་པ་ནི་བོད་མི་ས་ཡ་དྲུག་ལས་གཞན་རྒྱ་མི་དུང་ཕྱུར་བཅུ་གཉིས་ལྷག་ལའང་ཆེས་ཕན་པའི་བཞེད་དགོངས་ཤིག་ཡིན་པ་མ་ཟད། རྒྱ་ནག་རྒྱལ་ཁབ་ཆེན་པོ་འདིར་ཆེས་ཕན་པའི་རླབས་ཆེན་གྱི་དགོངས་པ་ཟབ་མོ་ཞིག་ཡིན་མོད། པེ་ཅིན་སྲིད་གཞུང་གིས་ནོར་བུའི་ནོར་ངོ་མི་ཤེས་པར་ནམ་ཡང་ཁོང་ལ་དགག་སྒྲུབ་དང་དམོད་མོ་བྱས་ཏེ་འདུག་པའི་བསམ་བློར་བཅོས་བསྒྱུར་རེ་གཏོང་རན་རེད་ཅེས་ངས་རང་གི་མགྲིན་པ་གཟེངས་སུ་བཏེགས་ཏེ་པེ་ཅིན་སྲིད་གཞུང་ལ་བཤད་པ་ཡིན། གལ་ཏེ་ད་དུང་པེ་ཅིན་སྲིད་གཞུང་གིས་རང་ལྟ་མཁྲེགས་འཛིན་བྱས་ཏེ་བསྡད་ན་ཉིན་ཞིག་རྒྱལ་ཁབ་ཆེན་པོ་འདིར་སྔར་གོ་གུང་བར་གྱི་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་དྲག་པོ་དེ་འདྲའང་མི་ཡོང་བའི་ངེས་པ་གཏན་ནས་མེད། བོད་མི་རིགས་ནི་དཔའ་སྟོབས་ཆེ་ལ་བློ་ཁོག་ལྡན་པའི་མི་རིགས་ཤིག་ཡིན་པས་ནམ་ཡང་གཞན་གྱི་མཐོང་ཆུང་དམའ་འབེབ་མྱོང་ནས་འདུག་མཁན་ཞིག་མིན་པ་པེ་ཅིན་སྲིད་གཞུང་གིས་སྔ་ས་ནས་རྟོགས་ན་ལེགས་པར་སེམས། དེ་བས་ཀྱང་སྐད་ཆ་གསལ་བོ་ཞིག་བཤད་རྒྱུ་ཡོད་པ་ནི། ད་སྐབས་ཁོ་ཚོའི་ཁོར་ཡུག་ལ་ཆབ་སྲིད་འཐབ་རྩོད་ཀྱི་ཆེས་དམར་འཛིང་གི་དོན་རྐྱེན་བྱུང་གི་མེད་པ་ནི། གོང་ས་མཆོག་གི་སྐུ་དྲིན་ཡིན་པ་པེ་ཅིན་སྲིད་གཞུང་གིས་གསལ་བོར་ཤེས་ན་ལེགས། གལ་ཏེ་ཉིན་ཞིག་བོད་ཀྱི་ཆབ་སྲིད་པ་ཚང་མས་བོད་རང་བཙན་གྱི་ལྟ་བ་ཁོ་ན་ལས་མ་གླེང་ན་དེ་དུས་པེ་ཅིན་སྲིད་གཞུང་གིས་བོད་མི་ཡོད་དོ་ཅོག་རྩ་མེད་དུ་བཟོ་རྒྱུ་ཡིན་ནམ། ཡང་ན་བོད་ལ་རང་བཙན་སྟེར་རྒྱུ་ཡིན། ངས་བསམ་ན་པེ་ཅིན་སྲིད་གཞུང་གིས་གོང་ས་མཆོག་གི་བཞེད་དགོངས་ལ་ད་དུང་དམོད་མོ་དང་ཁྲེལ་དགོད་བྱས་ཏེ་བསྡད་ན། ནམ་ཞིག་རྒྱ་བོད་མི་རིགས་བར་དུ་ཁྱོད་ཤི་ང་གསོན་གྱི་དམར་འཛིང་འབྱུང་ངེས་ཡིན་ལ། དེ་དུས་རྒྱ་བོད་གཉིས་ཀྱི་ཉེས་མེད་མི་སེར་ས་ཡ་མང་བོའི་ཚེ་སྲོག་ཤོར་ངེས་ཡིན་པས་པེ་ཅིན་སྲིད་གཞུང་གིས་གནས་ཚུལ་འདིར་སྔ་ས་ནས་གྲ་སྒྲིག་བྱས་ན་ལེགས་པར་སྣང༌། ནམ་ཡང་སྲིད་དབང་སྒེར་འཛིན་བྱས། ལྟ་བ་མཁྲེགས་འཛིན་བྱས་ནས་བསྡད་ན། ནམ་ཞིག་མཐའ་ན་ཁྱེད་ཀྱིས་འདས་ཟིན་པའི་དམར་དམག་འབུམ་ཕྲག་མང་བོའི་རེ་བ་ཡང་སྟོང་ཟད་དུ་གཏོང་བར་སྣང་ངོ་།།

༄༅། ཀུན་གཟིགས་བཅུ་བ་དང་པེ་ཅིན་སྲིད་གཞུང༌།

༡ཀུན་གཟིགས་བཅུ་བས་དགུང་གྲངས་བཅུ་གཅིག་ཙམ་བཞེས་དུས་ནས་བཟུང་ཁོང་གིས་པེ་ཅིན་སྲིད་གཞུང་གི་བྱ་བའི་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་དང་རྒྱབ་སྐྱོར་ཚད་མེད་གནང་བ་མ་ཟད། མཐའ་ན་ཁོང་གིས་པེ་ཅིན་སྲིད་གཞུང་ལ་གནམ་གྲུ་སོགས་ཀྱང་ཉོས་ནས་རོགས་སྐྱོར་གནང་མྱོང་མོད། པེ་ཅིན་སྲིད་གཞུང་གིས་ཁོང་གི་དྲིན་ལན་འཇལ་བ་ནི་ཁོང་ལ་མི་ལོ་དགུའི་མུན་ནག་གི་བཙོན་འཇུག་མནར་གཅོད་བཏང་བ་དེ་རེད།

༢ཀུན་གཟིགས་བཅུ་བས་པེ་ཅིན་སྲིད་གཞུང་གིས་བོད་དུ་བཙུགས་པའི་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་གཙོ་གཞོན་སོགས་ཀྱི་ཐུགས་འགན་ཀྱང་བཞེས་མོད། པེ་ཅིན་སྲིད་གཞུང་གིས༡༩༦༡ལོར་ཁོང་གི་གོ་གནས་ཡོད་ཚད་མེད་པར་བཟོས་པ་དང༌། མཐའ་ན་ཁོང་གི་ནང་མ་སྒར་ཡང་རྩ་མེད་དུ་བཏང་རྗེས་ཐམ་ཀ་ཡོད་ཚད་རྩིས་མེད་དུ་བཏང་བའི་ཁྱབ་བསྒྲགས་བྱས་པ་མ་ཟད། དགུང་གྲངས་ཉེར་གཉིས་ཅན་གྱི་ན་གཞོན་ཁོང་ལ་འཐབ་རྩོད་ཁྲོམ་སྐོར་ཡ་ང་བ་བྱས།

༣ཀུན་གཟིགས་བཅུ་བས་དུས་དང་རྣམ་པ་ཀུན་ཏུ་རྒྱ་བོད་མི་རིགས་ཀྱི་མཐུན་སྒྲིལ་དང་བོད་རྒྱའི་བདེ་སྡུག་ལ་ཐུགས་ཁུར་ཆེ་བཞེས་གནང་མོད། པེ་ཅིན་སྲིད་གཞུང་གི་མོ་ཙེ་ཏུང་དང༌། ཀྲུའུ་ཨན་ལེ། ཏིན་ཞོ་ཕང་སོགས་མཐོ་རིམ་མགོ་ཁྲིད་ཚོས་ཁ་ནས་རྒྱལ་གཅེས་ཆོས་གཅེས་རང་ལུགས་པ་པཎ་ཆེན་ཨེ་ཏི་ནི་ཞེས་སྨྲ་མོད་དོན་གྱིས་ཁོང་ལ་སྙན་ཞུ་ཞིག་འབུལ་ཆོག་པའི་སྲིད་དབང་ཡང་སྤྲད་མེད།

༤ཀུན་གཟིགས་བཅུ་བས་པེ་ཅིན་སྲིད་གཞུང་གི་དམངས་ཆེན་དབུ་ཁྲིད་གཞོན་པ་སོགས་ཀྱི་ཐུགས་འགན་བཞེས་ཡོད་ཀྱང༌། པེ་ཅིན་སྲིད་གཞུང་གིས་དོན་དམ་པར་ཁོང་ལ་རང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱེད་པའི་སྲིད་དབང་ཙམ་ཡང་སྤྲད་མེད།

༥ཀུན་གཟིགས་བཅུ་བས་པེ་ཅིན་སྲིད་གཞུང་གི་ཀྲུང་གོའི་ནང་བསྟན་ཆོས་ལུགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས་ཏེ། ཀྲུང་གོའི་ནང་བསྟན་དར་སྤེལ་ཐད་ལ་མཛད་རྗེས་བླ་ལྷག་གནང་མོད། པེ་ཅིན་སྲིད་གཞུང་གིས་ཁོང་ལ་མཐའ་ན་ལྷ་ལྡན་སྨོན་ལམ་ཆེན་མོ་དང་དགེ་བཤེས་ལྷ་རམས་པའི་དམ་བཅའ་ཡང་བསྐྱར་གསོ་གནང་བའི་དབང་ཆ་ཡང་སྤྲད་མེད་པའི་རྒྱུ་མཚན་ཅི།

༦ཀུན་གཟིགས་བཅུ་བས་ང་བརྒྱད་ང་དགུའི་སྐབས་ཀྱི་བོད་མི་རིགས་ཀྱི་དོན་དངོས་གནས་ཚུལ་ཞིག་མཐོ་རིམ་མགོ་ཁྲིད་ཚོར་སྙན་ཞུའི་ལམ་ནས་ཕུལ་ཀྱང༌། པེ་ཅིན་སྲིད་གཞུང་གིས་ཁོང་ལ་ཞིང་བྲན་ལམ་ལུགས་བསྐྱར་གསོའི་ཉེས་མིང་སྐུར་འདེབས་བྱས་ཏེ་ཉེས་ཁྲིམས་མནར་གཅོད་གང་མང་བཏང་བ་མ་ཟད། ད་དུང་ཡང་བོད་མི་རིགས་ཀྱི་དོན་དངོས་ལོ་རྒྱུས་ཀྱི་དཀའ་སྡུག་མཚོན་པའི་སྙན་ཞུའི་བརྩམས་ཆོས་དེ་པར་སྐྲུན་བྱེད་དབང་ཡང་སྤྲད་མེད།

༧ཀུན་གཟིགས་བཅུ་བས་ཁོང་གི་མཚན་སྙན་དང་ཡིད་ཆེས་ལ་བརྟེན་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རང་ལུགས་ལེགས་ཚུལ་གྱིས་ཏིན་ཞོ་ཕང་གི་ལམ་ལུགས་ལ་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་དང་ཐུགས་ཁུར་གང་འཚམ་གནང་མོད། པེ་ཅིན་སྲིད་གཞུང་གིས་མཐའ་ན་ཁོང་གི་ཡང་སྲིད་ཀྱང་ཁྲིམས་ཁང་དུ་བཅུག་སྟེ་མི་ལོ་ཉི་ཤུར་ཉེ་ཡང་ད་དུང་གློད་གྲོལ་མི་གཏོང་བའི་རྒྱུ་མཚན་ཅི།

༨ཀུན་གཟིགས་བཅུ་བས་པེ་ཅིན་གྱི་བཀས་བཀོད་བཞིན་བོད་ཁམས་ཀྱི་རྩོད་རྙོག་གང་མང་ཞིག་ཞི་བདེའི་གྲོས་མོལ་གྱིས་འདེམས་སྒྲིག་གནང་མོད། པེ་ཅིན་སྲིད་གཞུང་གིས་མཐའ་ན་ཁོང་ལ་ཤར་ཕྱོགས་ཀྱི་བོད་ཀྱི་ས་གནས་ཁ་འཐོར་རྣམས་གཅིག་འདུས་ཀྱི་ས་གནས་ཤིག་འཛུགས་རྒྱུའི་སྲིད་དབང་ཡང་སྤྲད་མེད།

གང་ལྟར་ཀུན་གཟིགས་བཅུ་བས་རྒྱ་བོད་གཉིས་ཕན་གྱི་རླབས་ཆེན་དགོངས་པ་སྐུ་ཚེ་གང་བོར་རྒྱུན་འཁྱོངས་གནང་མོད། པེ་ཅིན་སྲིད་གཞུང་གིས་ཁོང་ལ་ཁ་ནས་གཅམ་བའི་ཚིག་བསྟོད་རེ་འབུལ་བ་ལས། དོན་དངོས་ཀྱིས་བོད་མི་རིགས་ཀྱི་ལས་དོན་དང་འབྲེལ་བའི་ཁོང་གི་བྱ་བཞག་ཕལ་ཆེར་ལ་ངོ་རྒོལ་དང་གཏོར་བཤིག་རྐྱང་རྐྱང་བྱས་པ་ཁོང་གི་མཛད་རྣམ་ངག་རྒྱུན་དག་ལས་གསལ་བཤད་བྱེད་ཀྱི་འདུག་པའི་རྒྱུ་མཚན་ལ་དཔག་ན་པེ་ཅིན་སྲིད་གཞུང་གིས་ཕལ་ཆེར་ཁོང་གི་སྐུ་ཚེ་གང་བོར་ཁོང་ལ་མནར་གཅོད་ག་ཚོད་ཅིག་བཏང་བ་གསལ་རྟོགས་འབྱུང་ཐུབ།

༄༅། ཆོས་བརྒྱུད་བླ་ཆེན་དང་པེ་ཅིན་སྲིད་གཞུང༌།

བོན་པོ། ས་སྐྱ། བཀའ་བརྒྱུད། རྙིང་མ་སོགས་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་མང་ཆེ་བ་ད་ལྟ་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཏེ་བཞུགས་ཡོད། དེ་ལ་པེ་ཅིན་སྲིད་གཞུང་ནས་ཁོང་རྣམ་པ་གདན་འདྲེན་ཞུ་བ་དང༌། ཡང་ན་ཁོང་རྣམ་པས་རང་གི་གདན་ས་རང་རང་གི་དད་ལྡན་མི་དམངས་བློས་བཏང་ནས་ས་མཐའི་གྲོང་དུ་སྐུ་ངལ་གང་མང་ཁྱད་དུ་བསད་དེ་བཞུགས་དགོས་པར་བསམ་བློ་དང་གྲོས་མོལ་གང་ཡང་མི་བྱེད་པ་མ་ཟད། འདིའི་ཐད་དུ་དོན་རྐྱེན་གང་ཡང་མེད་ཁུལ་གྱིས་ལྷོད་འདུག་བྱས་ཡོད་པ་འདིས་པེ་ཅིན་སྲིད་གཞུང་གིས་བོད་ཀྱི་ཆོས་བརྒྱུད་ཁག་གི་རིག་གནས་འཛིན་སྐྱོང་ཐད་དུ་བཟུང་བའི་རྣམ་འགྱུར་ཧ་ཅང་གསལ་བོ་མཚོན་ཡོད་དེ། པེ་ཅིན་སྲིད་གཞུང་གིས་ཁ་ནས་མི་རིགས་རང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བའི་ཁེ་དབང་ཡོད་ཅེས་བཤད་ཀྱི་ཡོད་མོད། དོན་གྱིས་བོད་ཀྱི་ཆོས་བརྒྱུད་ཁག་གི་རིག་གནས་ཚང་མ་མེད་པར་གཏོང་འདོད་ཀྱི་འཆར་གཞི་ཡོད་པ་མ་ཟད། མི་རིགས་ཁག་གི་རིག་གནས་ཚང་མ་མེད་པར་བཏང་སྟེ། མི་རིགས་ཚང་མའི་ཀླད་པའི་ནང་དུ་རྒྱ་ནག་ཆེན་པོའི་དམར་ཕྱོགས་ཀྱི་བསམ་བློའི་ལྟ་ཚུལ་དང་རིག་གནས་ལྟ་གྲུབ་འཇུག་འདོད་ཡོད་པས་ཡིན། དེ་ལྟ་མིན་ན་བོད་ཀྱི་ཆོས་བརྒྱུད་བླ་ཆེན་རྣམས་ནི་བོད་མི་རིགས་ལ་མཚོན་ན་ཆོས་དང་རིག་གནས་སོགས་ཕྱོགས་གང་ཐད་ནས་ཆེས་དགོས་མཁོ་དང་ཕན་འབྲས་ཆེ་བ། ཆེས་མཛད་རྗེས་ཆེ་བའི་རླབས་ཆེན་གྱི་མི་སྣ་རྐྱང་རྐྱང་ཡིན་པ་མ་ཟད། བོད་མི་དམངས་ཀྱིས་ཆེས་དད་གུས་དང་རེ་སྨོན་བྱ་སའི་རླབས་ཆེན་གྱི་མི་སྣ་རྐྱང་རྐྱང་ཡིན་པས་མི་དམངས་ཀྱི་དད་མོས་དང་འདོད་བློ་བཞིན་ཁོང་རྣམ་པ་ཕྱིར་ཕ་ཡུལ་ལ་གདན་ཞུ་བྱས་ཏེ། མི་དམངས་ཀྱི་འདོད་བློ་བསྐོངས་པ་དང༌། རྒྱལ་ཁབ་ལ་བྱས་རྗེས་འཇོག་ཏུ་བཅུག་ན་ཅིའི་ཕྱིར་མི་ཆོག

པེ་ཅིན་སྲིད་གཞུང་གིས་བོད་ཀྱི་ཆོས་བརྒྱུད་ཁག་གི་རིག་གནས་ཚང་མ་མེད་པར་གཏོང་འདོད་ཀྱི་འཆར་གཞི་ཡོད་པ་དེ་ཆོས་བརྒྱུད་བླ་ཆེན་ཚང་མས་མཁྱེན་གསལ་བྱུང་བས་ཁོང་རྣམ་པས་ཀྱང་ས་མཐའི་དཀའ་སྡུག་མང་བོ་ཁྱད་དུ་བསད་དེ་རང་རང་གི་ཆོས་བརྒྱུད་འཛིན་སྐྱོང་དར་སྤེལ་གནང་བཞིན་བཞུགས་པ་དངོས་ཡོད་ཀྱི་གནས་ལུགས་རེད། གནས་ཚུལ་འདི་ནང་ལོག་ཏུ་བཞུགས་པའི་ཆོས་བརྒྱུད་བླ་ཆེན་རྣམ་པས་ཀྱང་མཁྱེན་གསལ་བྱུང་ཡོད་དེ། དཔལ་རྒྱལ་བ་ཀརྨ་བ་དང༌། སྐུ་འབུམ་གྱི་བླ་ཆེན་ཨ་ཀྱཱ་རིན་པོ་ཆེ་སོགས་ཀྱིས་ཀྱང་པེ་ཅིན་སྲིད་གཞུང་གི་ངོ་བསྟོད་དང་ལྐོག་དངུལ་ཁྲོད་ནས་སྐྱིད་བཞེས་དང་སྐྱིད་བཞུགས་མ་གནང་བར་ཆོས་བརྒྱུད་ཅིག་གི་འགན་འཁྲི་དང་མི་རིགས་ཤིག་གི་འོས་འགན་བདག་གིར་བཞེས་ཏེ། དུས་རབས་གོང་མའི་མཇུག་ཏུ་ས་མཐའི་དཀའ་སྡུག་གི་འཚོ་བ་དང་དུ་བླངས་ནས་ཕེབས་ཟིན་པ་འདིས་ངས་བཤད་པའི་པེ་ཅིན་སྲིད་གཞུང་དང་ཆོས་བརྒྱུད་བླ་ཆེན་རྣམ་པའི་བར་གྱི་འབྲེལ་བ་དེར་གསལ་བཤད་ཡང་དག་དང་བདེན་དཔང་རྣལ་མ་ཞིག་བཙལ་ཡོད། མདོར་ན། ང་བརྒྱད་དང་རིག་གསར་སྐབས་སུ་པེ་ཅིན་སྲིད་གཞུང་གིས་བོད་ཀྱི་ཆོས་དང་རིག་གནས་ཚང་མར་དྲག་ཤུགས་ལ་བརྟེན་ནས་གཏོར་བརླག་བྱས་ཀྱང་ཁོ་ཚོའི་ཕུགས་འདུན་མ་འགྲུབ་པས་ད་སྐབས་གཡོ་ཇུས་སློབ་གསོ་ལ་བརྟེན་ནས་གཏོར་བརླག་བྱེད་བཞིན་འདུག་པ་ཆོས་བརྒྱུད་བླ་ཆེན་ཚང་མས་མཁྱེན་གསལ་བྱུང་ཡོད་པ་མ་ཟད་བོད་མི་དམངས་ཡོངས་ཀྱིས་ཤེས་གསལ་བྱུང་ཡོད། རྒྱུམཚན་འདིའི་དབང་གིས་པེ་ཅིན་སྲིད་གཞུང་གིས་བོད་ཀྱི་ཆོས་བརྒྱུད་རིག་གནས་ཐད་དུ་བཟུང་བའི་ནོར་འཁྲུལ་གྱི་ཐབས་ཇུས་དེ་བསྒྱུར་ན་འོས་ཤིང་འཚམ་པའི་སེམས་ཚོར་བདག་ལ་དུས་རྒྱུན་བྱུང་ཡོད།

༄༅། བོད་ཀྱི་ཐོབ་ཐང་དང་པེ་ཅིན་སྲིད་གཞུང༌།

གཅིག བོད་རིགས་མི་དམངས་ལ་རང་ས་རང་བདག་གི་ཐོབ་ཐང་ཡང་མེད་དེ། ལོ་ངོ་སྟོང་ཕྲག་ལྷག་གི་སྔོན་དུ་བོད་མི་རིགས་ནི་ཡ་གླིང་གི་སུམ་ཆའི་གཉིས་དབང་བསྒྱུར་བྱས་མྱོང་བའི་འཛམ་གླིང་གི་སྐད་གྲགས་ཆེ་བའི་སྟོབས་ལྡན་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། ད་སྐབས་ཀྱང་ས་རྒྱ་ཧ་ཅང་ཆེ་ལ། ས་གཤིས་ཧ་ཅང་བཟང་བ། ཐོན་ཁུངས་ཧ་ཅང་མང་བའི་མི་རིགས་ཤིག་ཡིན་པས་རྒྱུ་འབྲས་ཀྱི་སྐད་ཆ་ཞིག་བཤད་ན་བོད་མི་རིགས་ནི་རང་བཙན་རྒྱལ་ཁབ་ཅིག་ཀྱང་བྱས་ཆོག་ཆོག་རེད། ཡིན་ནའང་པེ་ཅིན་སྲིད་གཞུང་གིས་ལོ་རྒྱུས་ཀྱི་བདེན་དབང་དང་དངོས་ཡོད་ཀྱི་གནས་ཚུལ་འདི་དག་སྣང་མེད་དུ་བཞག་ནས་བོད་མི་རིགས་ལ་མཐའ་ན་རང་སྐྱོང་གཙང་མ་ཞིག་གི་ཐོབ་ཐང་ཡང་གཏན་ནས་སྟེར་གྱི་མེད།

   གཉིས། བོད་མི་རིགས་ལ་ཆོས་དད་རང་དབང་གི་ཐོབ་ཐང་ཡང་མེད་དེ། བོད་མི་རིགས་ཀྱིས་སྲིད་དབང་དང་ཐོན་ཁུངས། རིག་གནས་དང་རྒྱུ་ནོར་ཚང་མ་པེ་ཅིན་སྲིད་གཞུང་ལ་ཕུལ་ནས་ཡིད་ཆེས་དང་རེ་བ་རབ་དང་རིམ་པ་ཞིག་བྱས་ཀྱང༌།

༡པེ་ཅིན་སྲིད་གཞུང་གིས་བོད་མི་རིགས་ལ་མཐའ་ན་རང་གི་རྩ་བའི་བླ་མར་མཇལ་ཕྱག་ཅིག་ཞུས་ཆོག་པའི་ཐོབ་ཐང་གཙང་མ་ཞིག་ཀྱང་སྤྲད་མེད།

༢ཧ་ཅང་གསང་བ་མ་དམ་ན་རང་གི་རྩ་བའི་བླ་མའི་སྐུ་པར་ཅིག་བཤམས་ནའང་ལོ་གཉིས་གསུམ་གྱི་ཁྲིམས་ཆད་གཅོད་སྲིད།

༣སྤྱི་ལོ་ཉིས་སྟོང་བརྒྱད་ནས་བཟུང་རང་གི་གདན་ས་སེ་འབྲས་དགེ་གསུམ་སོགས་སུ་སློབ་གཉེར་བྱས་ནས་འདུག་ཆོག་པའི་ཐོབ་ཐང་ཡང་མེད། མཐའ་ན་རྫོང་ཁག་གཞན་གྱི་དགོན་ཆེན་ག་གེ་མོར་སློབ་སྦྱོང་བྱས་ནས་འདུག་རྒྱུའང་ཧ་ཅང་དཀའ།

༤མཐའ་ན་ཨ་མདོ་དང་ཁམས་པ་རྣམས་ལྷ་སར་མཆོད་མཇལ་ཞིག་བྱེད་དུ་འགྲོ་རྒྱུ་ནི་ཕྱི་རྒྱལ་ལ་འགྲོ་བ་ལས་ཀྱང་དཀའ་སྡུག་ཧ་ཅང་ཆེ་ལ། མཚམས་རེར་གཏན་ནས་འགྲོ་རུ་མི་འཇུག

༥དུས་རྒྱུན་རང་གི་རྩ་བའི་བླ་མར་དད་གུས་རྣམ་དག་ཅིག་བྱེད་ཆོག་པའི་ཐོབ་ཐང་ཡང་མི་སྟེར་བར་མཚན་དམོད་སྐུར་འདེབས་ཡང་བྱེད་དུ་འཇུག་སྲིད། འདིའི་སྐོར་གཤམ་གྱི་ངའི་མི་ཚེ་དང་པེ་ཅིན་སྲིད་གཞུང་ཅེས་པའི་ནང་ཅུང་རྒྱས་པར་བཤད་ཡོད།

༦རང་གི་ཆོས་ལུགས་ལ་དད་གུས་རྣམ་དག་ཅིག་བྱེད་པའི་ཐོབ་ཐང་ཡང་སྤྲད་མེད་དེ། པེ་ཅིན་སྲིད་གཞུང་གིས་དུས་རྒྱུན་དཔེ་དེབ་དང་སློབ་དེབ་སྣ་ཚོགས་ཀྱི་ནང་དུ་ཆོས་ལུགས་ནི་བྲན་གཡོག་རིག་གནས་དང་བཀས་བཀོད་རྒྱུད་འཛིན་རིག་གནས་ཡིན་པས་མི་དམངས་ལ་བཤུ་གཞོག་དང་གཉའ་གནོན་བྱེད་ཚུལ་གྱི་སློབ་གསོ་ཤུགས་ཆེན་གྱིས་བསྒྲགས་ནས་ཆོས་ལུགས་དད་གུས་ལ་མཐོང་ཆུང་དང་དམའ་འབེབས་དུས་རྒྱུན་བྱེད། འོན་ཀྱང་མི་དམངས་ཀྱིས་པེ་ཅིན་སྲིད་གཞུང་གི་ཆབ་སྲིད་རིག་གནས་ལ་རེ་ཞུ་ཙམ་བྱས་ཀྱང་མི་ལོ་མང་བོའི་བཙོན་འཇུག་ཁྲིམས་ཆད་གཅོད་ངེས་ཡིན།

  གསུམ། བོད་མི་རིགས་ལ་མི་ལུས་ཐོབ་ཐང་ཡང་མེད་དེ། བོད་མི་རིགས་ལ་མི་ཤ་ཟ་རུ་བཅུག་པ་དང༌། མི་གཅིན་འཐུང་དུ་བཅུག་པའི་ལྟོགས་སྐོམ་དཀའ་སྡུག་གི་མནར་གཅོད་གཏོང་མཁན་ནི་པེ་ཅིན་སྲིད་གཞུང་ཁོ་ན་ཡིན། དེ་ལས་གཞན་བཙན་པོའི་རྒྱལ་རབས་ནས་དགའ་ལྡན་ཕོ་བྲང་བར་གྱི་ལོ་ངོ་སྟོང་ཕྲག་མང་བོའི་སྲིད་གཞུང་གང་གིས་ཀྱང་འདི་འདྲའི་མནར་གཅོད་ཀྱི་ཟུར་ཙམ་ཡང་བཏང་མྱོང་མེད། ཡིན་ནའང་པེ་ཅིན་སྲིད་གཞུང་གིས་བོད་མི་དམངས་ལ་ལོ་རྒྱུས་སྟེང་དུ་བྱུང་མ་མྱོང་བའི་བདེ་སྐྱིད་བསྐྲུན་མཁན་དེ་ཁོ་ཚོ་གཅིག་པུ་ཡིན་ཚུལ་དུས་རྒྱུན་མ་ཎི་འདོན་འདོན་བྱས་ཏེ་དོན་དངོས་ཀྱི་ལོ་རྒྱུས་ཤིག་གླེང་ཆོག་པའི་ཐོབ་ཐང་ཡང་སྤྲད་མེད།

 བཞི། བོད་མི་རིགས་ལ་དཀའ་སྡུག་གི་མི་ཚེ་གླེང་བའི་ཐོབ་ཐང་ཡང་མེད་དེ། ང་བརྒྱད་ནས་རིག་གསར་མཇུག་རྫོགས་པའི་བར་དུ་པེ་ཅིན་སྲིད་གཞུང་གིས་སྲོག་ཁྲིམས་བཅད་པའི་བཙོན་མ། ལྟོགས་ཤི་ཐེབས་པའི་བཙོན་མ། དམར་གསོད་བཏང་བའི་མི་དམངས་ཁྱོན་བསྡོམས་བོད་རིགས་མི་དམངས་ཁྲི་བརྒྱ་ལྷག་གཡོ་ཇུས་སྣ་མང་གིས་དམར་གསོད་བཏང་མྱོང་བ་ཀུན་གཟིགས་བཅུ་བའི་ཁྲི་བདུན་མའི་སྙན་ཞུ་སོགས་འབྲེལ་ཡོད་ཡིག་ཚང་མང་བོར་གསལ་མོད། པེ་ཅིན་སྲིད་གཞུང་གིས་ད་དུང་བོད་ཞི་བའི་བཅིངས་གྲོལ་བཏང་བ་ཡིན་ཞེས་རྫུན་གཏམ་མཁྲེགས་འཛིན་བྱས་ཏེ་འདུག་པ་ནི་ངོ་མ་དགོད་བྲོ་བའི་བྱ་སྤྱོད་ཅིག་རེད། གལ་ཏེ་བོད་རིགས་ཤིག་གིས་དཀའ་སྡུག་གི་མི་ཚེ་འདི་དག་གླེང་ཚེ་དེ་ལ་སྲོག་ཁྲིམས་མ་བཅད་ན་ལོ་འགའི་བཙོན་འཇུག་གཅོད་ངེས་ཡིན།

ལྔ། བོད་རིགས་མི་དམངས་ལ་ཡབ་མེས་ཚོའི་དཀའ་སྡུག་གླེང་བའི་ཐོབ་ཐང་ཡང་མེད་དེ། བོད་མི་རིགས་ལ་མཚོན་ན་བོད་མི་ཁྲི་བརྒྱ་ནི་བོད་རིགས་ཡོངས་ཀྱི་དྲུག་ཆའི་གཅིག་ཡིན་པས་བོད་མི་རིགས་ཀྱི་དྲུག་ཆའི་གཅིག་ལྷག་དམར་གསོད་བཏང་བའི་དམར་གསོད་དོན་རྐྱེན་ཆེན་པོ་འདི་ནི་རུས་རྐང་ན་བོད་ཀྱི་ཁྲག་རྒྱུན་ཡོད་པ་སུ་ཞིག་གིས་བརྗེད་ཐུབ་བམ། དཔེར་ན། འཇར་པན་བཙན་རྒྱལ་དམག་དཔུང་གིས་ཀྱང་རྒྱ་མི་རིགས་ཀྱི་དྲུག་ཆའི་གཅིག་ཕར་ཟད། བཅུ་ཆའི་གཅིག་ཀྱང་བསད་མེད་ཀྱང་རྒྱ་རིགས་མི་དམངས་ཀྱིས་སྐབས་དེའི་དམག་འཁྲུག་གཏན་ནས་བརྗེད་ཐུབ་ཀྱི་མེད་པ་ལྟ་བུ་རེད། ཡིན་ནའང་པེ་ཅིན་སྲིད་གཞུང་གིས་བོད་རིགས་མི་དམངས་ཡོད་དོ་ཅོག་ནི་པེ་ཅིན་སྲིད་གཞུང་ལ་དགའ་ཚུལ་དུང་ཚུལ། དུས་གཏན་དུ་བརྗོད་བཞིན་པ་ནི་མཇུག་སྐྱོང་ཐབས་མེད་པའི་རྫུན་གཏམ་ཞིག་རེད།

དྲུག  བོད་མི་རིགས་ལ་ཚེ་སྲོག་རང་སྲུང་གི་ཐོབ་ཐང་ཡང་མེད་དེ། དེང་སྐབས་འཛམ་གླིང་ནས་མི་ཞིག་གིས་མི་ཞིག་བསད་ན། དེ་ལ་སྲོག་ཁྲིམས་སམ་ཡང་ན་ལོ་ངོ་གང་མང་དང་དཔལ་འབྱོར་གྱི་ཁྲིམས་ཆད་གཅོད་ཀྱང༌། སྤྱི་ལོ་ཉིས་སྟོང་དགུ་དང་བཅུ་གཅིག་ལོར་བོད་མི་རིགས་ཀྱི་ཐོབ་ཐང་དང་རང་དབང་གི་ཆེད་དུ་སྐུ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པའི་ཆེད་དུ་བོད་མི་རིགས་ཀྱི་བརྒྱ་ཆའི་བདུན་བཅུ་ལྷག་གིས་ལོ་སར་མ་བྱས་པར་མྱ་ངན་ཞུས་པ་དེར། པེ་ཅིན་སྲིད་གཞུང་གིས་བོད་རིགས་མི་དམངས་ལ་མྱ་ངན་ཙམ་ཞུ་བའི་རང་དབང་ཐོབ་ཡང་མི་སྟེར་བར་བཙན་བཀའ་རབ་དང་རིམ་པ་བཏང་ནས་དེའི་ཁྲོད་ཀྱི་བོད་རིགས་མི་སྣ་མང་བོ་ཞིག་བཙོན་འཇུག་བྱས་པ་དང་དམར་གསོད་ཀྱང་བཏང་མྱོང༌། དཔེར་ན། ཁམས་བྲག་མགོ་དང༌། གསེར་རྟ། འཛམ་ཐང༌། ཨ་མདོའི་མགོ་ལོག་སོགས་ནས་ལོ་སར་མ་བྱས་པར་མྱ་ངན་ཞུས་པར་པེ་ཅིན་སྲིད་གཞུང་གིས་ཉེན་རྟོག་པ་དང་དམག་མི་འབོར་ཆེན་གྱིས་ཁོང་རྣམ་པར་གཅར་རྡུང་འཛིན་བཟུང་བྱས་པ་མ་ཟད། གང་འདོད་ལ་མེ་མདས་རྒྱབ་ཏེ། ཁམས་འཛམ་ཐང་གི་རྒྱལ་གཅེས་དཔའ་བོ་ཨོ་རྒྱན་དང༌། བྲག་མགོའི་རྒྱལ་གཅེས་དཔའ་བོ་ཡོན་ཏན་དང་གསེར་རྟ་ཡི་རྒྱལ་གཅེས་དཔའ་བོ་ཟླ་བ་གྲགས་པ་སོགས་མི་མང་བོ་དམར་གསོད་བཏང་མོད། པེ་ཅིན་སྲིད་གཞུང་གིས་ལག་དམར་དེ་དག་ལ་ཁ་ཡ་ཙམ་ཡང་མི་བྱེད་པའི་རྒྱུ་མཚན་ཅི།

  བདུན། བོད་རིགས་མི་དམངས་ལ་དད་མོས་མཇལ་ཞུ་རང་དབང་ཡང་མེད་དེ། བོད་རིགས་མི་དམངས་ཀྱི་བརྒྱ་ཆའི་བརྒྱད་ཅུ་ལྷག་གིས་དུས་དང་རྣམ་པ་ཀུན་ཏུ་ཀུན་གཟིགས་བཅུ་བའི་ཡང་སྤྲུལ་ལ་དད་འདུན་རྣམ་དག་གིས་མཇལ་ཁ་ཞུ་འདོད་ཡོད་ཀྱང༌། པེ་ཅིན་སྲིད་གཞུང་གིས་ཁོང་གི་ཡང་སྤྲུལ་བཙོན་དུ་བཅུག་པ་མ་ཟད། ཡང་སྤྲུལ་རྫུན་མ་ཞིག་བཙལ་ཏེ། མི་དམངས་ལ་བཙན་གྱིས་མཇལ་ཁ་ཞུ་རུ་འཇུག་པ། དཔེར་ན། སྤྱི་ལོ་ཉིས་སྟོང་བཅུ་གཅིག་ལོར་སྤྲུལ་སྐུ་དེ་བླ་བྲང་སོགས་མདོ་ལྷོའི་ས་ཁུལ་མང་བོར་ཕེབས་སྐོར་བྱེད་དུ་བཅུག་ནས་མི་དམངས་ལ་བཙན་གྱིས་མཇལ་ཁ་ཞུ་རུ་བཅུག། མི་དམངས་ཀྱིས་སྤྲུལ་སྐུ་རྫུན་མ་དེར་མཇལ་ཁ་ཞུ་འདོད་མེད་པར་བཤད་པ་ན། པེ་ཅིན་སྲིད་གཞུང་གིས་གལ་ཏེ་ཁྱོད་ཚོས་སྤྲུལ་སྐུ་རྫུན་མ་འདིར་མཇལ་ཁ་མི་ཞུ་ན་མཉམ་ལས་སྨན་བཅོས་ཀྱི་གྲོན་དངུལ་དང་འཚོ་བའི་ཁ་ཟབ་ཀྱི་གྲོན་དངུལ་མི་སྟེར་ཅེས་འཇིགས་སྐུལ་བྱས་པ་ནི་ངོ་ཚ་མེད་པའི་ཁྱི་ཡི་བྱ་སྤྱོད་ཅིག་རེད།

  བརྒྱད། བོད་རིགས་མི་དམངས་ལ་གོང་རིམ་སྲིད་གཞུང་ལ་སྙན་ཞུ་འབུལ་བའི་རང་དབང་ཡང་མེད་དེ། དཔེར་ན། དུས་རབས་གོང་མར་ཀུན་གཟིགས་བཅུ་བས་ལྔ་བཅུ་ང་བརྒྱད་སྐབས་ཀྱི་བོད་མི་རིགས་ཀྱི་དཀའ་སྡུག་མཚོན་པའི་སྙན་ཞུ་བོད་འབངས་སྡུག་ལས་སྐྱོབ་པའི་ཡིག་འབྲུ་ཁྲི་བདུན་མའི་སྙན་ཞུ་མའོ་ཙེ་ཏུང་དང་ཀྲུའུ་ཨན་ལེ་སོགས་པེ་ཅིན་སྲིད་གཞུང་ལ་ཕུལ་རྗེས་ཁོང་ལ་ལོ་དགུ་ཡི་བཙོན་འཇུག་ཁྲིམས་ཆད་བཅད་པ་རེད། དེའི་རྗེས་ཏིན་ཞོ་ཕིན་གྱི་སྐབས་སུ། དཔེར་ན། སྲིད་འཛིན་ཧང་ཡོ་པང་གིས་བོད་ལ་རྟོག་ཞིབ་མཛད་རྗེས་བོད་འབངས་ཀྱི་དཀའ་སྡུག་མཚོན་པའི་གཏམ་བཤད་སྙན་ཞུ་ཞིག་པེ་ཅིན་སྲིད་གཞུང་ལ་ཕུལ་བར་ཁོང་གི་གོ་གནས་བླངས་ཏེ་ཁྲིམས་འཇུག་བྱས་པ་རེད། དེའི་རྗེས་ཅིང་ཙེ་མིན་གྱི་སྐབས་སུ། དཔེར་ན། བྱ་བྲལ་རིན་པོ་ཆེ་ཡིས་ཀུན་གཟིགས་བཅུ་བའི་སྤྲུལ་སྐུ་བོད་མི་དམངས་ཀྱི་རེ་འདུན་བཞིན་འཚོལ་དགོས་པའི་ངག་ཐོག་སྙན་ཞུ་ཞིག་པེ་ཅིན་སྲིད་གཞུང་ལ་ཕུལ་བར་ཁོང་ལ་ཚེ་བཙོན་གྱི་ཁྲིམས་ཆད་བཅད་པ་མ་ཟད། ད་དུང་ཁོང་གནས་གང་དུ་བཞུགས་པའང་གཏན་ནས་མི་ཤེས་པའི་གནས་སུ་བསྐྱལ། ཧོའི་ཅན་ཐོ་ཡི་སྐབས་སུ། དཔེར་ན། སྒྱིས་ཚང་སྟག་སྨྲིག་ལགས་ཀྱིས་བོད་ལ་རང་དབང་མེད་པའི་སྙན་ཞུ་ཞེས་པའི་ངག་ཐོག་སྙན་ཞུ་ཞིག་བརྙན་ཐག་གི་ལམ་ནས་པེ་ཅིན་སྲིད་གཞུང་ལ་ཕུལ་བར་ཁོང་ལ་ལོ་བཞི་ཡི་བཙོན་འཇུག་ཁྲིམས་ཆད་བཅད་འདུག་པ་སོགས་ཀྱིས་མཚོན་པའི་མི་ལོ་དྲུག་ཅུ་ལྷག་གི་དུས་ཡུན་ཁྲོད་བོད་ཀྱི་ཤེས་ཡོན་པ་དང༌། མཐོ་རིམ་མི་སྣ་གང་མང་གིས་པེ་ཅིན་སྲིད་གཞུང་ལ་བོད་འབངས་ཀྱི་དཀའ་སྡུག་མཚོན་པའི་སྙན་ཞུ་གང་མང་ཞིག་ཕུལ་ན་ཡང་པེ་ཅིན་སྲིད་གཞུང་གིས་དེ་ལ་ཁྲིམས་ཆད་གཅོད་རྒྱུ་མ་གཏོགས་ཕྱོགས་གང་ལ་ཡང་བསམ་བློ་མི་གཏོང་བ་ནི་རྒྱལ་སྤྱིའི་ཁྲིམས་འགལ་གྱི་བྱ་སྤྱོད་མཚོན་པའི་དཔང་རྟགས་རྣལ་མ་ཞིག་ཏུ་གྱུར་འདུག་མོད། ད་དུང་པེ་ཅིན་སྲིད་གཞུང་གིས་རང་ལྟ་མཁྲེགས་འཛིན་གྱིས་ལྷོད་འདུག་བྱེད་པའི་རྒྱུ་མཚན་ཅི།

༄༅། བོད་ཀྱི་ཞི་རྒོལ་དང་པེ་ཅིན་སྲིད་གཞུང༌།

གཅིག སྤྱི་ལོ་༡༩༥༠ལོར་རྒྱ་བོད་གཉིས་ཀྱི་འཐུས་ཚབ་མི་སྣས་དོན་ཚན་བཅུ་བདུན་གྱི་གྲོས་མཐུན་བཞག་ཀྱང༌། པེ་ཅིན་སྲིད་གཞུང་ཚིག་ཐོག་ནས་མ་བསྡད་པར་བོད་ཀྱི་ས་ཁུལ་མང་བོར་དམག་དཔུང་དྲངས་ནས་བོད་རིགས་མི་དམངས་འབུམ་ཕྲག་མང་བོ་དམར་གསོད་བཏང་བ་དང༌། དེ་ལས་གཞན་པའི་མི་སེར་འབུམ་ཕྲག་མང་བོར་བཀྲེས་སྐོམ་གྱི་མནར་གཅོད། གཅར་རྡུང་གི་མནར་གཅོད། བཙོན་འཇུག་གི་མནར་གཅོད་སོགས་མདོར་ན་དམྱལ་བ་མི་ཡུལ་དུ་ཐོན་པ་ལྟ་བུའི་མནར་གཅོད་རབ་དང་རིམ་པ་ཞིག་བཏང་བའི་ཁྲོད་དུ་བོད་མི་ཁྲི་བརྒྱ་ལྷག་གི་ཚེ་སྲོག་དམྱལ་བའི་ཁམས་སུ་བརྫངས། མནར་གཅོད་ཆེན་པོ་འདིས་བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་ཀྱི་སེམས་སུ་ཚད་ལས་བརྒལ་བའི་རྨ་ཁ་ཟབ་མོ་ཞིག་བཞག་ཡོད་ཀྱང༌། པེ་ཅིན་སྲིད་གཞུང་གིས་དོན་དངོས་ལོ་རྒྱུས་གཡོ་འགེབ་བྱས་ཏེ་བོད་ཞི་བས་བཅིངས་གྲོལ་བཏང་ཞེས་དུས་རྒྱུན་གླེང་གིན་ཡོད་ཀྱང་བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་ཀྱིས་དོན་དངོས་ལོ་རྒྱུས་འདི་གཏན་ནས་བརྗེད་དཀའ་བའི་གནས་ཤིག་ཡིན་ཏེ། མི་རིགས་ཤིག་གི་དྲུག་ཆའི་གཅིག་དམར་གསོད་བཏང་སྟེ་བཙན་འཛུལ་གྱིས་མི་རིགས་ཤིག་མངའ་ཁོངས་སུ་བཅུག་པ་དེ་ཞི་བའི་བཅིངས་གྲོལ་ཡིན་ན། འཛམ་གླིང་འཁྲུག་ཆེན་དང་བོ་དང་གཉིས་པ་ལ་ཡང་འཛམ་གླིང་ཞི་བས་བཅིངས་གྲོལ་དང་བོ་དང་གཉིས་པ་ཞེས་བརྗོད་ན་འོས་ཤིང་འཚམ། འདི་དག་ཚང་མ་དོན་དངོས་ལོ་རྒྱུས་ཡིན་པ་ནི། ཀུན་གཟིགས་བཅུ་བའི་ཡིག་འབྲུ་ཁྲི་བདུན་མ་དང༌། བྱ་མདོ་རིན་བཟང་གི་ངའི་ཕ་ཡུལ་དང་ཞི་བའི་བཅིངས་གྲོལ་དང༌། ངའི་ཕ་ཡུལ་དང་གཟབ་ཉན། ནུས་བློའི་ནག་ཚང་ཞི་ལུའི་སྐྱིད་སྡུག ཕུན་དབང་གི་བོད་མི་གསར་བརྗེ་བ་ཞིག་སོགས་ལ་གཟིགས་ན་ཤེས་ཐུབ།

གཉིས། སྤྱི་ལོ་༡༩༦༠ལོ་ནས་ད་ལྟའི་བར་དུ་བོད་མི་དམངས་ཀྱིས་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་པེ་ཅིན་སྲིད་གཞུང་ལ་ཞི་རྒོལ་རབ་དང་རིམ་པ་ཞིག་བྱས་མྱོང་མོད། དེ་དག་ཚང་མར་པེ་ཅིན་སྲིད་གཞུང་གིས་དྲག་གནོན་ཁོ་ན་ལ་བརྟེན་ནས་བཙན་འགོག་བྱས་པ་ལས་ཞི་བས་གྲོས་མོལ་དང༌། ཞི་བའི་སློབ་གསོ་ལ་བརྟེན་ནས་ཞི་འཇམ་དུ་བཏང་བ་གཅིག་ཀྱང་མེད། དཔེར་ན།

༡ལོ་རབས་དྲུག་ཅུ་བའི་སུམ་བཅུའི་དུས་དྲན་སྐབས་སུ་བོད་ཞི་བའི་སྒེར་ལངས་ཆེན་མོར་པེ་ཅིན་སྲིད་གཞུང་གིས་དམག་དཔུང་འབོར་ཆེན་བཏང་ནས་མེ་སྒྱོགས་དང་གནམ་གྲུའི་སྟོབས་ཤུགས་ལ་བརྟེན་ནས་བོད་མི་འབུམ་ཕྲག་མང་བོ་བསད་པའི་དམར་གསོད་དོན་རྐྱེན་ཡ་ང་བ་ཞིག་བཟོས་པ་གོང་དུ་ཕྲན་ཙམ་གླེང་བ་བཞིན་རེད།

༢དེའི་རྗེས་ཀྱི་ལོ་རབས་བརྒྱད་ཅུ་བའི་སྐབས་སུ་དབུས་གཙང་ལྷ་ས་ནས་ཞི་རྒོལ་བྱུང་བར་པེ་ཅིན་སྲིད་གཞུང་གིས་མེ་མདའི་སྟོབས་ཤུགས་ལ་བརྟེན་ནས་ལག་ན་མཚོན་ཆ་ཁབ་རྩེ་ཙམ་མེད་པའི་བོད་པའི་ཉེས་མེད་མི་སེར་བརྒྱ་ཕྲག་མང་བོ་དམར་གསོད་བཏང་བའི་ལོ་རྒྱུས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན་ཟུར་བ། མདོ་སྨད་སྐུ་འབུམ་དགོན་ཆེན་གྱི་དགོན་བདག་ཨ་ཀྱཱ་རིན་པོ་ཆེས་གསལ་བོར་གསུངས་པ་བཞིན་རེད།

༣དེའི་རྗེས་ཀྱི་ཉིས་སྟོང་བརྒྱད་ལོར་བོད་མདོ་དབུས་ཁམས་གསུམ་གྱིས་ཞི་བས་སྒེར་ལངས་ཆེན་མོའི་ཁྲོམ་སྐོར་སྐབས་སུ་པེ་ཅིན་སྲིད་གཞུང་གིས་ཁྱད་ལྡན་དམག་དཔུང་གི་སྟོབས་ཤུགས་ལ་བརྟེན་ནས་ཉེས་མེད་མི་སེར་ཧ་ཅང་མང་བོ་བསད་པའི་གྲངས་གསལ་བོ་ཞིག་བཤད་དཀའ་ཡང༌། དབུས་གཙང་ཕྱོགས་ཀྱི་མཇལ་སྐོར་བ་ཞིག་གིས་བཤད་པ་ལྟར་ན་ཁོ་ཚོའི་སྡེ་བ་གཅིག་པོར་མི་སུམ་ཅུ་སོ་གཉིས་དམར་གསོད་བཏང་བར་བཤད་བྱུང༌། གང་ལྟར་ད་སྐབས་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་གླེང་སློང་ལྟར་ན། ཉིས་སྟོང་བརྒྱད་ལོར། མེ་མདས་ཐད་ཀར་དམར་གསོད་བཏང་བ་དང༌།རྨས་སྐྱོན་ཚབས་ཆེན་ཐེབས་ནས་སྨན་བཅོས་བྱེད་མ་ཐུབ་པར་ཤི་བ། གཅར་རྡུང་ཚད་ལས་བརྒལ་བ་བྱས་ཏེ་བསད་པ། སྲོག་ཁྲིམས་བཅད་པ་སོགས་ཁྱོན་བསྡོམས་སྟོང་ཕྲག་གཅིག་ལྷག་ཞིག་བསད་པར་ཚོད་དཔག་བྱེད་ཀྱི་འདུག་པ་མ་ཟད། མི་གྲངས་སྟོང་ཕྲག་བརྒྱད་ལྷག་ལ་དུས་བཀག་འདྲ་མིན་གྱི་བཙོན་འཇུག་ཁྲིམས་ཆད་བཅད་འདུག་པར་བཤད་ཀྱིན་འདུག ཡིན་ནའང་པེ་ཅིན་སྲིད་གཞུང་གིས་ཁོང་རྣམ་པར་རྡུང་སྲེག་བཅོམ་གསུམ་བྱེད་མཁན་གྱི་འཇིགས་སྐུལ་བའི་མིང་བཏགས་ནས་གསར་ལམ་སྣ་ཚོགས་སུ་བསྒྲགས་བཞིན་འདུག་མོད། དེའི་སྐབས་ཀྱི་དངོས་ཡོད་གནས་ཚུལ་མཐོང་མཁན་གྱི་མི་སྣ་མང་བོས་བཤད་པ་ལྟར་ན་བརྙན་འཕྲིན་ནང་གི་མེར་བསྲེགས་གཏོང་མཁན་ནི་དམག་མི་ཡིན་ལ། ཁོ་ཚོས་དེ་ལྟར་བྱེད་དགོས་དོན་ཡང་སྲིད་གཞུང་གིས་ཞི་རྒོལ་བ་རྣམ་པར་དྲག་གནོན་བྱེད་འདོད་པས་ཁ་གཡར་ས་ཞིག་བཙལ་བ་རེད་ཅེས་བཤད་ཀྱི་འདུག  འདི་ནི་དོན་དངོས་ཤིག་ཡིན་ཏེ། སྐབསདེར་གྲྭ་ཆས་གོན་པའི་དམག་མི་ཞིག་བོད་མི་ཞི་རྒོལ་བ་རྣམ་པས་མཐོང་སྟེ་པར་བརྒྱབ་འདུག  ད་དུང་ཡིད་སྐྱོ་བའི་རྣམ་པ་ཞིག་ནི་པེ་ཅིན་སྲིད་གཞུང་གིས་དོན་རྐྱེན་འདི་ཐོག་མར་ཁྱབ་བསྒྲགས་བྱེད་སྐབས་བོད་མི་སྐོར་ཅིག་གིས་ལྷ་སའི་ཁ་ཆེའི་ལྷ་ཁང་མེར་བསྲེགས་ཚུལ་བཤད་དེ། དོན་རྐྱེན་འདི་ནི་མི་རིགས་འདི་གཉིས་ཀྱི་ཆོས་ལུགས་འཐབ་རྩོད་ཡིན་པ་ལས་སྲིད་གཞུང་ལ་ངོ་རྒོལ་བྱས་པ་མིན་པའི་གནས་ཚུལ་བསྒྲགས་ཏེ་མི་རིགས་ཆེན་པོ་འདི་གཉིས་ཀྱི་བར་དུ་དབྱེན་དཀྲུག་བྱས་པ་ནི་ངོ་མ་བསམ་ཡུལ་ལས་འདས་པའི་མུན་ནག་གི་སྲིད་གཞུང་ཅིག་གི་བྱ་སྤྱོད་རེད།

༤ཉིས་སྟོང་བཅུ་ནས་ད་ལྟའི་བར་དུ་བོད་མི་བདུན་ཅུ་ལྷག་གིས་མི་དང་རྒྱུ་དངོས་སོགས་གཞན་ལ་གནོད་འཚེ་ཁབ་གཙག་ཙམ་ཡང་མ་བྱས་པར་རང་ལུས་ཞུགས་འབུལ་གནང་སྟེ་པེ་ཅིན་སྲིད་གཞུང་ལ་ཞི་བས་ངོ་རྒོལ་ཕྱི་གསལ་ནང་གསལ་ཞིག་མཛད་ཀྱང་པེ་ཅིན་སྲིད་གཞུང་གིས་ད་དུང་ཁོང་རྣམ་པ་འཇིགས་སྐུལ་བ་ཡིན་ཚུལ་དང༌། ཆོས་ལུགས་དང་མི་མཐུན་ཚུལ་སོགས་མཚན་དམོད་ཞུ་བ་མ་ཟད། མི་སྐྱ་ཞིག་ཡིན་ན་བཟའ་ཚང་དང་མ་མཐུན་པར་རང་ལུས་ཞུགས་འབུལ་བྱས་ཚུལ་དང༌། བླ་མ་གྲྭ་བ་ཞིག་ཡིན་ན་གཞན་གྱི་ངན་སྐུལ་དང༌། ཡང་ན་ཚུལ་ཁྲིམས་འཆལ་ཚུལ་གྱི་ངན་སྨོས་གང་རུང་ཞིག་སྤྱི་ཚོགས་སྟེང་དུ་གསར་ལམ་ཁག་ནས་ཤུགས་ནུས་ཀྱིས་བསྒྲགས་བཞིན་འདུག་པ་མ་ཟད། དེ་ལྟར་ཡིན་ཚུལ་གྱི་ཡིག་ཆ་བྲིས་ཏེ། སྟེང་དུ་ཁོང་རྣམ་པའི་ཡུལ་མི་གཉེན་ཉེ་རྣམས་ལ་བཙན་དབང་གིས་མཛུབ་ཐེལ་གནོན་དུ་འཇུག་པ་ནི་སྲིད་དབང་སྒེར་འཛིན་རང་ལུགས་པའི་མུན་ནག་གི་སྲིད་གཞུང་ཞིག་གི་ལྟ་སྤྱོད་ཕྱི་རུ་མངོན་པ་ཞིག་རེད། དེ་དང་འབྲེལ་ཁོང་རྣམ་པའི་ཡུལ་མི་གྲོགས་པོ་ཉེ་འབྲེལ་རྣམས་ལ་ཇུས་ངན་སྣ་ཚོགས་ཀྱིས་མནར་གཅོད་ཚད་ལས་བརྒལ་བ་གཏོང་བཞིན་པ་ནི་དཔེར་ན། རྒྱལ་གཅེས་དཔའ་བོ་རྔ་བའི་དགེ་འདུན་པ་ཕུན་ཚོགས་ལགས་ཀྱིས་རང་ལུས་ཞུགས་འབུལ་གནང་བ་ཁོང་གི་ཨ་ཁུས་སྐུལ་བར་ཉེས་འདོགས་བྱས་ཏེ། ལོ་བརྒྱད་ཀྱི་ཁྲིམས་ཆད་བཅད་པ་དང༌། རྒྱལ་གཅེས་དཔའ་བོ་བོང་སྟག་དམ་ཆོས་ལགས་ཀྱིས་རང་ལུས་ཞུགས་འབུལ་གྱིས་ཞི་རྒོལ་མཛད་པར་དགེ་བཤེས་བོང་སྟག་མཁས་གྲུབ་སོགས་ལ་འབྲེལ་བ་ཡོད་ཚུལ་གྱིས་ཁོང་ལ་ལོ་བཅུ་གཉིས་ཀྱི་ཁྲིམས་ཆད་བཅད་པ་མ་ཟད། ཁོང་གི་དགེ་ཕྲུག་གཉིས་ལ་ལོ་གསུམ་ཡན་གྱི་ཁྲིམས་ཆད་བཅད་པ།

ད་དུང་ཨ་མདོའི་གཙོད་རྡོ་དཀར་གྱི་རྒྱལ་གཅེས་དཔའ་བོ་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་རང་ལུས་སྦྱིན་བསྲེགས་གནང་རྗེས་ཉེན་རྟོག་པ་ཡོང་ནས་ཁོང་གི་ཆུང་མ་དང་ནང་མིར་སངས་རྒྱས་རྒྱ་མཚོས་བཟའ་ཚང་མ་མཐུན་པར་རང་ལུས་ཞུགས་འབུལ་བྱས་པ་རེད་ཅེས་བཤད་དེ་ཡིག་ཆའི་སྟེང་དུ་མཛུབ་ཐེལ་མནན་ན་རྒྱ་སྒོར་ཁྲི་བརྒྱ་སྟེར་ཚུལ་བཤད་པར་ཡུལ་མི་ཚོས་མིག་ཆུ་ཤམ་ཤམ་བཞུར་བཞིན་སངས་རྒྱས་རྒྱ་མཚོ་ནི་ཁྱིམ་མིར་གཅེས་སྐྱོང་དང་བཟའ་མིར་བརྩེ་བ་ཟབ་པའི་མི་ཞིག་ཡིན་པ་མ་ཟད། སངས་རྒྱས་རྒྱ་མཚོ་ཁོ་ཚོ་དང་བྲལ་ཁའི་སྐད་ཆའང་དེ་རིང་གྲོགས་པོ་ཞིག་གི་རླངས་འཁོར་ལམ་དུ་ཆག་འདུག་པས་ང་རླངས་སྣུམ་ཞིག་ཁྱེར་ནས་ཤོག་ཟེར་བས་ང་དེར་འགྲོ་རྒྱུ་ཡིན་ཞེས་བཤད་དེ་བུད་སོང༌། ཞེས་ཉེན་རྟོག་པ་ཚོར་བཤད་པ་རེད།

གནས་ཚུལ་དུམ་བུ་འདི་ལ་ང་ཚོས་ཞིབ་འཇུག་ཕྲན་བུ་ཞིག་བྱས་ན། ཆུང་མའི་རང་གི་ལག་ནས་མི་ཚེ་གཅིག་གི་སྐྱ་ཡ་དང་བྱིས་པ་གཉིས་ཀྱི་ཨ་ཕ་རང་ཉིད་དང་གཏན་དུ་བྲལ་བའི་སེམས་སྡུག་གི་ཉིན་མོར་དེར། ཕ་མ་གཉིས་ཀྱི་རང་གི་གཅེས་ཕྲུག་ལག་ནས་ཤོར་བའི་སེམས་སྡུག་གི་ཉིན་མོ་དེར། ཉེན་རྟོག་པས་སྒོར་མོའི་རྔམ་ཁ་ལ་བརྟེན་ནས་འདི་ལྟར་རླབས་ཆེ་བའི་འདས་པོ་དེའི་མི་གཤིས་ལ་དམའ་འབེབ་ཀྱི་བརྙས་བཅོས་ཚད་ལས་བརྒལ་བ་བྱས་པ་འདི་ནི་ཁོང་གི་ཡུལ་མི་གཉེན་ཉེ་ཚོ་ཕར་ཟད། མཐའ་ན་ང་ལྟ་བུའི་བོད་མི་ཕལ་བ་ཞིག་གི་སྙིང་ལའང་གྲིས་བསྣུན་པ་ལྟ་བུའི་ན་ཟུག་སྐྱེས་ཡོང༌། གང་ལྟར་ཁོ་ཚོས་བོད་ཀྱི་རང་ལུས་ཞུགས་འབུལ་གནང་མཁན་རྣམ་པའི་གཉེན་ཉེ་དང་གྲོགས་པོ་བརྒྱ་ཕྲག་མང་བོར་དུས་བཀག་འདྲ་མིན་གྱི་ཁྲིམས་ཆད་དང༌། ཇུས་ངན་སྣ་འཛོམ་གྱི་བརྙས་བཅོས་ཚད་ལས་བརྒལ་བ་བྱས་པ་མ་ཟད། འདི་ལྟར་ལོ་ངོ་དྲུག་ཅུའི་དུས་ཡུན་ཁྲོད་དུ་པེ་ཅིན་སྲིད་གཞུང་གིས་མེ་སྒྱོགས་དང་མེ་མདའི་སྟོབས་ཤུགས་ལ་བརྟེན་ནས་བོད་མི་ཞི་རྒོལ་བ་ཁྲི་ཕྲག་འབུམ་ཕྲག་བྱས་ཏེ་དམར་གསོད་བཏང་བ་དང༌། བཙོན་པ་རྣམས་ལ་གཅར་རྡུང་ཚད་ལས་བརྒལ་བ་བྱས་རྗེས་མི་ཤ་ཟ་རུ་བཅུག མི་གཅིན་འཐུང་དུ་བཅུག་པ་ནི་དོན་དངོས་ལོ་རྒྱུས་ཡིན་པས་འདི་ལྟ་བུའི་འགྲོ་བ་མིའི་ཐོབ་ཐང་ལ་བརྙས་བཅོས་བྱེད་མཁན་གྱི་མི་སྣ་དག་ནི་པེ་ཅིན་སྲིད་གཞུང་གི་མི་དམངས་ཉེན་རྟོག་པ་དང་བཅིངས་གྲོལ་དམག་མི་ཡིན་པས་འཛམ་བུ་གླིང་གི་གཟུར་གནས་མཁས་པ་དང་གཟུར་གནས་མི་དམངས་ཀྱིས་ང་ཚོའི་དཀའ་སྡུག་ལ་ཐུགས་ཁུར་རྟོགས་གཞིག་ཅིག་མཛོད་ཅེས་ངས་རེ་སྐུལ་ཞུས་པ་ཡིན།

༄༅། མི་རིགས་གྲངས་ཉུང་དང་པེ་ཅིན་སྲིད་གཞུང༌།

ངས་མི་རིགས་གྲངས་ཉུང་ཞེས་པའི་མིང་ཚིག་འདི་ཡིད་ལ་འཁོར་ཐེངས་རེར། པེ་ཅིན་སྲིད་གཞུང་ལ་སྐད་ཆ་ཧ་ཅང་ཉུང་བསྡུས་ཤིག་བཤད་འདོད་པ་ནི། པེ་ཅིན་སྲིད་གཞུང་ལགས། ཁྱེད་ཀྱིས་དབང་ཤུགས་དང་རྒྱུ་ནོར་ལ་བརྟེན་ནས་མི་རིགས་གྲངས་ཉུང་ཚང་མ་དམར་གསོད་མ་གཏོང་ཞེས་པ་འདི་ཡིན། ངས་སྐད་ཆ་འདི་ལྟར་བཤད་ན། མི་ཧ་ཅང་མང་བོ་ཞིག་གིས་དང་ལེན་བྱེད་དཀའ་ཡང༌། དོན་དངོས་ཡིན་ཏེ། ང་རང་མི་རིགས་གྲངས་ཉུང་གི་ས་ཆ་གང་དུ་ཐོན་ཚེ་དེར་གནས་པའི་མི་རིགས་གྲངས་ཉུང་ཚང་མར། རང་གི་སྐད་ཡིག་དང་རིག་གནས། ཐོན་ཁུངས་དང་ཁེ་དབང༌། མཐའ་ན་ཕ་ས་ཕ་ཡུལ་ཡང་རང་ལ་མི་དབང་བར་འཆི་ལ་ཉེ་བའི་ནད་པ་ཉམ་ཆུང་ཞིག་དང་འདྲ་བར་ལྟོ་གོས་ཕྲན་བུ་ཞིག་དོན་དུ་གཉེར་ནས་བསྡད་འདུག་པ་དེ་རེད། ཁོ་ཚོའི་ལོ་རྒྱུས་ལ་ཞིབ་འཇུག་ཅིག་བྱས་ན་ཁོ་ཚོའི་ཁྲོད་དུ་འཛམ་གླིང་དུ་སྐད་གྲགས་ཆེ་བའི་རྒྱལ་ཁབ་བསྐྱངས་མྱོང་བའི་མི་རིགས་ཀྱང་ཧ་ཅང་མང་བོ་ཡོད། ཡིན་ནའང་པེ་ཅིན་སྲིད་གཞུང་གིས་དེ་ལས་ལྡོག་ཏེ་མི་རིགས་གྲངས་ཉུང་འདི་དག་ཚང་མ་འདས་མ་ད་གསུམ་དུ་ཁོ་ཚོའི་མངའ་ཁོངས་ཡིན་པའི་ལྟ་བ་མཁྲེགས་འཛིན་བྱེད་ཀྱི་འདུག་པ་མ་ཟད། ཁོ་ཚོའི་དོན་དངོས་ལོ་རྒྱུས་གླེང་ཆོག་པའི་ཐོབ་ཐང་ཡང་སྤྲད་མེད་པས་ཁོ་ཚོའི་དཀའ་སྡུག་གི་སེམས་ཀྱི་རྨ་ཁ་ཇེ་ཟབ་ནས་ཇེ་ཟབ་ཏུ་འགྲོ་བཞིན་འདུག་པས་པེ་ཅིན་སྲིད་གཞུང་གིས་མི་རིགས་གྲངས་ཉུང་རྣམས་ཀྱི་དཀའ་སྡུག་གི་ནད་གཞི་འདི་སྔ་ས་ནས་གསོ་བཅོས་བྱས་ན་བཟང་བར་སེམས། ངའི་ལྟ་ཚུལ་ནི་འཇིག་རྟེན་གྱི་དཀའ་རྙོག་གང་ཞིག་ཡིན་མོད་ལྷག་བསམ་རྣམ་དག་གི་བརྩེ་བས་གྲོས་མོལ་བྱས་ན་སེལ་ཐུབ་པའི་ཡིད་ཆེས་ཡོད།

ངས་རང་གི་སེམས་འདུན་འདི་ཅུང་རྒྱས་བཤད་ཅིག་བྱས་ན་ང་རང་ཆུང་དུས། པེ་ཅིན་སྲིད་གཞུང་གིས་བརྙས་བཅོས་དང་བཙན་འཛུལ་གཏོང་སའི་མི་རིགས་ནི་ང་ཚོ་བོད་པ་རྐྱང་རྐྱང་རེད་བསམ་གྱི་ཡོད། ཡིན་ནའང་ད་སྐབས་དངོས་ཡོད་སྤྱི་ཚོགས་དང༌། དོན་དངོས་ལོ་རྒྱུས། པེ་ཅིན་སྲིད་གཞུང་བཅས་ལ་ཞིབ་འཇུག་རེ་བྱས་ན་ངའི་བྱིས་དུས་ཀྱི་ཚོར་བ་དེ་ནི་ནོར་འཁྲུལ་ཡིན་ཏེ། དོན་རྐྱེན་འདིའི་ཐད་ཀྱི་མི་སྣ་འགའི་སྐད་ཆ་ལུང་དུ་དྲང་ན།

ང་བརྒྱད་སྐབས་ཀྱི་བོད་རིགས་བཙོན་པ་ཨ་ཁུ་བྱམས་པས། ང་རང་ཐང་ཀར་མའི་བཙོན་ཁང་དུ་ཐོན་དུས་བཙོན་ཁང་དེར་བཙོན་པ་ཁྲི་གཉིས་ལྷག་ཡོད་པའི་ཁྲོད་ནས་མང་ཆེ་བ་བོད་དང་ཁ་ཆེ། དེ་ནས་སོག་པོ་སོགས་རེད། དེའི་ནང་ནས་བརྒྱ་སྐོར་འགའ་མ་གཏོགས་ཚང་མ་ཤི་ནས་ཚར་ཐལ། ཞེས་གསུངས་མྱོང༌།

རེབ་གོང་གི་ཁ་ཆེ་ཚོང་པ་ཞིག་གིས། བོད་དང་ཁ་ཆེ་མི་རིགས་གཉིས་ཀྱིས་ང་བརྒྱད་སྐབས་སུ་ལྟོགས་སྐོམ་མཉམ་དུ་མྱོང་ལ། རིག་གསར་སྐབས་ཀྱི་གཅར་རྡུང་ཡང་མཉམ་དུ་མྱོང་བས་ང་ཚོའི་མི་རིགས་གྲངས་ཉུང་ལ་བརྙས་བཅོས་དང་འཐབ་རྩོད་བྱེད་མཁན་ནི་རྒྱ་རིགས་གཙོ་བོར་གྱུར་བའི་གུང་ཁྲན་ཏང་ཡིན་པ་ལས་ང་ཚོ་ཁ་ཆེའི་མི་རིགས་མིན་ཞེས་བཤད་མྱོང༌།

ནང་སོག་གི་དགེ་རྒན་ཞིག་གིས་ང་ལ་བཤད་རྒྱུར། དེང་སྐབས་ཀྲུང་གོའི་མུན་ནག་གི་སྲིད་གཞུང་གིས་རྒྱ་རིགས་ཆེན་པོའི་སྟོབས་ཤུགས་ལ་བརྟེན་ནས་ལོ་ལྔ་བཅུ་ལྷག་གི་དུས་ཡུན་ཁྲོད་དུ་ང་ཚོ་མི་རིགས་གྲངས་ཉུང་ཚང་མར་བརྙས་བཅོས་རབ་དང་རིམ་པ་ཞིག་བྱས་མྱོང་བ་མ་ཟད། ད་དུང་རྩ་མེད་དུ་གཏོང་རྒྱུའི་འཆར་གཞི་བཀོད་སྒྲིག་བྱེད་ཀྱི་འདུག་པ་དང༌། ཉེ་ཆར་ཁྱིམ་གཞི་གཅིག་ལྟ་བུའི་བོད་སོག་མི་རིགས་གཉིས་ཀྱི་བར་དུའང་དབྱེན་དཀྲུག་གི་རྩོམ་འཆལ་བཀྲམས་ཀྱི་འདུག་ཅེས་གསུངས་བྱུང༌།

ཡུ་གུར་གྱི་ལྗོངས་རྒྱུ་བ་ཞིག་གིས་བཤད་རྒྱུར། ང་རང་བོད་ཀྱི་ས་ཆ་མང་བོར་སོང་སྟེ་རྒྱུས་ལོན་བྱས་པ་ལྟར་ན་ང་ཚོ་མི་རིགས་གྲངས་ཉུང་ཚང་མའི་དཀའ་སྡུག་གཅིག་རེད་ཟེར༌། ངས་དཀའ་སྡུག་གང་ཞིག་གཅིག་པ་རེད་ཅེས་དྲིས་པར། ཁོང་གིས་ང་ཚོ་མི་རིགས་གྲངས་ཉུང་ཚང་མར།

གཅིག རང་ས་རང་ལ་མི་དབང༌།

གཉིས། རང་གི་སྐད་ཡིག་རང་ཉིད་ལ་བཀོལ་སྤྱོད་བྱེད་དབང་མེད།

གསུམ། རང་གི་ཆོས་ལུགས་དར་སྤེལ་གྱི་རང་དབང་མེད།

 བཞི། རང་གི་མི་རིགས་ལ་རང་གི་ས་གནས་ཀྱི་སྲིད་དབང་ཙམ་ཡང་མེད་པས་རྒྱ་རིགས་ཀྱི་མི་སེར་སྤེལ་ཡུལ་རེད། ཅེས་གསུངས་བྱུང༌།

གོང་གི་མི་སྣ་འདི་དག་གི་སྐད་ཆ་ནི་ཡང་དག་ཡིན་ཏེ། གུང་ཁྲན་ཏང་གིས་སྲིད་གཞུང་གསར་བ་བཙུགས་ནས་མི་ལོ་དྲུག་ཅུ་ལྷག་འདས་མོད་ད་ལྟའི་བར་དུ་མི་རིགས་གྲངས་ཉུང་ཞིག་མཐོ་རིམ་མགོ་ཁྲིད་གཅིག་ལའང་བཞག་མྱོང་མེད། དཔེར་ན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནང་དུའང་མི་རིགས་གྲངས་ཉུང་གཅིག་ཀྱང་བཞག་མེད་པ་མ་ཟད། མཐའ་ན་ད་ལྟའི་ཨུ་ཡོན་བང་ཀང་ནས་བང་ཉིན་གྱི་བར་དུ་མི་བཅུ་དགུ་ཡོད་པའི་ཁྲོད་དུ་ཧྭའེ་ལང་ཡའེ་མ་གཏོགས་མི་རིགས་གྲངས་ཉུང་གཅིག་ཀྱང་མེད་པར་ཚང་མ་རྒྱ་རིགས་རེད། ཉིས་སྟོང་གསུམ་ལོར་ཧུའུ་ཅན་ཐོ་ཡིས་ཆེས་མཐོའི་བློན་ཆེནཔུའུ་ཀྲང་རིམ་པའི་མགོ་ཁྲིད་ཧང་ཅུས་ནས་ལི་ཆིང་ཧྭ་ཡི་བར་སུམ་ཅུ་སོ་བརྒྱད་བསྐོ་བཞག་བྱས་པའི་ནང་དུ་མི་རིགས་གྲངས་ཉུང་གཉིས་མ་གཏོགས་མེད་ལ། བོད་རིགས་གཅིག་ཀྱང་མེད། ད་ལྟའི་མགོ་ཁྲིད་གསར་བ་ཡང༌།ཀྲུང་དབྱང་གི་རྒྱུན་ཨུ་བདུན་ཡོད་པའི་ཁྲོད་དུ་མི་རིགས་གྲངས་ཉུང་གཅིག་ཀྱང་མེད་ལ། ཨུ་ཡོན་ཉེར་བདུན་ཡོད་པའི་ཁྲོད་དུའང་མི་རིགས་གྲངས་ཉུང་གཅིག་ཀྱང་མེད།

ང་ཚོ་བོད་མི་རིགས་ལ་མཚོན་ན་གུང་ཁྲན་ཏང་གིས་དབང་བསྒྱུར་བྱས་ནས་མི་ལོ་དྲུག་ཅུའི་དུས་ཡུན་ཁྲོད་དུ་མཐའ་ན་བོད་ལྗོངས་ལྷ་སའི་མགོ་ཁྲིད་གཙོ་བོར་ཡང་བོད་རིགས་ཤིག་སྡོད་དུ་བཅུག་མ་མྱོང་བར་ཡོད་ཚད་རྒྱ་རིགས་གུང་ཁྲན་ཚོགས་པས་དབང་སྒྱུར་སྒེར་འཛིན་བྱས་ཏེ་བསྡད་འདུག

གནས་ཚུལ་འདིར་ཞིབ་འཇུག་ཅིག་བྱས་ན་ཀྲུང་གོ་ནི་ཚོགས་པ་གཅིག་གིས་སྲིད་དབང་སྒེར་འཛིན་བྱས་ཡོད་པ་མ་ཟད། ཚོགས་པ་འདིས་རྒྱ་རིགས་ཆེན་པོའི་སྟོབས་ཤུགས་ལ་བརྟེན་ནས་སྲིད་དབང་སྒེར་འཛིན་བྱས་ཡོད་པ་རེད། པེ་ཅིན་སྲིད་གཞུང་གིས་ཁ་ནས་མི་རིགས་ཚང་མ་འདྲ་མཉམ་ཡིན། མི་རིགས་ང་དྲུག་ནི་ཁྱིམ་ཚང་གཅིག་གི་བུ་ཕྲུག་ཡིན། ཞེས་དུས་རྒྱུན་བཤད་ཀྱི་ཡོད་ཀྱང༌།དོན་དངོས་ཀྱིས་རྒྱ་རིགས་ཆེན་པོའི་སྟོབས་ཤུགས་ལ་བརྟེན་ནས་རང་གི་སྲིད་དབང་སྒེར་འཛིན་སྲ་བརྟན་དང་མི་རིགས་གྲངས་ཉུང་ཚང་མ་མེད་པར་གཏོང་རྩིས་ཀྱི་འཆར་གཞིའི་ཁོག་རྩིས་ངན་པ་དེ་ནམ་ཡང་རྒྱུན་འཁྱོངས་བྱེད་ཀྱི་འདུག

ངས་གནས་ཚུལ་འདིར་རང་གི་བསམ་ཚུལ་ཞིག་བཏོན་ན།ཏང་སྲིད་གཉིས་ཀྱིས་མི་རིགས་གྲངས་ཉུང་ཚང་མར་རང་ཉིད་ལ་དབང་འོས་པའི་ས་ཁོངས་དང༌། རིག་གནས། ད་དུང་སྐད་ཡིག་བེད་སྤྱོད་དང་སྲིད་དབང་སོགས་ཁོ་ཚོར་དབང་དུ་བཅུག་ནས་རྒྱལ་ཁབ་དམངས་གཙོའི་ལམ་ལུགས་ཁ་ཡོད་ལག་ཡོད་ཀྱིས་བསྐྱངས་ན་བཟང༌།

དེ་ལྟ་མིན་པར་ད་དུང་མུ་མཐུད་དུ་མི་རིགས་གྲངས་ཉུང་ཚང་མར་ཐོབ་འོས་པ་ཚང་མ་ཐོབ་ཏུ་མ་བཅུག་པར་བཀས་བཀོད་རྒྱུད་འཛིན་ལམ་ལུགས་བཞིན་བརྙས་བཅོས་དང་གཉའ་གནོན་བྱས་ན་ནམ་ཞིག་ཁོ་ཚོ་ཚང་མས་འཕགས་ཤུགས་ཀྱི་ངར་སྐད་རྒྱག་པའི་དུས་ཤིག་སླེབས་སྲིད་པའི་དུས་དེར་རོ་ཡི་རི་རབ་དང་ཁྲག་གི་རྒྱ་མཚོ་བསྐྱིལ་ནས་བཙུགས་པའི་རྒྱལ་ཁབ་འདི་ཡང་རྩ་འཐོར་དུ་གཏོང་སྲིད་པས་ད་གཟོད་ངས་ལྷག་བསམ་རྣམ་དག་གིས་སྔ་ས་ནས་པེ་ཅིན་ཏང་སྲིད་ལ་འབོད་སྐུལ་སྙན་ཞུ་བྱས་པ་ཡིན།

༄༅། ཕུན་དབང་དང་པེ་ཅིན་སྲིད་གཞུང༌།

ཕུན་དབང་ནི་བོད་ཀྱི་གུང་ཁྲན་ཏང་མི་ཐོག་མའི་གྲས་ཡིན་པར་ལོ་རྒྱུས་ཡིག་ཚང་འགའ་རེ་ན་བཤད་ཀྱི་འདུག་མོད་ངས་ཕུན་དབང་གི་མི་ཚེའི་ལོ་རྒྱུས་ལ་བལྟས་ན་ཕུན་དབང་ལ་གུང་ཁྲན་ཏང་གིས་བརྙས་བཅོས་བྱས་པ་ནི་བློ་ཡུལ་ལ་མི་ཤོང་བ་ཞིག་རེད།

ཅུང་ཞིབ་ཏུ་བཤད་ན། ཕུན་དབང་ཆུང་དུས་བློ་རིག་བཀྲ་ལ་སྙིང་སྟོབས་ལྡན་པའི་བོད་མི་གསར་བརྗེ་བ་ཞིག་ཡིན་ཏེ། ཁོ་རང་ལོ་བཅུ་གྲངས་ཙམ་ནས་རྒྱ་ནང་དུ་སློབ་གྲྭ་སྣ་ཚོགས་འགྲིམས་ཏེ་མར་ལེ་རང་ལུགས་ཀྱི་སློབ་གསོ་མྱང་ཞིང༌། རང་ལོ་ཉི་ཤུ་ཙམ་ནས་ཁོ་གུང་ཁྲིན་ཏང་ནང་དུ་ཞུགས་པ་མ་ཟད། ༡༩༥༠ལོར་རྒྱ་དམག་ཐོག་མར་བོད་དུ་སླེབས་སྐབས། ཏིན་ཞོ་ཕང་གིས་ཕུན་དབང་རྒྱ་ནག་གི་དམག་སྡེ་ཨང་བཅོ་བརྒྱད་པའི་ཧྲག་ཤོག་ང་བཞི་བའི་དྲུང་ཆེ་གཞོན་པར་བསྐོས་པས་ཁོས་དམག་སྡེ་ཨང་བཅོ་བརྒྱད་པའི་དམག་དཔུང་གི་ལམ་ཁྲིད་རོགས་རམ་བྱས་ནས་དམག་སྡེ་ཨང་བཅོ་བརྒྱད་པ་བོད་ཀྱི་ཁམས་ཆབ་མདོར་ཡོང་སྟེ། ཆབ་མདོ་དྲག་ཤུགས་ཀྱིས་རྒྱ་ནག་གི་མངའ་འོག་ཏུ་བཅུག་པ་རེད།

  བོད་གཞུང་དང་པེ་ཅིན་སྲིད་གཞུང་བར་དུ་གྲོས་མོལ་དོན་ཚན་བཅུ་བདུན་འཇོག་སྐབས་ཕུན་དབང་ནི་པེ་ཅིན་སྲིད་གཞུང་གི་ལོ་ཙཱ་བ་ཆེ་ཤོས་དང་བརྒྱུད་རིམ་ཧྲིལ་བོའི་ནང་ཞུགས་ནས་པེ་ཅིན་སྲིད་གཞུང་ལ་ཞབས་ཕྱི་གང་ལེགས་བསྒྲུབས་པས་མའོ་ཙེ་ཏུང་དང་ཀྲུའུ་ཏེ། ཀྲོའུ་ཨེན་ལེ་སོགས་པེ་ཅིན་སྲིད་གཞུང་གི་མཐོ་རིམ་མགོ་ཁྲིད་ཚོས་དངོས་སུ་བསྟོད་བསྔགས་བྱས་ཏེ་ལེགས་སྐྱེས་ཕུལ་མྱོང༌།

 ༡༩༥༠ནས་༦༠བཅུའི་བར་ལོ་ངོ་བཅུ་ལ་ཕུན་དབང་གིས་ལྷོ་ནུབ་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་བོད་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། བོད་སྐྱོད་དམར་དམག་གི་མགོ་ཁྲིད་ལྔ་བ་དང༌། སྐབས་དེའི་པེ་ཅིན་སྲིད་གཞུང་གི་བོད་སྡོད་མཐོ་རིམ་དབང་འཛིན་ཁྲོད་བོད་རིགས་གཅིག་པུ་སོགས་ཀྱི་སྲིད་དབང་བཟུང་བ་རེད།

 གོང་ས་མཆོག་ཕ་ཡུལ་གངས་ལྗོངས་ན་བཞུགས་པའི་སྐབས་སུ་མའོ་ཙེ་ཏུང་གིས་ཕུན་དབང་ནི་བོད་ཀྱི་ན་གཞོན་ཕུལ་དུ་བྱུང་བ་ཞིག་ཡིན་ཚུལ་གྱི་བསྟོད་སྔགས་གོང་ས་མཆོག་ལ་དངོས་སུ་ཞུས་མྱོང༌།

 ཡིན་ནའང་པེ་ཅིན་སྲིད་གཞུང་གིས་གོང་ས་མཆོག་བཙན་བྱོལ་ལ་ཕེབས་ཤུལ་དུ་སྤྱི་ལོ༡༩༦༠ལོ་ནས་༡༩༧༨ལོའི་བར་དུ་མི་ལོ་བཅོ་བརྒྱད་ལ་ཕུན་དབང་བཙོན་དུ་བཅུག་ནས་མནར་གཅོད་ཚད་ལས་བརྒལ་བ་བཏང་བ་མ་ཟད། ཁོང་གི་བཟའ་ཟླ་མཛེས་ལེགས་གཅར་རྡུང་གིས་དམར་གསོད་བཏང་བ་དང༌། བུ་རྒན་པ་ཕུན་ཁམས་སོགས་ཉེ་འབྲེལ་བཅུ་ཕྲག་ལྷག་ལ་མི་ལོ་དྲུག་ནས་བཅུ་དྲུག་བར་གྱི་ཁྲིམས་ཆད་བཙོན་འཇུག་བྱས་པ་མ་ཟད། ཁོང་གི་བུ་ཕྲུག་གཞན་དག་ལའང་མནར་གཅོད་འདྲ་མིན་ཚད་ལས་བརྒལ་བ་བཏང་བ་ནི་ཁོང་གི་མི་ཚེའི་ལོ་རྒྱུས་སུ་གསལ།

 དེའི་རྗེས་ཏིན་ཞོ་ཕིན་གྱིས་ཕུན་དབང་ལ་དག་སེལ་ཕྲན་བུ་ཞིག་བྱས་ཏེ། དམངས་འཐུས་ཀྱི་མི་རིགས་ལས་དོན་ལྷན་ཁང་གི་མགོ་བ་གཞོན་པ་ཞིག་གི་གོ་གནས་ཕྲན་བུ་ཞིག་སྤྲད་ཀྱང༌།༡༩༩༨ལོར་ཁོང་ལས་འཁྱུར་ངལ་གསོ་བྱས་ཟིན།

 ལོ་བརྒྱད་ཅུ་གྱ་གཉིས་ཅན་གྱི་གུང་ཁྲན་ཏང་མི་རྒན་པ་ཕུན་དབང་གིས༢༠༠༤ལོར་ཧོའུ་ཅན་ཐོ་ལ། མི་ཚེའི་བྱུང་བ་དང་འབྲེལ་ནས་བོད་ཀྱི་གནད་དོན་སེལ་ཐབས་ཀྱི་གནད་དུ་སྨིན་པའི་སྙན་ཞུ་རིང་བོ་ཞིག་བྲིས་ཏེ་ཕུལ་མོད་ཧོ་ཅན་ཐོ་ཡིས་སྙན་ཞུ་དེ་ལ་དོན་སྣང་ཕྲན་ཙམ་ཡང་བྱས་མེད་ཀྱང༌། ཉིས་སྟོང་བརྒྱད་ནས་ད་ལྟའི་བར་གྱི་བོད་མདོ་དབུས་ཁམས་གསུམ་ནས་ཞི་རྒོལ་རབ་དང་རིམ་པ་ཞིག་བྱས་ཚེ། ཧོ་ཅན་ཐོ་གཙོ་བྱས་པའི་པེ་ཅིན་སྲིད་གཞུང་གིས་ཕུན་དབང་གིས་ཕུལ་བའི་ཞུ་ཡིག་ནི་དོན་དངོས་གནད་དུ་སྨིན་པའི་ཞུ་ཡིག་ཅིག་ཡིན་པ་ཤེས་ཡོད་ཀྱང༌། པེ་ཅིན་སྲིད་གཞུང་གིས་ད་དུང་མ་ཤེས་མིན་ཁུལ་གྱིས་སྔར་གྱི་རང་ལྟ་མཆོག་འཛིན་དང་མཁྲེགས་འཛིན་བྱས་ཏེ་འདུག་པ་ནི་ཁོ་ཚོའི་གོམས་སྲོལ་བཟང་ཤོས་དེ་རེད།

གང་ལྟར་ཕུན་དབང་གིས་རང་ལོ་ཉི་ཤུ་ནས་དགུ་བཅུའི་བར་དུ་པེ་ཅིན་སྲིད་གཞུང་ལ་ལྷག་བསམ་རྣམ་དག་གིས་ཞབས་ཞུ་དང་ཁེ་ཕན་ཧ་ཅང་མང་བོ་ཞིག་བསྒྲུབས་མོད། པེ་ཅིན་སྲིད་གཞུང་གིས་ཁོ་ལ་དྲིན་ལན་འཇལ་བ་ནི། མི་ལོ་བཅོ་བརྒྱད་ལ་མུན་ནག་གི་ཁྲིམས་ཁང་དུ་བཅུག་པ་མ་ཟད། ཁོའི་ཆུང་མ་དམར་གསོད་བཏང་བ་དང༌། བུ་ཕྲུག་ཉེ་འབྲེལ་ཚང་མར་ཁྲིམས་ཆད་ཡ་ང་བ་ཞིག་བཅད་པ་དེ་ལས་གླེང་རིན་ཡོད་པ་གཅིག་ཀྱང་མེད་པས་ཞིབ་ཏུ་མ་བྲིས།

གནས་ཚུལ་འདིའི་སྟེང་ནས་བོད་རིགས་ལས་བྱེད་པ་ཚང་མས་རང་གི་མི་རིགས་དོར་ནས་པེ་ཅིན་སྲིད་གཞུང་ལ་ལྷག་བསམ་རྣམ་དག་གིས་ཞབས་ཞུ་ཅི་ཙམ་བསྒྲུབས་ཀྱང་རང་ལ་ཁེ་ཕན་ཡོད་མེད་སེམས་ན་གྲ་སྒྲིག་ཅིག་ཡོད་ངེས་ཡིན།

༄༅། ཧང་ཡོ་པང་དང་པེ་ཅིན་སྲིད་གཞུང༌། 

ཧང་ཡོ་པང་ཞེས་པའི་རྒྱ་རིགས་དབུ་ཁྲིད་འདི་ནི་སྔོན་ཆད་དམག་སྤྱི་ཧི་ལུང་གི་མངའ་ཞབས་ཀྱི་དམག་མི་ཞིག་ཡིན་ལ། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་བའི་མགོ་སྟོད་དུ་པེ་ཅིན་སྲིད་གཞུང་གི་དབུ་ཁྲིད་ཀྱི་འགན་བཞེས།

ཁོང་གིས་པེ་ཅིན་སྲིད་གཞུང་གི་དབུ་ཁྲིད་ཀྱི་འགན་བཞེས་རྗེས། བོད་མི་རིགས་སོགས་མི་རིགས་གྲངས་ཉུང་ཁག་གི་ས་ཆ་མང་བོ་ཞིག་ཏུ་རྟོག་ཞིབ་རྒྱུ་འབྲས་ལྡན་པ་ཞིག་གནང་རྗེས་བོད་མི་རིགས་སོགས་མི་རིགས་གྲངས་ཉུང་རྣམས་ལ་རང་ཉིད་ལ་དབང་བའི་ཁེ་ཕན་ཞིག་སྤྲོད་དགོས་པའི་གྲོས་གཞི་བཏོན་མ་ཐག་པེ་ཅིན་སྲིད་གཞུང་གིས་ཁོང་གི་གོ་གནས་བླངས་པ་མ་ཟད། མཐའ་ན་བཙོན་ཁང་ལྟ་བུའི་འཚོ་གནས་ཁྲོད་ཁོང་གི་མི་ཚེའི་མཇུག་བསྡུས།

ང་ཚོ་བོད་མི་རིགས་ལ་མཚོན་ན་པེ་ཅིན་སྲིད་གཞུང་གི་དབང་ཆ་གཅིག་བསྡུས་བྱས་ནས་མི་ལོ་ལྔ་བཅུ་ལྷག་འདས་པའི་ཁྲོད་དུ་སྐད་ཆ་རྒྱུ་འབྲས་ཤིག་བཤད་པའི་མགོ་ཁྲིད་ཐོག་མ་ནི་ཧང་ཡོ་པང་ཞེས་པའི་དབུ་ཁྲིད་འདི་གཅིག་པུ་ཡིན་ཏེ།

ཁོང་གིས་རྟོག་ཞིབ་འདིའི་རྗེས་སུ་བོད་རིགས་མི་དམངས་ལ་ངོ་མ་དཀའ་ཁག་མང་བོ་འདུག་པས་ད་ནས་བཟུང་བོད་ཀྱི་ས་གནས་སྲིད་དབང་དེ་ས་གནས་བོད་རིགས་ལས་བྱེད་པར་འཛིན་དུ་བཅུག་ན་བཟང་ཞེས་གསུངས་པར་པེ་ཅིན་སྲིད་གཞུང་གིས་ཁོང་ལ་ཉེས་མེད་ཉེས་འགེལ་བྱས་ཏེ་བཙོན་འཇུག་ཁྲོད་ནས་སྐུ་གྲོངས།

 དོན་རྐྱེན་འདིའི་ཐད་ནས་སྐད་ཆ་རྒྱུ་འབྲས་ཤིག་བཤད་ན། ཁོང་ལ་ཀྲུང་གོ་ཞེས་པའི་མི་རིགས་དབང་བསྡུས་ཀྱི་རྒྱལ་ཁབ་ཆེན་པོ་འདི་རྩ་འཐོར་དུ་གཏོང་འདོད་གཏན་ནས་མེད་པ་མ་ཟད། ཁོང་གིས་མི་རིགས་ང་དྲུག་དང་མི་དམངས་དུང་ཕྱུར་བཅུ་གསུམ་གྱིས་གྲུབ་པའི་རྒྱལ་ཁབ་ཆེན་པོ་འདིའི་མ་འོངས་པའི་ཕྱིར་དུ་ད་གཟོད་དམངས་གཙོའི་ཕྱོགས་སུ་བསྐྱོད་མགོ་རྩོམ་རྒྱུའི་གྲ་སྒྲིག་བྱས་མོད། པེ་ཅིན་སྲིད་གཞུང་གིས་དཔལ་འབྱོར་ཁོ་ན་ལ་དམིགས་ཏེ། ཁོང་གི་རླབས་ཆེ་བའི་ཕུགས་འདུན་དེ་མངོན་གྱུར་གནང་དུ་མ་བཅུག  གྱ་དགུ་ལོའི་དྲུག་བཞིའི་སློབ་མའི་དོན་རྐྱེན་དང༌། ཉིས་སྟོང་བརྒྱད་ཀྱི་བོད་ཀྱི་ཞི་རྒོལ་ཆེན་མོ། ཉིས་སྟོང་དགུ་ལོའི་ཡུ་གུར་གྱི་ཞི་རྒོལ་ཆེན་མོ། ཉིས་སྟོང་བཅུ་ནས་བཅུ་གཉིས་བར་གྱི་བོད་ཀྱི་རང་ལུས་ཞུགས་འབུལ་གྱི་ཞི་རྒོལ་དོན་རྐྱེན་ཆེན་མོ་སོགས་བྱུང་དུས་པེ་ཅིན་སྲིད་གཞུང་གིས་ཧང་ཡོ་པང་གི་ཕུགས་འདུན་ཡིད་ལ་དྲན་གྱི་ཡོད་མོད། ད་དུང་ཁོ་ཚོས་ལྟ་བ་མཁྲེགས་འཛིན་བྱས་ཏེ་འདུག་པ་ནི་པེ་ཅིན་སྲིད་གཞུང་གི་གོམས་སྲོལ་ལྟ་བུ་ཞིག་ཏུ་གྱུར་འདུག

༄༅། བོད་ཀྱི་ཁོར་ཡུག་དང་པེ་ཅིན་སྲིད་གཞུང༌།

བོད་ཀྱི་ཁོར་ཡུག་ནི་དྭངས་ཤིང་གཙང་ལ། ཐོན་ཁུངས་མང་བ། ས་རྒྱ་ཆེ་ཞིང་དྲོད་གྲང་ལྡན་པས་འཛམ་བུ་གླིང་དུ་སྐད་གྲགས་ཆེ་ཞིང་བཙན་རྒྱལ་རང་ལུགས་མང་བོས་ཧམ་འཛིན་བྱེད་འདོད་པའི་འཛམ་གླིང་གི་ཆེས་རིན་ཐང་ལྡན་པའི་ས་ཆ་ཞིག་ཡིན་པ་གཟུར་གནས་ཤེས་ལྡན་ཡོངས་ཀྱིས་མཁྱེན་གསལ་རེད།

༡ལོ་ངོ་སྟོང་ཕྲག་མང་བོའི་ལོ་རྒྱུས་ཀྱི་བཞུར་རྒྱུན་ཁྲོད་དུ་བོད་རིགས་མི་དམངས་ཀྱིས་རི་བོ་ཕལ་ཆེར་ལྷ་རུ་བཀུར་ཞིང༌།གཙང་བོ་ཕལ་ཆེར་མཆོད་པར་བརྩིས་ཏེ་རང་གི་ཐུན་མོང་མ་ཡིན་པའི་ཤེས་རིག་གི་སྟོབས་ཤུགས་ལ་བརྟེན་ནས་རང་གི་ཁོར་ཡུག་ལ་སྲུང་སྐྱོབ་ཁྱད་དུ་འཕགས་པ་བྱས་ཡོད་ཀྱང༌། པེ་ཅིན་སྲིད་གཞུང་བོད་དུ་སླེབས་རྗེས་ཁོ་ཚོས་ཁ་ནས་མི་དམངས་ཀྱིས་ཁོར་ཡུག་སྲུང་སྐྱོབ་བྱ་དགོས་ཞེས་བཤད་ཞོར་ལ་ལག་ནས་ཁོར་ཡུག་ལ་གཏོར་བཅོམ་བྱེད་མགོ་བརྩམས།

༢བོད་པ་ཚོས་ལོ་ངོ་སྟོང་ཕྲག་མང་བོར་ཁར་མ་ཟས། རྒྱབ་ལ་མ་གོན་པར་བོད་ཀྱི་རང་བྱུང་ཁོར་ཡུག་གི་ཁྱད་དུ་འཕགས་པའི་གཏེར་ཁ་སྟོང་ཕྲག་མང་བོ་བདག་སྐྱོང་གང་ལེགས་གནང་ཡོད་ཀྱང༌། པེ་ཅིན་སྲིད་གཞུང་གིས་ད་སྐབས་བོད་ཁམས་ཡོངས་སུ་གཏེར་བརྐོའི་ས་ཚིགས་ཉིས་སྟོང་ལྷག་བཙུགས་ཏེ། བོད་ཀྱི་རང་བྱུང་ཁོར་ཡུག་ལ་ཡ་ང་བའི་གཏོར་བཅོམ་བྱེད་ཀྱི་འདུག

༣མི་ལོ་དྲུག་ཅུའི་ཡར་སྔོན་དུ་བོད་ཀྱི་གཙང་ཆུ་ཚང་མ་དྭངས་ཤིང་དྲི་མ་མེད་པ་ཡིན་ལ། བོད་ཀྱི་གཙང་ཆབ་ཚང་མ་འགྲོ་བ་མིའི་རིགས་ཀྱིས་ལོངས་སྤྱོད་བྱས་ཆོག་ཆོག་ཡིན་མོད། པེ་ཅིན་སྲིད་གཞུང་བོད་དུ་སླེབས་པ་ནས་བཟུང་བོད་ཀྱི་གཙང་བོ་ཕལ་ཆེར་ལ་དུག་རྫས་ཀྱི་སྦགས་བཙོག་བཟོས་མེད་པ་གཅིག་ཀྱང་མེད་པའི་ཚོད་དུ་བཏང་འདུག

༤བོད་མི་རིགས་ཀྱིས་ཕ་མེས་ཡང་མེས་ནས་བརྒྱུད་པའི་མི་ལོ་སྟོང་ཕྲག་མང་བོར་ལྷ་རུ་བཀུར་བའི་ཨ་མྱེས་རྨ་ཆེན་སོགས་བོད་ཁམས་ཀྱི་ལྷ་རི་དང་གཉན་རི་རྩ་ཆེན་གྲགས་ཆེན་ཁག་ཀྱང་པེ་ཅིན་སྲིད་གཞུང་གིས་སྔོག་འདོན་གཏོར་བཅོམ་བྱེད་གང་ཐུབ་བྱེད་ཀྱི་འདུག་པ་མཐོང་བ་མངོན་གསལ་རེད།

 ༥བོད་མི་རིགས་ཀྱི་རྨ་འབྲི་རྫ་གསུམ་དང༌། ཡར་ཀླུང་གཙང་བོ། རྒྱལ་མོ་རྔུལ་ཆུ་སོགས་བོད་ཁམས་ཀྱི་གཙང་བོ་གྲགས་ཆེན་ཁག་ནི་པེ་ཅིན་སྲིད་གཞུང་གིས་དེང་སྐབས་ཆུ་གློག་གི་མཛོད་ཁང་བརྒྱ་ཕྲག་མང་བོའམ་ཡང་ན་མི་རིགས་གྲངས་མེད་ཀྱི་ཚེ་སྲོག་ལ་འཇིགས་སྣང་སྟེར་བའི་མེ་མདའི་འཐབ་ར་ཞིག་ཏུ་བསྒྱུར་འདུག

 ༦བོད་ཀྱི་ཁོར་ཡུག་ནི་འཛམ་གླིང་གི་ཆེས་དྭངས་གཙང་གི་གནས་མཆོག་ཅིག་གམ་ཡང་ན་ལྷ་རི་དང་བླ་མཚོས་ཁེངས་པའི་ལྷ་ཚོགས་ཀྱི་ཞིང་ཁམས་ཤིག་ཡིན་མོད། པེ་ཅིན་སྲིད་གཞུང་བོད་དུ་སླེབས་པ་ནས་བཟུང་བོད་ཀྱི་ཁོར་ཡུག་ནི་དུག་རྫས་དང་རྡུལ་ཕྲན་གྱི་ནད་ཁང་ཆེན་པོ་ཞིག་ཏུ་བཏང༌།

 ༧བོད་མི་རིགས་ཀྱིས་རླུང་རྟ་དང་དར་ལྕོག་གིས་བཀང་བའི་ཆེས་ལྷིང་འཇགས་ཀྱིཕ་གཞིས་དྲོན་མོ་དག་ལ་པེ་ཅིན་སྲིད་གཞུང་གིས་མཐའ་ན་ས་རིན་འོས་འཚམ་ཞིག་ཀྱང་མི་སྟེར་བར་འདྲེ་མོ་ལག་རིང་སོགས་ཆེས་གདུག་རྩུབ་ཆེ་བའི་འཕྲུལ་འཁོར་སྣ་ཚོགས་ཀྱིས་སྔོག་འདོན་བྱེད་ཀྱི་འདུག

༨དཔེར་ན། བོད་ཀྱི་ས་གནས་གཏེར་ལེན་རྫོང་གི་གསེར་གྱི་གཏེར་འདོན་ས་ཚིགས་གཅིག་ནས་ལོ་རེར་པེ་ཅིན་སྲིད་གཞུང་གིས་དམངས་སྒོར་དུང་ཕྱུར་བདུན་ཅུའི་རིན་ཐང་སྔོག་གི་ཡོད་པ་དངོས་ཡོད་གནས་ཚུལ་ལས་ཤེས་རྟོགས་བྱུང་ཡོད། ཡིན་ནའང་པེ་ཅིན་སྲིད་གཞུང་གིས་ས་གནས་མི་དམངས་ལ་དུང་ཕྱུར་གཅིག་ཀྱང་སྟེར་གྱི་མེད།

རྨ་ཆུ་རྫོང་གི་གཏེར་འདོན་ས་ཚིགས་ཤིག་ནས་ལོ་གཅིག་ལ་དམངས་སྒོར་དུང་ཕྱུར་བརྒྱ་ལྷག་གི་རིན་ཐང་སྔོག་འདོན་བྱེད་ཀྱི་ཡོད་ཀྱང་དེའི་ཁྲོད་ནས་ས་གནས་མི་དམངས་ལ་ས་རིན་འོས་འཚམ་ཞིག་ཀྱང་མི་སྟེར་བ་ས་གནས་མི་དམངས་ཀྱིས་གླེང་བཞིན་འདུག

༩མདོར་ན་པེ་ཅིན་སྲིད་གཞུང་བོད་དུ་སླེབས་པ་ནས་བོད་ཀྱི་གཏེར་ཁ་སྣ་ཚོགས་སྔོག་འདོན་བྱེད་མགོ་བརྩམས་ཏེ་ད་ལྟའི་བར་མི་ལོ་དྲུག་ཅུ་ལྷག་གི་དུས་ཡུན་ཁྲོད་དུ་ཨ་སྒོར་ཐེར་ཆེན་མང་བོ་ཁྱེར་བ་ང་ཚོས་རྩིས་གྲངས་ལོན་དཀའ་བའི་གནས་སུ་ཐོན་ཡོད་ཀྱང་ད་དུང་པེ་ཅིན་སྲིད་གཞུང་གིས་ང་ཚོས་བོད་ཀྱི་དབུལ་ཕོངས་བཅོས་བསྒྱུར་བྱས་ཚུལ་གླེང་བ་ལས་བོད་མི་རིགས་ཀྱི་བཀའ་དྲིན་གྱི་ཆ་ཤས་ཙམ་ཡང་གླེང་མ་མྱོང་བ་མ་ཟད། ད་དུང་བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་རྩ་མེད་དུ་གཏོང་རྒྱུའི་འཆར་གཞིའི་ཁོག་རྩིས་གཏོང་གི་འདུག

༄༅། བོད་ཀྱི་སྐད་ཡིག་དང་པེ་ཅིན་སྲིད་གཞུང༌།

༡བོད་མི་རིགས་ལ་མཚོན་ན་རང་གི་སྐད་དང་ཡི་གེ་ཕུན་སུམ་ཚོགས་པ་ཡོད་པའི་མི་རིགས་ཆེན་པོ་ཞིག་ཡིན་པ་མ་ཟད། ཐུ་བྷོད་བཙན་རྒྱལ་དམག་དཔུང་ཞེས་འཛམ་གླིང་ན་སྐད་གྲགས་ཆེ་བའི་བཙན་པོའི་རྒྱལ་རབས་བཙུགས་པའི་ལོ་རྒྱུས་དྲི་མ་མེད་པ་གླེང་རྒྱུ་ཡོད་པའི་རང་སྐྱ་ཐུབ་པའི་མི་རིགས་ཤིག་ཡིན་ཡང༌། མི་ལོ་དྲུག་ཅུའི་ཡར་སྔོན་དུ་བོད་མི་རིགས་ནི་པེ་ཅིན་སྲིད་གཞུང་གི་མངའ་འོག་ཏུ་བཅུག་པ་ནས་རང་གི་སྐད་ཡིག་བཀོལ་སྤྱོད་ཀྱི་ཁེ་དབང་དེ་ཡང་ཡོངས་སུ་བཅོམ་པ་ནི་རིག་གནས་བཙན་འཛུལ་གྱི་བརྙས་བཅོས་བཟོད་ཐབས་བྲལ་བ་ཞིག་རེད།

༢བོད་མི་རིགས་ཀྱི་རིག་གནས་པ་ཞིག་གམ་ཡང་ན་བསམ་བློ་བ་ཞིག་ལ་མཚོན་ན་རང་གི་མི་རིགས་ཀྱི་སྐད་ཡིག་ནི་འཆི་ལ་ཉེ་བའི་ནད་པ་ཞིག་དང་འདྲ་བར་མཐོང་ཚེ་ད་གཟོད་སེམས་ཀྱིས་བཟོད་པར་ནུས་སམ།

༣པེ་ཅིན་སྲིད་གཞུང་གི་ཁ་ནས་སྐད་ཡིག་འདྲ་མཉམ་ཡིན། རང་སྐྱོང་ས་ཁུལ་ནས་རང་གི་སྐད་ཡིག་བཀོལ་སྤྱོད་བྱས་ན་ཆོག་ཅེས་ལག་ལེན་མེད་པའི་བཅའ་ཁྲིམས་རྫུན་མ་འགའ་གཏན་འབེབས་བྱས་པ་འདིས་བོད་སྐད་ཡིག་གི་ཚེ་སྲོག་ལ་དུག་ཆུ་སྣུན་པ་རེད་ཅེས་བཤད་ན་སྐད་ཆ་རྒྱུ་འབྲས་ཤིག་ཡིན།

༤ད་དུང་སྐད་ཆ་རྒྱུ་འབྲས་ཤིག་གསལ་བོར་བཤད་ན་བོད་ཀྱི་སྐད་ཡིག་གི་ཚེ་སྲོག་རྩ་མེད་དུ་གཏོང་རྒྱུ་ནི་པེ་ཅིན་སྲིད་གཞུང་གི་རྩ་བའི་དམིགས་འབེན་དང་འཆར་གཞི་ཡིན། རྒྱུ་མཚན་གསལ་བོར་བཤད་ན། ཁོ་ཚོས་བོད་ཀྱི་སྐད་ཡིག་རྩ་མེད་དུ་གཏོང་ཐུབ་ཚེ། བོད་མི་རིགས་ཞེས་པ་འདི་རྩ་མེད་དུ་གཏོང་བའམ་རྒྱ་རིགས་ཆེན་པོའི་ངོ་བོར་བདེ་ལེགས་ཀྱིས་བསྒྱུར་ཐུབ་པས་ཡིན།

༥པེ་ཅིན་སྲིད་གཞུང་གིས་མི་ལོ་དྲུག་ཅུའི་དུས་ཡུན་ཁྲོད་བོད་རིགས་ས་ཁུལ་གྱི་སྲིད་གཞུང་ཁག་ནས་བོད་ཀྱི་སྐད་ཡིག་ལག་ལེན་དངོས་ཐོག་ཅིག་དུས་ཚོད་གཅིག་ལའང་བྱས་མ་མྱོང་བའི་དོན་དངོས་ལོ་རྒྱུས་ནི་ཁོ་བོའི་སྐད་ཆ་འདིའི་བདེན་དཔང་དྲི་མ་མེད་པ་དེ་ཡིན།

༦ཀུན་གཟིགས་བཅུ་བ་མཆོག་གིས་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་ནས་བོད་ཀྱི་སྐད་ཡིག་གི་ཚེ་སྲོག་སྲུང་སྐྱོབ་ཀྱི་ཕྱག་ལས་རབ་དང་རིམ་པ་གནང་མོད། པེ་ཅིན་སྲིད་གཞུང་གིས་དེ་ལ་ལྐོག་ནས་བར་ཆད་རབ་དང་རིམ་པ་ཞིག་བཏང་བས་ཁོང་གི་ཕྱག་ལས་ལེགས་འགྲུབ་ཡོང་མ་ཐུབ། དཔེར་ན་ཁོང་གིས། བོད་རིགས་བྱིས་པ་རྣམས་ལ་དམའ་འབྲིང་བར་དུ་རྒྱ་ཡིག་དང་དབྱིན་ཡིག་སློབ་ཁྲིད་མི་བྱ་རྒྱུའི་འཆར་གཞི་རླབས་ཆེན་བཟོས་མོད། པེ་ཅིན་སྲིད་གཞུང་གིས་ཁོང་ཞི་བའི་དབྱིངས་སུ་གཞོལ་མ་ཐག་ཏུ་སློབ་ཆུང་ལོ་རིམ་དང་བོ་ནས་རྒྱ་ཡིག་འཁྲིད་རྒྱུའི་བཀོད་སྒྲིག་བྱས་པ་དེ་ལྟ་བུ་རེད།

མདོར་བསྡུས་ན་པེ་ཅིན་སྲིད་གཞུང་གིས་བོད་མ་ཟད་མི་རིགས་གྲངས་ཉུང་ཚང་མ་གོ་སྐོན་བློ་འགུག་བྱས་ཏེ། སྐད་ཡིག་རྩ་མེད་དུ་གཏོང་རྒྱུའི་འཆར་གཞི་བཟོས་ཡོད་པ་ལོ་ངོ་དྲུག་ཅུའི་ཆབ་སྲིད་ལག་ལེན་གྱི་ལོ་རྒྱུས་ལ་རགས་ཙམ་དཔག་ན་ཤེས་ཐུབ།

༄༅། བོད་ཀྱི་སློབ་ཕྲུག་དང་པེ་ཅིན་སྲིད་གཞུང༌།

 བོད་ཀྱི་སློབ་ཕྲུག་ཚོའི་ལས་དབང་ལ་དབྱེ་ཞིབ་ཅིག་བྱས་ན་ངའི་སེམས་ཁམས་སྡུག་གིས་ཁེངས་འགྲོ  རྒྱུ་མཚན་ནི། བོད་ཀྱི་སློབ་ཕྲུག་ཚོ་ནི་པེ་ཅིན་སྲིད་གཞུང་གི་མིག་མངས་ཀྱི་རྡེའུ་ཞིག་དང་འདྲ་བས། པེ་ཅིན་སྲིད་གཞུང་གིས་གང་དུ་བཞག་ན་དེར་ཉམ་ཆུང་གིས་འདུག་དགོས་པ་ལས་མཐའ་ན་སེམས་ཀྱི་སྡུག་ཡུས་ཙམ་བཤད་ཀྱང༌། པེ་ཅིན་སྲིད་གཞུང་གིས་དབང་ཤུགས་དང་བཙན་བཀའ། ཡང་ན་མེ་མདའ་དང་ལྕགས་སྒྲོག་གང་རུང་ཁྱེར་ནས་ཐོན་ངེས་ཡིན།

 དཔེར་ན། ཉིས་སྟོང་བརྒྱད་ལོར། མཚོ་སྔོན་མི་རིགས་སློབ་ཆེན་དང༌། མཚོ་ལྷོའི་དགེ་ཐོན་སློབ་ཆེན། ནུང་བྱང་མི་རིགས་སློབ་ཆེན། ཀྲུང་དབྱང་མི་རིགས་སློབ་ཆེན། འབར་ཁམས་དགེ་འོས་སློབ་གྲྭ་སོགས་ནས་གདུང་སེམས་མཉམ་སྐྱེད་ཀྱི་ཞི་བའི་ལས་འགུལ་ཞིག་སྤེལ་བར་ནུབ་བྱང་གི་སློབ་མ་བཀྲ་ཤིས་རབ་བརྟན་སོགས་སློབ་མ་མང་བོ་ཞིག་ལ་དུས་བཀག་འདྲ་མིན་གྱི་ཁྲིམས་ཆད་བཅད་འདུག

 ཉིས་སྟོང་བཅུ་ལོར་མདོ་སྨད་རྨ་ཆུ་ས་ཁུལ་གྱི་སློབ་འབྲིང་གི་སློབ་མ་མང་བོས་སྐད་ཡིག་འདྲ་མཉམ་དང་ཐོབ་ཐང་འདྲ་མཉམ་གྱི་ཞི་རྒོལ་བྱས་པར་ཚེ་རིང་དོན་འགྲུབ་དང་ཐུབ་བསྟན་ཉི་མ་གཉིས་ལ་ལོ་གཉིས་རེ་ཡི་ཁྲིམས་ཆད་བཅད་པ་མ་ཟད། བོད་ཀྱི་གླུ་བ་གྲགས་ཆེན་རྡོ་རེས་སློབ་གཙོ་སྐྱབས་ཆེན་སོགས་དགེ་རྒན་སྐོར་ཅིག་དང༌། སློབ་ཕྲུག་མང་བོ་ཞིག་སློབ་གྲྭ་ནས་ཕྱིར་ཕུད་བཏང་བ་དང་དཔལ་འབྱོར་གྱི་ཉེས་ཆད་ལྕི་མོ་བཅད།

 ཉིས་སྟོང་བཅུ་ལོའི་ལོ་སྨད་དུ་རེབ་གོང་ས་ཁུལ་གྱི་མི་རིགས་སློབ་འབྲིང་དང་བོ་དང་གཉིས་པ། ལས་རིགས་ལག་རྩལ་སློབ་གྲྭ  དབྱི་ཧྥུ་སློབ་འབྲིང༌། རེབ་གོང་སློབ་འབྲིང༌། དགེ་ཆོས་སློབ་འབྲིང༌། བཅའ་སྡོད་སློབ་གྲྭ་སོགས་ཀྱི་སློབ་ཕྲུག་ལྔ་སྟོང་ལྷག་གིས་ཞི་བས་ཁྲོམ་སྐོར་བྱས་ཏེ། པེ་ཅིན་སྲིད་གཞུང་གི་སྐད་ཡིག་བཙན་འཛུལ་སྲིད་ཇུས་ལ་མི་འདོད་པའི་རྣམ་འགྱུར་བསྟན། དེ་དང་ལྷན་དུ་མཚོ་ལྷོའི་དགེ་ཐོན་སློབ་ཆེན། མཚོ་སྔོན་དགེ་ཐོན་སློབ་ཆེན། ཀྲུང་དབྱང་མི་རིགས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་སོགས་བོད་རིགས་འདུས་སྡོད་ཀྱི་སློབ་ཆེན་ཁག་གི་སློབ་ཕྲུག་ཧ་ཅང་མང་བོས་བོད་ཀྱི་སྐད་ཡིག་དར་སྤེལ་དང་སྲུང་སྐྱོབ་བྱེད་དགོས་པའི་རེ་སྐུལ་ཁྲོམ་སྐོར་བྱས། དེ་དང་ལྷན་དུ་ཡུ་གུར་དང་སོག་རིགས་ཀྱི་སློབ་ཕྲུག་སྐོར་ཅིག་གིས་ཀྱང་གདུང་སེམས་མཉམ་སྐྱེད་བྱས། ད་དུང་ཁྲི་ཀའི་སློབ་འབྲིང༌། དར་མཚོ་རྫོང་གི་སློབ་འབྲིང༌། འབའ་རྫོང་སློབ་འབྲིང༌། ཐེམ་ཆེན་རྫོང་གི་སློབ་འབྲིང༌། ཆབ་ཆ་ས་ཁུལ་གྱི་སློབ་འབྲིང༌། མདོ་ལྷོའི་ཨ་མཆོག་ས་ཁུལ་གྱི་སློབ་གྲྭ་སོགས་བོད་ཁམས་ཀྱི་ས་ཆ་མང་བོ་ནས་ཀྱང་སློབ་ཕྲུག་སུམ་ཁྲི་བརྒལ་བས་བོད་སྐད་ཡིག་ནམ་ཡང་ཉམས་མི་སྲིད་ཅེས་པའི་བསྒྲགས་ཡིག་བཀྲམས་ནས་ཞི་བས་ཁྲོམ་སྐོར་བྱས་ཏེ། པེ་ཅིན་སྲིད་གཞུང་གི་རིག་གནས་བཙན་འཛུལ་ལ་ཞི་རྒོལ་གཞི་རྒྱ་ཧ་ཅང་ཆེ་བ་ཞིག་བྱས་ཀྱང་པེ་ཅིན་སྲིད་གཞུང་གིས་སློབ་ཕྲུག་ཚོའི་རེ་བར་དོ་སྣང་ཕྲན་བུ་ཙམ་ཡང་མ་བྱས་པར་མུ་མཐུད་དུ་སྐད་ཡིག་རིག་གནས་ལ་བཙན་འཛུལ་བྱེད་བཞིན་ཡོད་པས།

ད་ལོའི་ལོ་སྟོད་དུའང་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་གི་སློབ་མ་ཉིས་སྟོང་ལྷག་གིས་རྫོང་སྲིད་གཞུང་གི་མདུན་དུ་སྐད་ཡིག་འདྲ་མཉམ་གྱི་ཞི་རྒོལ་བྱས་པ་དང༌། མཚོ་ལྷོའི་དགེ་ཐོན་སློབ་ཆེན་གྱི་སློབ་མ་དང༌། རེབ་གོང་ས་ཁུལ་གྱི་ལས་རིགས་ལག་རྩལ་སློབ་གྲྭ་དང་བཅའ་སྡོད་སློབ་གྲྭ་རྫོང་སློབ་འབྲིང་སོགས་ཀྱིས་ཀྱང་སྐད་ཡིག་འདྲ་མཉམ་གྱི་ཞི་རྒོལ་ཁྲོམ་སྐོར་བྱས། རྐང་ཚ་རྫོང་སློབ་འབྲིང་གི་སློབ་མ་ཆིག་སྟོང་བརྒལ་བས་སྐད་ཡིག་འདྲ་མཉམ་གྱི་ཞི་རྒོལ་བྱས་པ་དང༌། ཟི་ལིང་གི་ལས་བྱེད་རྒན་པ་སྐོར་ཅིག་གིས་པེ་ཅིན་སྲིད་གཞུང་ལ་ཞུ་ཡིག་ཕུལ་ནས་སློབ་ཕྲུག་ཚོའི་རེ་བར་རྒྱབ་སྐྱོར་བྱས་ཀྱང༌། པེ་ཅིན་སྲིད་གཞུང་གིས་བཙན་གནོན་བཙན་གཏམ་གྱི་བཀའ་ཁྱབ་བསྒྲགས་རྒྱུ་དང༌། སློབ་ཕྲུག་དང་དགེ་རྒན་ཚོར་ཁྲིམས་ཆད་གཅོད་རྒྱུ་ཁོ་ནར་འབད་པ་ལས། སློབ་ཕྲུག་ཚོའི་རེ་བར་དོ་སྣང་ཕྲན་བུ་ཙམ་ཡང་མི་བྱེད་པ་མ་ཟད། དགེ་རྒན་དང་སློབ་གཙོ་མང་བོ་ལས་གནས་ནས་ཕྱིར་ཕུད་བྱས་པ་དང༌། ལྷག་པར་དུ་རྐང་ཚ་རྫོང་གིས་སློབ་ཕྲུག་གསུམ་ལ་ཁྲིམས་ཆད་བཅད་པ་མ་ཟད། སློབ་གཙོ་དང་སློབ་ཕྲུག་ཧ་ཅང་མང་བོ་སློབ་གྲྭ་ནས་མཐར་བསྐྲོད་བྱས་པ་དང༌། རྩེ་ཁོག་རྫོང་དང་རེབ་གོང་ནས་ཀྱང་སློབ་གཙོ་དང་སློབ་ཕྲུག་དགེ་རྒན་མང་བོ་ལས་གནས་ནས་མཐར་བསྐྲོད་བྱས་པ་འདི་ནི་མུན་ནག་གི་སྲིད་གཞུང་ཅིག་གི་བྱ་སྤྱོད་ཕྱི་རུ་མངོན་པ་ཤ་སྟག་རེད།

སྤྱི་ཟླ་བཅུ་གཅིག་པའི་ཚེས་དགུ་ཉིན་པེ་ཅིན་སྲིད་གཞུང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་བསྡུས་ཡོད་པའི་སྐབས་སུ་རེབ་གོང་ས་ཁུལ་གྱི་ཁུལ་མཐོ་འབྲིང་གཉིས་པ་དང་དང་བོ། ལས་རིགས་ལག་རྩལ་སློབ་གྲྭ རྫོང་སློབ་འབྲིང༌། བཅའ་སྡོད་སློབ་གྲྭ་དབྱི་ཧྥུ་སློབ་འབྲིང་སོགས་ནས་སློབ་ཕྲུག་ལྔ་སྟོང་ལྷག་གིས་ཞི་བས་ཁྲོམ་སྐོར་བྱས་པ་མ་ཟད། སྐད་ཡིག་འདྲ་མཉམ་དང་མི་རིགས་འདྲ་མཉམ། གོང་ས་མཆོག་ཕ་ཡུལ་དུ་ཕེབས་དགོས་པའི་སྐད་འབོད་ཤུགས་ཆེན་བྱས་པ་དང༌། མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་རིགས་སློབ་མ་རྣམས་ཀྱིས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་མྱ་ངན་ཞུས་ཀྱང་ས་གནས་སྲིད་གཞུང་དག་གིས་དགེ་སློབ་ཁྱིམ་བདག་དང་བཅས་པར་ཏང་སྲིད་ལ་དགོངས་དག་ཞུ་རུ་བཅུག་པ་དང༌། རྗེས་ཕྱོགས་ཁྲོམ་སྐོར་མི་བྱ་བའི་ཁས་ལེན་ཡི་གེ་འབྲི་རུ་བཅུག་སྟེ། སྟེང་དུ་མཛུབ་ཐེལ་གནོན་དུ་བཅུག་པ་སོགས་ཀྱི་མནར་གཅོད་བཏང་བ་ལས། གཅར་རྡུང་དང༌། ཁྲིམས་ཆད་ཀྱི་མནར་གཅོད་གནས་སྐབས་སུ་བཏང་མེད་པར་བདག་གིས་ཐོས་པ་འདི་ནི་པེ་ཅིན་སྲིད་གཞུང་གི་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་དབུ་ཁྱུད་གསར་བ་ཞིག་ཡིན་པས་ཅུང་དགའ་སྤྲོ་སྐྱེ་མོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་གྲོལ་དུས་དགེ་སློབ་རྣམ་པར་མནར་གཅོད་ཚད་ལས་བརྒལ་བ་གཏོང་རྒྱུ་རེད་སྙམ་ན་ཁོ་བོའི་སྙིང་རྩ་འདར་ཡོང༌།

དེའི་རྗེས་སུ་ཆབ་ཆ་ས་ཁུལ་གྱི་ལས་རིགས་ལག་རྩལ་སློབ་གྲྭ་གཙོ་བྱས་པའི་སློབ་ཕྲུག་སྟོང་ཕྲག་ལྷག་གིས་སྐད་ཡིག་དང་ཐོབ་ཐང་འདྲ་མཉམ་གྱི་ཞི་བའི་ཁྲོམ་སྐོར་བྱས་པར་ས་གནས་ཉེན་རྟོག་པ་དང་དམག་མིས་སློབ་ཕྲུག་ཚོར་གཅར་རྡུང་ཚད་ལས་བརྒལ་བ་བྱས་པས་སློབ་ཕྲུག་བརྒྱ་ཕྲག་མང་བོར་རྨས་སྐྱོན་ཕོག་ཡོད་པ་མ་ཟད། སློབ་ཕྲུག་སུམ་ཅུ་ལྷག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པའི་སྐད་ཆ་ཐོས་ཡོང༌།

གང་ལྟར་སློབ་ཕྲུག་ཚོས་ཧ་ཅང་ཞི་བའི་སྒོ་ནས་བོད་ཀྱི་སྐད་ཡིག་དང་རིག་གནས་ལ་དབང་བའི་ཁེ་དབང་ཕྲན་བུ་ཞིག་གླེང་ནའང༌། པེ་ཅིན་སྲིད་གཞུང་གིས་དགེ་སློབ་ཚང་མ་མ་ཟད། མཐའ་ན་སློབ་གསོའི་སྡེ་ཁག་གི་མགོ་ཁྲིད་ཕལ་ཆེར་ལ་མཐའ་གཅིག་ཏུ་ལོག་སྤྱོད་པའི་ཉེས་མིང་བཏགས་ནས་ཁྲིམས་ཆད་གཅོད་པ་དང་གནས་དབྱུང་གཏོང་བ་གོ་གནས་ལེན་པ་སོགས་ནི་ཆེས་མུན་ནག་གི་སྲིད་གཞུང་ཞིག་གི་བྱ་སྤྱོད་ཕྱི་རུ་མངོན་པ་ཅིའི་ཕྱིར་མིན། ད་དུང་བཤད་རྒྱུ་ཞིག་ནི། པེ་ཅིན་སྲིད་གཞུང་གིས་ཁ་ནས་བོད་ཀྱི་སློབ་གསོ་གོང་འཕེལ་ལ་གཏོང་དགོས་ཞེས་བཤད་ཀྱི་ཡོད་ཀྱང༌། དོན་གྱིས་བོད་ཀྱི་སློབ་གསོའི་རིག་གནས་རྩ་མེད་དུ་གཏོང་འདོད་ཡོད་པ་མ་ཟད། བོད་ཀྱི་སློབ་ཕྲུག་ཚོར་དེང་རབས་རིག་གནས་ཀྱི་གོ་སྐབས་ཕྲན་བུ་ཞིག་ཀྱང་སྤྲོད་འདོད་མེད་པའི་བདེན་དཔང་དྲི་མ་མེད་པ་ནི།

༡བོད་མདོ་དབུས་ཁམས་གསུམ་ན་བོད་མི་རིགས་རང་ཉིད་ལ་དབང་བའི་སློབ་ཆེན་གཅིག་ཀྱང་མེད་པར་སློབ་ཆེན་ཡོད་ཚད་རྒྱ་རིགས་སློབ་ཆེན་ཚོའི་ཡན་ལག་ཁོ་ན་ཡིན།  བོད་ཀྱི་སློབ་གསོ་བ་གྲགས་ཆེན་ར་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས་འགྲོ་སོང་ཡོད་ཚད་སྒེར་ནས་ཕུལ་ཏེ། བོད་རིགས་རང་ལ་དབང་བའི་སློབ་ཆེན་ཞིག་འཛུགས་རྩིས་བྱས་མོད་པེ་ཅིན་སྲིད་གཞུང་གིས་གཏན་འགོག་བྱས། ༢པེ་ཅིན་སྲིད་གཞུང་གིས་མི་ལོ་དྲུག་ཅུའི་དུས་ཡུན་ཁྲོད་དེང་རབས་ཚན་རིག་ལག་རྩལ་རིག་གནས་ཀྱི་ཆེད་ལས་མཁས་དབང་གི་བོད་རིགས་མཁས་པ་གཅིག་ཀྱང་སྐྱེད་སྲིང་བྱས་མེད།

༣ཟི་ལིང་སོགས་བོད་ཀྱི་གནད་ཡོད་གྲོང་ཁྱེར་ན་བོད་རིགས་སློབ་འབྲིང་ཞིག་ཕར་ཟད། མཐའ་ན་སློབ་ཆུང་ཞིག་ཀྱང་བཙུགས་མེད་པ་ནི་པེ་ཅིན་སྲིད་གཞུང་གིས་བོད་ཀྱི་སློབ་ཕྲུག་ཚོར་བཟུང་བའི་རྣམ་འགྱུར་དང༌། བརྙས་བཅོས་ཁོ་ན་ཞིག་མ་ཡིན་ཏེ། བོད་མི་རིགས་ཀྱི་མདུན་ལམ་ལ་བཟུང་བའི་རྣམ་འགྱུར་ཞིག་དང་བརྙས་བཅོས་གཉའ་གནོན་ཞིག་དང༌། མདོར་ན་བོད་མི་རིགས་རྩ་མེད་དུ་གཏོང་འདོད་ཀྱི་ཁོག་རྩིས་ཇུས་ངན་ཞིག་རེད།

༄༅། བོད་ཀྱི་ལས་བྱེད་དང་པེ་ཅིན་སྲིད་གཞུང༌།

བོད་ཀྱི་ལས་བྱེད་པ་མང་བོ་ཞིག་གི་ཀླད་པའི་ནང་དུ་ཁོ་ཚོ་པེ་ཅིན་སྲིད་གཞུངགི་བཀོལ་སྤྱོད་ཀྱི་རྩེད་ཆས་ཁོ་ན་ཡིན་པ་གསལ་བོ་ཤེས་ཀྱི་མེད་ཀྱང༌། བོད་མི་རིགས་པེ་ཅིན་སྲིད་གཞུང་གི་མངའ་འོག་ཏུ་བཅུག་ནས་མི་ལོ་དྲུག་ཅུའི་ལོ་རྒྱུས་ལ་འདི་ལྟར་དབྱེ་ཞིབ་ཅིག་བྱས་ན། ད་གཟོད་གསལ་བོར་ཤེས་ཐུབ་སྟེ།

༡ལྔ་བཅུ་ང་བརྒྱད་དང་རིག་གནས་གསར་བརྗེ་སྐབས་སུ་བོད་རིགས་ལས་བྱེད་པ་ཚོས་པེ་ཅིན་སྲིད་གཞུང་གི་བཀའ་བཀོད་བཞིན་མཐའ་ན་རང་གི་ཕ་མེས་ཡང་མེས་ཀྱི་རྔུལ་ཆུས་བསྐྲུན་པའི་རིན་ཐང་གཞལ་དུ་མེད་པའི་རིག་གནས་ཤུལ་བཞག་ཚང་མའང་ཕངས་མེད་དུ་པེ་ཅིན་སྲིད་གཞུང་ལ་བྱིན་པ་མ་ཟད། ལྷ་ཁང་གསེར་ཁང་ཚང་མ་པེ་ཅིན་སྲིད་གཞུང་གི་བཀའ་བཀོད་བཞིན་ཐལ་བའི་རྡུལ་དུ་བརླགས། རང་གི་མི་སྣ་བཟང་ཤོས་ཚང་མ་འཛིན་དགོས་པ་ཐམས་ཅད་བཟུང༌། གསོད་དགོས་པ་ཐམས་ཅད་བསད། མཐའ་ན་རང་གི་ཕ་མ་ལ་ཡང་གཅར་རྡུང་བྱ་དགོས་ཞེས་བཀའ་བབ་ན་གཅར་རྡུང་བྱས་ཀྱང༌། པེ་ཅིན་སྲིད་གཞུང་གིས་ཁོ་ཚོར་ལྟོ་གོས་ཕྲན་བུ་ཞིག་ལས་ཅི་ཡང་སྤྲད་མེད་ཚོད་རེད།

༢ལོ་རབས་བརྒྱད་ཅུ་ནས་བཟུང་བོད་རིགས་ལས་བྱེད་པ་ཚོས་པེ་ཅིན་སྲིད་གཞུང་གི་སློབ་གསོའི་བཀོད་སྒྲིག་བཞིན་རང་གི་ཕ་ས་བསྐྱུར། ཕ་སྐད་དོར། མཐའ་ན་རང་གི་བུ་རབས་ཚ་རྒྱུད་ལ་ཡང་ཡབ་མེས་ཀྱི་ཁྲག་རྒྱུན་ཡན་ཆད་དོར་དུ་བཅུག་ནའང༌། པེ་ཅིན་སྲིད་གཞུང་གིས་སྔར་བཞིན་ཁོ་ཚོར་སྤྲད་པ་ནི་ལྟོ་གོས་ཕྲན་བུ་ཞིག་རེད།

༣དུས་རབས་གསར་བ་ནས་བཟུང་བོད་ཀྱི་ལས་བྱེད་པ་ཚོས་པེ་ཅིན་སྲིད་གཞུང་གི་ལྟ་བའི་སྣེ་ཁྲིད་བཞིན་རང་གི་མི་རིགས་ཀྱི་རིག་གནས་ལྟ་གྲུབ་དོར། རང་གི་སྐད་ཡིག་གི་ལས་དབང་གཡུག རང་གི་ཕ་ས་ཡི་བརྩེ་བ་བསྐྱུར་ཏེ། རང་གི་རྩ་བའི་བླ་མར་མཚན་དམོད་ཞུས། རང་གི་དགོན་སྡེའི་གྲྭ་བ་དང་ཡུལ་མི་མང་བོ་བཟུང༌། གཅར་རྡུང་བྱས། ཁྲིམས་ཆད་བཅད། ཞི་རྒོལ་གནང་མཁན་གྱི་སྤུན་ཟླ་ཡོངས་ལའང་འཛིན་བཟུང་གཅར་རྡུང་བྱས། ཁྲིམས་ཆད་བཅད་དེ། ལྷག་བསམ་རྣམ་དག་གིས་པེ་ཅིན་སྲིད་གཞུང་ལ་ཞབས་ཕྱི་བསྒྲུབས་ཀྱང༌། པེ་ཅིན་སྲིད་གཞུང་གིས་བོད་རིགས་ལས་བྱེད་གཅིག་ཀྱང་པེ་ཅིན་སྲིད་གཞུང་གི་མཐོ་རིམ་དབུ་ཁྲིད་ལ་ཡར་འཐེན་བྱས་ཨེ་མྱོང༌། མ་མྱོང་སྟེ། ད་དུང་ཁོ་ཚོར་སྤྲད་པ་ནི་ལྟོ་གོས་ཕྲན་བུ་ཞིག་སྤྲད་དེ་བཀོལ་སྤྱོད་བྱ་རྒྱུ་དེ་རེད།

༤ངས་སྐད་ཆ་འདི་ལྟར་བཤད་ན་པེ་ཅིན་སྲིད་གཞུང་མ་གཏོགས་བོད་རིགས་ལས་བྱེད་སྐོར་ཞིག་ཀྱང་ཁོང་ཁྲོ་ཟ་ངེས་ཡིན་པས་ངས་ད་དུང་གསལ་བཤད་ཅིག་བྱས་ན། པེ་ཅིན་སྲིད་གཞུང་གིས་བོད་མི་རིགས་མངའ་འོག་ཏུ་བསྡུས་ནས་མི་ལོ་དྲུག་ཅུ་ལྷག་འདས་པའི་དུས་ཡུན་ཁྲོད་པེ་ཅིན་སྲིད་གཞུང་གིས་བོད་རིགས་ལས་བྱེད་ཅིག་ལ་སྲིད་འཛིན་དང་སྲིད་བློན་གྱི་གོ་གནས་ཤིག་སྤྲོད་རྒྱུ་ཕར་ཟད། ཀྲུང་དབྱང་ཆབ་སྲིད་ཀྱི་རྒྱུན་ལས་ཨུ་ཡོན་ཞིག་གི་གོ་གནས་ཀྱང་སྤྲད་པ་གཏན་ནས་མཐོང་མ་མྱོང༌། མཐའ་ན་ཀྲུང་དབྱང་གི་གནད་ཡོད་ལས་ཁུངས་ཞིག་གི་མགོ་ཁྲིད་གཙོ་བོར་ཡང་བཞག་མྱོང་མེད།

ཆེས་མ་མཐའི་སྐད་ཆ་ཞིག་བཤད་ན། བོད་ལྗོངས་ལྷ་སའི་མགོ་ཁྲིད་གཙོ་བོར་ཡང་བོད་རིགས་ཤིག་བཞག་མ་མྱོང་བ་མ་ཟད། བོད་རིགས་རང་སྐྱོང་ཁུལ་དང་རང་སྐྱོང་རྫོང་སོགས་ཀྱི་གནད་ཡོད་ལས་ཁུངས་ཁག་གི་མགོ་ཁྲིད་ཕལ་ཆེར་ཡང་རྒྱ་རིགས་ཀྱིས་བཟུང༌། ཡང་དཔེར་མཚོན་ཞིག་བཤད་ན། མཚོ་སྔོན་ཞིང་ཆེན་གྱི་ས་ཆ་ཡོད་ཚད་བོད་ཀྱི་ཡིན། མི་གྲངས་ལྔ་ཆའི་གཅིག་ལྷག་བོད་རིགས་ཡིན་མོད། མཚོ་སྔོན་ཞིང་ཆེན་གྱི་དྲུང་ཆེ་དང་ཡུལ་དཔོན་སོགས་འགན་འཛིན་གཙོ་གྲས་གསུམ་ལ་བོད་རིགས་ཤིག་གཏན་ནས་བསྡད་མ་མྱོང༌། འདི་དག་ལ་ཞིབ་འཇུག་འོས་འཚམ་ཞིག་བྱས་ན་བོད་རིགས་ལས་བྱེད་ཚོ་ནི་པེ་ཅིན་སྲིད་གཞུང་གི་བཀོལ་སྤྱོད་ཀྱི་རྩེད་ཆས་དང་ཞབས་འོག་གི་རྒྱུག་ཁྱི་ཙམ་ལས་མ་འདས་པའི་གནས་སྟངས་ཡ་ང་བའི་དོན་དངོས་འདི། བོད་རིགས་ལས་བྱེད་པ་མཐོ་གྲས་སྐོར་ཅིག་དང་ཀླད་པ་གསལ་བོ་ཅན་སྐོར་ཅིག་གིས་ཤེས་ཀྱི་ཡོད་མོད། ཀླད་པ་མི་གསལ་བ་དམའ་གྲས་མང་བོས་ད་དུང་ཤེས་ཀྱི་མི་འདུག  གནས་ཚུལ་འདིའི་ཐད་ཀྱི་སྐད་ཆ་གཞན་ཞིག་བཤད་ན་འདི་ནི་པེ་ཅིན་སྲིད་གཞུང་གིས་བོད་རིགས་ལས་བྱེད་ཚོའི་འདྲ་མཉམ་དང་ཁེ་དབང་ལ་བརྙས་བཅོས་དང་གཉའ་གནོན་བྱས་པ་ཙམ་མ་ཡིན་པར་བོད་མི་རིགས་ཀྱི་འདྲ་མཉམ་དང་ཁེ་དབང་ལ་བརྙས་བཅོས་དང་གཉའ་གནོན་བྱས་པ་ཞིག་རེད།

༄༅། བོད་ཀྱི་རྩོམ་རིག་དང་པེ་ཅིན་སྲིད་གཞུང༌།

བོད་ཀྱི་རྩོམ་རིག་གླེང་དུས་ངའི་ཡིད་ལ་དུས་རྒྱུན་པེ་ཅིན་སྲིད་གཞུང་དྲན་ཡོང༌། རྒྱུ་མཚན་ནི། པེ་ཅིན་སྲིད་གཞུང་གིས་མི་ལོ་དྲུག་ཅུའི་དུས་ཡུན་ཁྲོད་དུ་བོད་ཀྱི་རྩོམ་རིག་དང་བོད་ཀྱི་རྩོམ་པ་པོ་རྣམས་ཀྱི་ཁེ་དབང་གི་མདུན་ལམ་ལ་གཉའ་གནོན་དང་བརྙས་བཅོས་བྱས་ཏེ་ཡོང་བས་བོད་ཀྱི་རྩོམ་རིག་ཁྲོད་དུ་བོད་རང་གི་འཚོ་བ་དངོས་དང་བདེ་སྡུག་ངོ་མ་ལྟ་གྲུབ་ངོ་མ་མཚོན་པའི་བརྩམས་ཆོས་ཤིན་ཏུ་ཉུང༌། རྒྱུ་མཚན་འདིའི་དབང་གིས་ཀུན་གཟིགས་བཅུ་བས་བོད་ལ་ད་ལྟའི་བར་དུ་བོད་རང་གི་འཚོ་བ་དངོས་མཚོན་པའི་སྒྲུང་རིང་མེད། རྒྱུ་མཚན་ནི་འཚོ་བ་དངོས་མཚོན་པའི་སྒྲུང་རིང་བྲིས་ན་ནང་དུ་དུག་ཡོད་པ་རེད་ཟེར་བར་དོགས་པ་རེད། ཅེས་གསུངས་པ་རེད། ཁོང་གི་གསུངས་འདི་ནི་ཡང་དག་པ་ཡིན་ཏེ། ད་ལྟའི་བར་དུ་བོད་ཀྱི་འཚོ་བ་དངོས་མཚོན་པའི་གཞིས་སྡོད་བོད་མིའི་བརྩམས་ཆོས་ཀྱི་རྩོམ་པ་པོའི་ཁྲོད་ན་པེ་ཅིན་སྲིད་གཞུང་གིས་ཁྲིམས་ཆད་བཀག་གཉེར་མ་བྱས་པ་ཕལ་ཆེར་མེད་ཚོད་ཡིན་ཏེ།དཔེར་ན། དུས་རབས་གོང་མར་ཀུན་གཟིགས་བཅུ་བས་ཡིག་འབྲུ་ཁྲི་བདུན་མའི་སྙན་ཞུ་མཛད་དེ་པེ་ཅིན་སྲིད་གཞུང་ལ་ཕུལ་བར་རྐྱེན་བྱས་ཏེ་ཁོང་ལ་ལོ་དགུ་ཡི་ཁྲིམས་ཆད་བཅད་པ་དང༌། ཁོང་དགུང་གྲངས་ལྔ་བཅུ་ལོན་ཙམ་གྱིས་སྐུ་གཤེགས།

༡བོད་ཀྱི་ཆབ་སྲིད་པ་དང་མཁས་པ་གྲགས་ཆེན་ཕུན་དབང་ལགས་ཀྱིས་ཧོའུ་ཅན་ཐོ་ལ་སྙན་ཞུ་ཕུལ་ནས་བོད་མི་རིགས་ཀྱི་རེ་སྙེག་དང་འདོད་བློའི་སྐོར་གྱི་སྙན་ཞུའི་བརྩམས་ཆོས་ཕུལ་ནས་པེ་ཅིན་སྲིད་གཞུང་གི་ལམ་ནོར་སྲིད་ཇུས་ལ་ཁ་ཕྱོགས་བསྟན་མོད་ཧོའུ་ཡིས་དོ་སྣང་ཕྲན་ཙམ་ཡང་བྱས་མེད་པ་མ་ཟད་ཕུན་དབང་ལགས་ཀྱི་མི་ཚེའི་སྐྱིད་སྡུག་ངས་གོང་དུ་བཤད་པ་བཞིན་རེད།

༢བོད་ཀྱི་ལས་བྱེད་རྒན་པ་ནགས་ཚང་ནུས་བློ་ལགས་ཀྱིས་ནགས་ཚང་ཞི་ལུའི་སྐྱིད་སྡུག་ཅེས་པའི་རང་གི་མི་ཚེའི་བྱུང་བ་དང་འབྲེལ་ནས་ང་བརྒྱད་སྐབས་སུ་པེ་ཅིན་སྲིད་གཞུང་གིས་བོད་མི་དམངས་ལ་བཏང་བའི་མནར་གཅོད་གསལ་བའི་བརྩམས་ཆོས་མཛད་ཀྱང་ཁོང་གི་གནས་སྟངས་ང་ལ་གསལ་ཆ་མ་བྱུང༌།

༣བོད་ཀྱི་རྩོམ་པ་པོ་གྲགས་ཆེན་བུད་དྷ་དང་གཉན། མགར་མི་སོགས་ཀྱིས་ཉིས་སྟོང་བརྒྱད་ལོའི་བོད་ཀྱི་ཞི་རྒོལ་ཆེན་མོའི་སྐབས་ཀྱི་པེ་ཅིན་སྲིད་གཞུང་གི་ཁྲག་དྲི་དྲོ་བའི་བཙན་གནོན་གྱི་འཚོ་བ་དངོས་མཚོན་པའི་དྲང་བདེན་བརྩམས་ཆོས་མཛད་དེ་སྤེལ་པར་པེ་ཅིན་སྲིད་གཞུང་གིས་བུད་དྷ་དང་གཉན་གཉིས་ལ་ལོ་བཞི་རེ་ཡི་ཁྲིམས་ཆད་བཅད་པ་དང༌། མགར་མིའམ་སྐལ་བཟང་སྦྱིན་པ་ལ་ལོ་གསུམ་གྱི་ཁྲིམས་ཆད་བཅད་དེ་བཙོན་འཇུག་བྱས།

༤དེའི་རྗེས་ཨ་མདོ་བླ་བྲང་དགོན་པའི་དོ་དམ་ལྷན་ཁང་གི་འགན་འཛིན་ཟུར་བ། རྒན་འཇིགས་མེད་རྒྱ་མཚོ་མཆོག་གིས་ཁོང་གི་བཙོན་འཇུག་མནར་གཅོད་ཀྱི་དངོས་ཡོད་འཚོ་བའི་གོ་རིམ་གཏམ་བཤད་སྤེལ་བར་ཁོང་ལ་འདྲི་གཅོད་གཅར་རྡུང་སོགས་མནར་གཅོད་ཚད་ལས་བརྒལ་བ་བཏང་བ་མ་ཟད། ཁོང་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་འདས་མོད་ད་དུང་གར་ཡོད་ཀྱི་གནས་ཚུལ་ཙམ་ཡང་མི་ཤེས་པའི་གནས་སུ་བསྐྱལ་ཡོད། མི་ལ་ལས་བཤད་པ་ལྟར་ན་ཁོང་ལ་གཅར་རྡུང་ཚད་ལས་བརྒལ་བ་བྱས་ཏེ་ལན་ཀྲུའུ་སྨན་ཁང་ག་གེ་མོ་ཞིག་ཏུ་བསྐྱལ་ཡོད་པར་བཤད།  

༥བོད་ཀྱི་མཁས་པ་དང་རྩོམ་པ་པོ་གྲགས་ཆེན་བྱ་མདོ་རིན་བཟང་མཆོག་གིས་ལྔ་བཅུ་ང་བརྒྱད་སྐབས་སུ་པེ་ཅིན་སྲིད་གཞུང་གི་དམག་དཔུང་སྟོབས་ཆེན་གྱིས་བོད་མི་དམངས་ལ་བཙན་འཛུལ་དྲག་གནོན་བྱས་པ་དང་དེའི་སྐབས་ཀྱི་བོད་མི་རིགས་ཀྱི་དཀའ་སྡུག་གི་འཚོ་བ་མཚོན་པའི་བརྩམས་ཆོས་ངའི་ཕ་ཡུལ་དང་ཞི་བའི་བཅིངས་གྲོལ་དང༌། ངའི་ཕ་ཡུལ་དང་གཟབ་ཉན། ཞེས་པའི་བརྩམས་ཆོས་གཉིས་མཛད་པར་པེ་ཅིན་སྲིད་གཞུང་གིས་ཁོང་ལ་འདྲི་གཅོད་བཀག་གཉེར་སོགས་མནར་གཅོད་ཐེངས་མང་བཏང་བ་མ་ཟད། ད་དུང་ཡང་ཁོང་ལ་དམིགས་བསལ་ལྟ་རྟོག་གི་འོག་ཏུ་གནས་བཞིན་ཡོད།

༦བོད་ཀྱི་རྩོམ་པ་པོ་གྲགས་ཆེན་སྒྲོལ་མ་སྐྱབས་ཀྱིས་བོད་མི་རིགས་ཀྱི་འདས་མ་ད་གསུམ་གྱི་དཀའ་སྡུག་ཧ་ཅང་མང་བོ་གསལ་བའི་ལྷིང་འཇགས་མེད་པའི་ཧི་མ་ལ་ཡ་ཞེས་པའི་བརྩམས་ཆོས་མཛད་པར་རྐྱེན་བྱས་ཏེ། ་ཁོང་ལས་གནས་ནས་ཕྱིར་ཕུད་པ་མ་ཟད། ལོ་གསུམ་གྱི་ཁྲིམས་ཆད་མནར་གཅོད་བཏང༌།

༧བོད་ཀྱི་རྩོམ་པ་པོ་གྲགས་ཆེན་ཚེ་རིང་དོན་འགྲུབ་ཀྱིས་ང་བརྒྱད་རིག་གསར་སྐབས་ཀྱི་བོད་ཀྱི་དངོས་ཡོད་འཚོ་བའི་དཀའ་སྡུག་མཚོན་པའི་བརྩམ་སྒྲུང་རླུང་དམར་འུར་འུར་ཞེས་པ་མཛད་པར་པེ་ཅིན་སྲིད་གཞུང་གིས་ཁོང་གི་གོ་གནས་ཕྱིར་འཐེན་དང་འདྲི་གཅོད་སོགས་ཀྱི་མནར་གཅོད་གང་མང་བཏང༌།

༨བོད་ཀྱི་གླུ་མ་གྲགས་ཆེན་འཇམ་དབྱངས་སྐྱིད་ཀྱིས་རང་གི་བཀག་གཉེར་འདྲི་གཅོད་ཀྱི་དངོས་ཡོད་འཚོ་བ་མཚོན་པའི་མནར་གཅོད་ཀྱི་གོ་རིམ་ཞེས་པ་བརྩམས་ཏེ་སྤེལ་བར་མོ་ཡང་བཀག་གཉེར་འདྲི་གཅོད་ཐེངས་འགའ་ཤས་བྱས།

༩བོད་ཀྱི་ན་གཞོན་རྩོམ་པ་པོ་གྲགས་ཆེན་བཀྲ་ཤིས་རབ་བརྟན་གྱིས་ཉིས་སྟོང་བརྒྱད་ལོའི་ཞི་རྒོལ་སྐབས་པེ་ཅིན་སྲིད་གཞུང་གི་དྲག་གནོན་གནས་ཚུལ་མཚོན་པའི་ཁྲག་ཡིག་ཅེས་པའི་བརྩམས་ཆོས་མཛད་པར་ཁོང་ལ་ལོ་འགའི་ཁྲིམས་ཆད་བཅད།

༡༠ང་དང་རྩོམ་གྲོགས་འགས་པེ་ཅིན་སྲིད་གཞུང་གི་ཁ་ལག་མི་འདྲ་བའི་ཚུལ་འཆོས་རྫུན་མ་གསལ་འདོན་གྱི་བཙན་པོའི་སྙིང་སྟོབས་ཞེས་པའི་དེབ་ཅིག་བརྩམས་པར་ང་ཚོར་བཀག་གཉེར་འདྲི་གཅོད་ཀྱི་མནར་གཅོད་ཐེངས་གང་མང་བཏང༌།

༡༡བོད་ཀྱི་རྩོམ་པ་པོ་གྲགས་ཆེན་འོད་ཟེར་ལགས་ཀྱིས་གངས་སེང་གི་ངར་སྐད་ཅེས་པའི་བརྩམས་ཆོས་མཛད་དེ་ས་བྱི་ལོར་བོད་མདོ་དབུས་ཁམས་གསུམ་གྱིས་པེ་ཅིན་སྲིད་གཞུང་ལ་ཞི་རྒོལ་བྱས་ཚུལ་དང་པེ་ཅིན་སྲིད་གཞུང་གིས་དྲག་གནོན་བྱས་ཚུལ་མཚོན་པའི་བརྩམས་ཆོས་མཛད་པར་པེ་ཅིན་སྲིད་གཞུང་གིས་ཁོ་མོའི་འགྲོ་འདུག་ཁེ་དབང་ལ་མནར་གཅོད་ཚད་ལས་བརྒལ་བ་གཏོང་གི་ཡོད་པ་གོ་ཐོས་བྱུང་ཡོང༌།

༡༢བོད་ཀྱི་རྩོམ་པ་པོ་གྲགས་ཆེན་སྒྱིས་ཚང་སྟག་སྨྲིག་མཆོག་གིས་བོད་ལ་རང་དབང་མེད་པའི་སྙན་ཞུ་ཞེས་པའི་བོད་ཀྱི་ལོ་རྒྱུས་ཀྱི་དཀའ་སྡུག་དང་དཀའ་སྡུག་གི་འཕེལ་རིམ་གསལ་བའི་གཏམ་བཤད་བརྩམས་ཆོས་མཛད་དེ་བཀྲམས་པར་ཁོང་ལ་ལོ་བཞི་ཡི་ཁྲིམས་ཆད་བཅད་འདུག

༡༣བོད་ཀྱི་གླུ་ཚིག་རྩོམ་པ་པོ་གྲགས་ཆེན་འཇིགས་མེད་ཨ་རི་ཡིས་བོད་མི་རིགས་ཀྱི་དཀའ་སྡུག་སེམས་ཚོར་མཚོན་པའི་གླུ་ཚིག་བརྩམས་པ་དང་གོང་ས་མཆོག་གི་གསུང་རྩོམ་པར་དུ་བསྐྲུན་ཏེ་བཀྲམས་པར་རྐྱེན་བྱས་ཏེ་ལོ་གཉིས་ཀྱི་ཁྲིམས་ཆད་བཅད། 

༡༤བོད་ཀྱི་རྩོམ་པ་པོ་གྲགས་ཆེན་ཞོགས་དུང་ལགས་ཀྱིས་པེ་ཅིན་སྲིད་གཞུང་གི་ལོ་རྒྱུས་ཀྱི་ནོར་འཁྲུལ་མཚོན་པའི་གནམ་ས་གོ་འབྱེད་ཅེས་པའི་དེབ་ཅིག་བརྩམས་པར་ཁོང་ལ་ཟླ་འགར་བཀག་གཉེར་འདྲི་གཅོད་ཀྱི་མནར་གཅོད་བཏང༌།

༡༥ངྷི་ལྷ་ལྡན་ལགས་ཀྱིས་བོད་ཀྱི་དངོས་ཡོད་དཀའ་སྡུག་མཚོན་པའི་ཚེ་སྲོག་གིས་བསྐྲུན་པའི་སྐད་ཆ། ཞེས་པའི་བརྩམས་ཆོས་ཤིག་མཛད་པས་པེ་ཅིན་སྲིད་གཞུང་གིས་ཁོང་ལ་མནར་གཅོད་གཏོང་གི་ཡོད་པའི་གནས་ཚུལ་བདག་གིས་ཐོས་མོད་གསལ་ཆ་མ་བྱུང༌།  

༡༦བོད་ཀྱི་རྩོམ་པ་པོ་གྲགས་ཆེན་ལྷོ་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་བོད་ཀྱི་དཀའ་སྡུག་མཚོན་པའི་བརྩམས་ཆོས་དང་གཏམ་བཤད་སྤེལ་བར་ཁོང་ལ་ལོ་བདུན་གྱི་ཁྲིམས་ཆད་བཅད།

༡༧བོད་ཀྱི་རྩོམ་པ་པོ་འབྲོག་རུ་ཚུལ་ཁྲིམས་ལགས་ཀྱིས་བོད་ཀྱི་དངོས་ཡོད་དཀའ་སྡུག་མཚོན་པའི་བརྩམས་ཆོས་མཛད་པས་ཁོང་ལ་ལོ་གསུམ་གྱི་ཁྲིམས་ཆད་བཅད།

༡༨བོད་ཀྱི་སྒེར་གཉེར་ཁྱད་འཕགས་དུས་དེབ་བླ་སྲོག་གི་རྩོམ་སྒྲིག་པ་ལྡོང་རྒྱུད་དོན་འགྲུབ་རྒྱ་མཚོ་ལགས་ཀྱིས་ཉིས་སྟོང་བརྒྱད་ལོར་ཞི་བས་ཁྲོམ་སྐོར་བྱས་པར་རྐྱེན་བྱས་ཏེ་ལོ་བརྒྱད་ཀྱི་ཁྲིམས་ཆད་བཅད།

༡༩རྐང་ལམ་གྱི་རྩོམ་སྒྲིག་པ་རྨ་ཆུའི་གསུང་རབ་ལ་ལོ་གསུམ་གྱི་ཁྲིམས་ཆད་བཅད། ཡུལ་མི་ཚོས་ཁོང་ལ་ཁྲིམས་ཆད་གཅོད་དགོས་པའི་རྒྱུ་མཚན་དྲིས་ཀྱང་ལན་གང་ཡང་འདེབས་རྒྱུ་མེད།

༢༠དུས་རབས་ཀྱི་ང་ཡི་རྩོམ་སྒྲིག་པ་ཇོ་ལེབ་ཟླ་བ་ལ་ལོ་གསུམ་གྱི་ཁྲིམས་ཆད་བཅད། ཡུལ་མི་ཚོས་ཁོང་ལ་ཁྲིམས་ཆད་གཅོད་དགོས་པའི་རྒྱུ་མཚན་དྲིས་དུས། མུན་ནག་གི་ལས་བྱེད་ཚོས་ཁོང་དེ་སྔོན་རི་དྭགསས་པགས་པ་མེར་བསྲེགས་དུས་ཀྱི་མགོ་བ་ཡིན་ཚུལ་བཤད་བྱུང་བ་ནི་འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཚང་མས་བསམ་བློ་གཏོང་དགོས་པ་ཞིག་རེད།

༢༡བོད་ཀྱི་ན་གཞོན་རྩོམ་པ་པོ་དགེ་འདུན་ཚེ་རིང་གིས་མིག་ཆུ་ཞེས་པའི་ས་བྱི་ཞི་རྒོལ་གྱི་འབྱུང་རྐྱེན་གནས་བབ་མཚོན་པའི་བརྩམས་ཆོས་སྤེལ་བར་ཁོང་འཛིན་བཟུང་བྱས་ཏེ་ལོ་གཉིས་ཀྱི་ཁྲིམས་ཆད་བཅད།

༢༢མདུན་སྐྱོད་ཀྱི་རྩོམ་སྒྲིག་པ་བསྟན་པ་བློ་གྲོས་ལགས་ཀྱིས་བོད་མི་རིགས་ཀྱི་བདེ་སྡུག་བགྲོ་གླེང་ཚོགས་འདུ་ཐེངས་གང་མང་ལ་གཙོ་སྐྱོང་གནང་བར་རྐྱེན་བྱས་ཏེ། ཁོང་འཛིན་བཟུང་བྱས་ནས་ལོ་གཅིག་ལྷག་འདས་ཀྱང་ཁོང་གི་གནས་སྟངས་ད་དུང་གསལ་ཁ་མ་བྱུང༌།

༢༣གངས་རིའི་བུ་མོ་དང་གངས་ཅན་མེ་ཏོག་གི་གཙོ་སྒྲིག་པ་དང་བོད་ཀྱི་རྩོམ་པ་པོ་གྲགས་ཆེན་ཧོར་གཙང་ཀླུ་རྒྱལ་ལགས་ཀྱིས་གོང་ས་མཆོག་གི་གསུང་རྩོམ་ཞིག་པར་སྐྲུན་གནང་རོགས་བྱས་པར་རྐྱེན་བྱས་ཏེ། ཟླ་བ་དྲུག་ལྷག་ལ་འཛིན་བཟུང་བཀག་གཉེར་གྱིས་མནར་གཅོད་གང་མང་བཏང༌།

༢༤བོད་ཀྱི་རྩོམ་པ་པོ་གྲགས་ཆེན་མེ་ལྕེ་ལགས་ལ་ཀན་སུསུ་ཉེན་རྟོག་པས་འདྲི་གཅོད་བཀག་གཉེར་གྱི་མནར་གཅོད་བཏང་བ་ཐོས་མོད། ཁོང་ལ་དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་གང་ཡང་བདག་གིས་ཤེས་རྟོགས་མ་བྱུང༌།

༢༥ད་ལོའི་སྤྱི་ཟླ་བཅུ་བའི་ཚེས་བཞི་ཉིན་ཁམས་ནག་ཆུ་འབྲི་རུ་རྫོང་གི་བོད་ཀྱི་རྩོམ་པ་པོ་དགུ་འགྲུབ་ལགས་ཀྱིས་རང་ལུས་ཞུགས་འབུལ་བྱས་ཏེ་པེ་ཅིན་སྲིད་གཞུང་གི་ནོར་འཁྲུལ་གྱི་སྲིད་ཇུས་དང་གཡོ་སྒྱུའི་ལམ་ལུགས་ལ་ཆེས་འུ་ཐུག་ཐབས་ཟད་ཀྱི་ཞི་རྒོལ་ཆེན་མོ་འདི་མི་མཛད་ཐབས་མེད་དུ་གྱུར་བ་ནི་བོད་ཀྱི་རྩོམ་པ་པོ་ཞིག་གིས་རང་ལུས་སྦྱིན་སྲེག་གནང་བ་ཐོག་མ་རེད། འདི་དག་ནི་བདག་གིས་ཤེས་རྟོགས་བྱུང་བའི་རྩོམ་པ་པོ་རྣམ་པ་ཡིན་མོད་ད་དུང་བདག་གིས་མ་ཤེས་པའི་ས་ཆར་རྩོམ་པ་པོ་གང་མང་ཞིག་གིས་པེ་ཅིན་སྲིད་གཞུང་གི་མནར་གཅོད་མྱོང་གི་ཡོད་པ་དོན་དངོས་ཡིན།

ད་དུང་བོད་ཀྱི་རྩོམ་པ་པོ་གྲགས་ཆེན། ལྡོང་ཡོན་ཏན་རྒྱ་མཚོ། རྒྱ་གྲོལ། སྟག་འབུམ་རྒྱལ། སྡེ་རོང་ཚེ་རིང་དོན་འགྲུབ། དབང་འདུས། བསྟན་ཁོ། བསམ་འགྲུབ་ཚེ་རིང༌། འཇུ་སྐལ་བཟང༌། མུན་འཇོམས་སྒྲོན་མེ། སྨན་བླ་སྐྱབས། ཟུར་གསུམ་མ། གཙང་བ་དཀོན་བྷེ།ཚེ་རིང་དོན་འགྲུབ། འབྲོང༌། རེབ་གོང་འཇམ་དབྱངས་སྐྱབས་སོགས་རང་གི་མི་རིགས་ཀྱི་ཞེན་ཁོག་དྲག་ཏུ་འབར་བའི་རྩོམ་པ་པོ་ཧ་ཅང་མང་བོ་ཞིག་གིས་ཀྱང་རྩོམ་རིག་སྒྱུ་རྩལ་གྱི་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་བོད་མི་རིགས་ཀྱི་དཀའ་སྡུག་གླེང་བའི་དབང་གིས་ད་སྐབས་ཁོང་རྣམ་པར་པེ་ཅིན་སྲིད་གཞུང་གི་འབྲེལ་ཡོད་མི་སྣའི་ལྟ་རྟོག་ནན་མོའི་འོག་ན་གནས་ཡོད།

གང་ལྟར་བོད་གཞིས་བྱེས་གཉིས་ཀྱི་རྩོམ་པ་པོ་མང་བོ་ཞིག་གིས་བོད་མི་རིགས་ཀྱི་དཀའ་སྡུག་དང་རེ་སྙེག་མཚོན་པའི་བརྩམས་ཆོས་ཧ་ཅང་མང་བོ་སྤེལ་ནས་པེ་ཅིན་སྲིད་གཞུང་ལ་སྙན་ཞུ་རབ་དང་རིམ་པ་ཞིག་སྤེལ་མོད། པེ་ཅིན་སྲིད་གཞུང་གིས་སྔར་བཞིན་སྲིད་དབང་སྒེར་འཛིན་དང་རང་ལྟ་མཁྲེགས་འཛིན་བྱས་ཏེ། བོད་མི་རིགས་ཀྱི་རིག་གནས་རྩ་མེད་དུ་གཏོང་འདོད་པ། ཁོར་ཡུག་ཡོད་ཚད་བདག་བཟུང་བྱ་འདོད་པ། མི་སེར་སྤེལ་ཡུལ་བྱ་འདོད་པ། བཀས་བཀོད་རྒྱུད་འཛིན་བྱ་འདོད་པ་སོགས་མདོར་ན་བོད་མི་རིགས་ཀྱི་ཁེ་ཕན་ཡོད་ཚད་བདག་བཟུང་བྱ་འདོད་པའི་སྲིད་ཇུས་སྔར་ལས་ཇེ་སྡུག་ཇེ་ངན་དུ་གྱུར་བས་བོད་མི་རིགས་ཀྱི་མི་དམངས་འུ་ཐུག་ཐབས་ཟད་དུ་གྱུར་ནས་ད་གཟོད་རང་ལུས་མེ་རུ་བསྒྲོན་ནས་ཞི་རྒོལ་ཆེན་མོ་འདི་བྱ་དགོས་པའི་ཚོད་དུ་བཏང་བ་མིག་མཐོང་ལག་ཟིན་འདི་རེད། ཀློག་མཁན་གྲོགས་པོ་རྣམས་ཀྱིས་ཞིབ་ཏུ་གོང་གི་དཔེ་དེབ་འདི་དག་ཉོས་ཏེ་གཟིགས་ན་ད་གཟོད་ཤེས་ཐུབ་པས་བདག་གིས་ཞིབ་འབྲི་མ་བྱས།

༄༅། བོད་ཀྱི་དགོན་སྡེ་དང་པེ་ཅིན་སྲིད་གཞུང༌།

བོད་ཀྱི་དགོན་སྡེ་ནི་བོད་མི་རིགས་ལ་མཚོན་ན་ཆོས་སྲིད་གཉིས་ཀྱི་འབྱུང་ཁུངས་ལྟ་བུ་ཞིག་ཡིན་པས་བོད་མི་རིགས་ཀྱིས་ཆེས་དད་གུས་བྱ་ས་དེ་ཡིན་མོད། པེ་ཅིན་སྲིད་གཞུང་བོད་དུ་སླེབས་པ་ནས་ལྔ་བཅུ་ང་བརྒྱད་ནས་རིག་གསར་མཇུག་རྫོགས་པའི་བར་དུ་མི་ལོ་ཉི་ཤུ་ལྷག་ལ་བོད་ཀྱི་དགོན་པ་དྲུག་སྟོང་ལྷག་ལ་གཏོར་བཅོམ་བཏང་ནས་བླ་མ་གྲྭ་བ་འབུམ་ཕྲག་མང་བོ་བཙོན་འཇུག་དང་གནོད་འཚེ་ཚད་ལས་བརྒལ་བ་བཏང་སྟེ། བོད་ཀྱི་དགོན་སྡེ་ཚང་མ་རྩ་མེད་དུ་གཏོང་རྩིས་བྱས་པ་ནི་གོང་གི་དཔེ་དེབ་འདི་དག་ལ་ཞིབ་གཟིགས་བྱས་ན་ད་གཟོད་ཤེས་ཐུབ། རིག་གསར་མཇུག་རྫོགས་མ་ཐག་བོད་ཀྱི་དད་ལྡན་མི་དམངས་ཀྱིས་དགོན་པ་ཉིས་སྟོང་ལྷག་བསྐྱར་བཞེངས་བྱས་མོད་བཞི་སྟོང་ཙམ་ས་རུ་འཐིམས།

གང་ལྟར་པེ་ཅིན་སྲིད་གཞུང་གིས་བོད་ཀྱི་དགོན་སྡེ་ནི་བཙན་གནོན་དང་དྲག་ཤུགས་ལ་བརྟེན་ནས་རྩ་མེད་དུ་གཏོང་མི་ཐུབ་པ་ཤེས་ནས་ལོ་རབས་བརྒྱད་ཅུ་བ་ནས་བཟུང་བོད་ཁམས་སུ་ལྷ་མེད་དམར་པོའི་རང་ལུགས་ཀྱི་སློབ་གསོ་བོད་ཁམས་སུ་ཤུགས་ཆེན་གྱིས་སྤེལ་ནས་བོད་མི་རིགས་ཀྱི་དད་འདུན་རྩ་མེད་དུ་གཏོང་རྩིས་བྱས་ཀྱང་ཁོ་ཚོའི་བྱ་བ་ལེགས་འགྲུབ་མ་བྱུང་བས་དུས་རབས་ཉེར་གཅིག་པའི་མགོ་ནས་བཟུང་སྒོར་མོའི་ངར་ཤུགས་ལ་བརྟེན་ནས་བོད་ཀྱི་ཆོས་ལུགས་རིག་གནས་རྩ་མེད་དུ་གཏོང་རྒྱུའི་གཡོ་ཇུས་ལག་ལེན་བྱེད་ཀྱི་ཡོད། གང་ལྟར་བོད་མི་རེ་གཉིས་གཡོ་ཇུས་འདི་དག་གིས་བསླུ་བྲིད་བཏང་མྱོང་མོད། བོད་མི་རིགས་སྤྱི་ཡོངས་ལ་བསླུ་བྲིད་གཏོང་མ་ཐུབ་པ་མ་ཟད། བོད་རིགས་མི་དམངས་ཀྱིས་གནས་ཚུལ་འདི་དག་གི་ངན་རྩ་གསལ་བོར་ཤེས་ཡོད༌། དཔེར་ན་སྤྱི་ལོ་ཉིས་སྟོང་བརྒྱད་ལོའི་བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་ཞི་རྒོལ་ཆེན་མོར་དཔག་ནའང་ཤེས་ཐུབ།

རྒྱུ་རྐྱེན་འདིའི་དབང་གིས་ས་བྱི་ལོ་ནས་ད་ལྟའི་བར་དུ་བོད་ཀྱི་དགོན་སྡེ་ཁག་གི་ཁྲོད་ན་པེ་ཅིན་སྲིད་གཞུང་ལ་ཞི་རྒོལ་མ་བྱས་པ་ཕལ་ཆེར་མེད་པའི་ཚོད་དུ་སྣང༌། དེའི་ཁྲོད་ཀྱི་པེ་ཅིན་སྲིད་གཞུང་ལ་ཞི་རྒོལ་བྱེད་མཁན་གཙོ་ཤོས་ཀྱི་དགོན་སྡེ་དག་ནི་དབུས་གཙང་ཕྱོགས་ནས་འབྲས་སྤུངས་དགོན་པ། སེ་ར་དགོན་པ། དགའ་ལྡན་དགོན་པ། གཙང་བཀྲ་ཤིས་ལྷུན་པོ། དིང་རི་ཤེལ་དཀར་དགོན་པ་དང་བྱ་དཀར་དགོན་པ་སོགས།

ཁམས་ཕྱོགས་ཀྱི་བྲག་མགོ་དགོན་པ། དཀར་མཛེས་དགོན་པ། གསེར་རྟ་དགོན་པ། རྫ་སེར་ཤུལ་དགོན་པ། རྫ་སྟོད་རྫོགས་ཆེན་དགོན་པ། ཁམས་ནག་ཆུའི་སྲོག་ཙན་དན་དགོན་པ། ཟིལ་དཀར་དགོན་པ། ཁམས་འཛམ་ཐང་དགོན་པ། སྡེ་དགེ་དགོན་པ། ལི་ཐང་དགོན་པ། རྟའུ་ཉ་མཚོ་དགོན་པ། རྟའུ་བྲག་དཀར་གླིང་བཙུན་མའི་དགོན་པ། ཆབ་མདོའི་ཀརྨ་དགོན་པ། ལབ་དགོན་པ་སོགས་ཡོད་ལ།

ཨ་མདོའི་ཕྱོགས་ནས། རྔ་བ་ཀིརྟི་དགོན་ཆེན། རྒྱལ་རོང་ཚོ་བདུན་དགོན་པ། མ་མའི་བཙུན་དགོན། ལྷ་མོ་ཀིརྟི་དགོན་པ། སྔོ་རྒྱ་དགོན་པ། རྔ་བ་སྒོ་མང་དགོན་པ། ར་རྒྱ་དགོན་པ། བླ་བྲང་དགོན་པ། ཅོ་ནེ་དགོན་པ། གཙང་དགོན་པ། ཨ་མཆོག་མཚན་ཉིད་དགོན་པ།  འབོ་ར་དགོན་པ། ཁ་རྒྱ་སྟོད་སྨད་ཀྱི་དགོན་པ་གཉིས། རོང་བོ་དགོན་པ། སོ་ནག་དགོན་པ། རྡོ་རྗེ་རྫོང་དགོན་པ། ལ་མོ་བདེ་ཆེན་དགོན་པ། འབའ་ཤིང་ཁྲི་དགོན་པ། ཀླུ་ཚང་དགོན་པ།ལྡེ་ཚ་དགོན་པ། བོང་སྟག་དགོན་པ། དུང་སྐྱབས་དགོན་པ།  བྲག་དཀར་སྤྲེལ་རྫོང་དགོན་པ། མཐོ་ལས་དགོན་པ་སོགས་ཡིན་ལ།ཞིབ་ཏུ་འོད་ཟེར་མཚོའི་གངས་སེང་གི་ངར་སྐད་སོགས་ལ་གཟིགས་ན་ཤེས་ཐུབ།

གང་ལྟར་བོད་ཀྱི་དགོན་སྡེ་འདི་དག་གིས་པེ་ཅིན་སྲིད་གཞུང་ལ་ཧ་ཅང་ཞི་བས་ཁྲོམ་སྐོར་ཞི་རྒོལ་བྱས་ཀྱང་པེ་ཅིན་སྲིད་གཞུང་གིས་བླ་མ་གྲྭ་བ་ལ་ལ་དམར་གསོད་བཏང་བ་དང༌། ལ་ལ་སྲོག་ཁྲིམས་བཅད་པ། ལ་ལ་མུན་ནག་གི་བཙོན་དུ་བཅུག་པ་སོགས་ཁྱོན་བསྡོམས་ཉིས་སྟོང་བརྒྱད་ནས་ད་ལྟའི་བར་དུ་བོད་ཁམས་ཀྱི་བཙུན་པ་ལྔ་སྟོང་ལྷག་ལ་ཁྲིམས་ཆད་འདྲ་མིན་བཅད་ཡོད་པ། དཔེར་ན། ཁམས་ཉག་རོང་གི་གྲྭ་བ་བློ་བཟང་དོན་འགྲུབ་ལ་སྲོག་ཁྲིམས་བཅད། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང༌། བྱ་བྲལ་རིན་པོ་ཆེ། འབྲས་སྤུངས་དགོན་པའི་དགེ་བཤེས་དཀོན་མཆོག་ཉི་མ། དགེ་བསྐོས་བཅས་ལ་ཚེ་བཙོན་གྱི་ཁྲིམས་ཆད་ཧ་ཅང་ལྕི་མོ་བཅད་པ་ལྟ་བུ་དང༌། ཡང༌། དིང་རི་རྫོང་བྱ་དཀར་དགོན་པའི་བླ་གྲྭ་རྣམས་ལ་གོང་ས་མཆོག་ལ་མཚན་དམོད་མ་བྱས་པར་རྐྱེན་བྱས་ཏེ། མཁྱེན་རབ་ལ་ལོ་བཅུ་གཉིས་ཀྱི་ཁྲིམས་ཆད་བཅད་པ་ལྟ་བུ་དང༌། ཁམས་བྲག་མགོའི་དགོན་གྲོང་གཉིས་ཀྱིས་ལྕགས་ཡོས་ལོའི་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པར་མྱ་ངན་མཚོན་ཆེད་ཆུ་འབྲུག་ལོའི་ལོ་སར་མ་བྱས་པར་རྐྱེན་བྱས་ཏེ། སྤྲུལ་སྐུ་བློ་བཟང་བསྟན་འཛིན་ལ་ལོ་བདུན་དང༌། དགེ་བཤེས་ཚེ་དབང་རྣམ་རྒྱལ་ལ་ལོ་ལྔ། བསྟན་འཛིན་དཔལ་བཟང་དང་དགྲ་ལྷ་ལ་ལོ་དྲུག་གི་ཁྲིམས་ཆད་བཅད་པ་ལྟ་བུ། བླ་བྲང་དགོན་པའི་དུས་འཁོར་ཐབས་མཁས་ལ་ལོ་བཅུ་བཞི་དང་ཚུལ་ཁྲིམས་ལ་ཚེ་བཙོན་གྱི་ཁྲིམས་ཆད་བཅད་པ་ལྟ་བུ། ཤིང་བཟའ་རིན་པོ་ཆེ་ཚང་གི་ཕྱག་མཛོད་བློ་བཟང་དར་རྒྱས་ལ་ཟི་ལིང་གི་ཁྲིམས་ཁང་གང་རུང་ཞིག་གི་ཉེན་རྟོག་པས་གཅར་རྡུང་ཚད་ལས་བརྒལ་བ་བྱས་ཏེ་དམར་གསོད་བཏང་ཡང་ད་དུང་སྲིད་གཞུང་གིས་ལག་དམར་དེ་གསལ་འདོན་བྱས་མེད།

བླ་བྲང་དགོན་པའི་གྲྭ་བ་མགོ་ལོག་འཇིགས་མེད་དང་ཀླུ་ཤོད་བསྟན་འཛིན་རྒྱ་མཚོ་གཉིས་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ནས་ལོ་གཅིག་ལྷག་འདས་མོད་ད་དུང་གནས་ཚུལ་གསལ་ཆ་མེད་པ།

མདོར་ན་བོད་ཁམས་ཡོངས་སུ་ཉིས་སྟོང་བརྒྱད་ནས་ད་ལྟའི་བར་དུ་གྲྭ་བ་ལྔ་་སྟོང་ལྷག་ལ་པེ་ཅིན་སྲིདགཞུང་གིས་ཁྲིམས་ཆད་བཙོན་འཇུག་བྱས་མྱོང་བས་དེ་དག་ཚང་མ་བདག་གིས་འདིར་བགྲངས་དཀའ་བས་དགོངས་འགལ་མེད་པར་ཞུ།

ད་དུང་ཕྱོགས་གཞན་ཞིག་ནས་བཤད་ན་པེ་ཅིན་སྲིད་གཞུང་གི་ཉེན་རྟོག་པ་དང་དམག་མི་མང་བོས་བོད་ཀྱི་བླ་མ་གྲྭ་བ་རྣམས་བཙོན་མ་བཞིན་ལྟ་རྟོག་ནན་མོའི་སྒོས་སྲུང་ནས་བསྡད་ཡོད་པས་བོད་ཀྱི་དགོན་ཆེན་ཚང་མ་བཙོན་ཁང་ལྟ་བུ་དང་དེའི་ནང་དུ་བཞུགས་པའི་བླ་མ་གྲྭ་བ་རྣམས་བཙོན་མ་ལྟ་བུར་གྱུར་ཡོད།

བོད་ཀྱི་གྲྭ་བ་རྣམས་ལ་མཚོན་ན་མདོ་དབུས་ཁམས་གསུམ་གྱི་དགོན་ཆེན་ཁག་ལ་ཕེབས་ཏེ་སློབ་གཉེར་གནང་འདོད་ཡོད་པ་རེད། ཡིན་ནའང་པེ་ཅིན་སྲིད་གཞུང་གིས་ཉིས་སྟོང་བརྒྱད་ནས་བཟུང་བརྟན་ལྷིང་ལ་ཁ་གཡར་ནས། བོད་ཀྱི་གྲྭ་ས་སེ་འབྲས་དགེ་གསུམ་དང༌། རྔ་ཡུལ་ཀིརྟི་དགོན་ཆེན། གསེར་རྟ་ལྔ་རིག་སློབ་གླིང་སོགས་བོད་ཀྱི་གྲྭ་ས་ཁག་གི་སློབ་གཉེར་བ་ཁྲི་ཕྲག་མང་བོ་རང་གི་སྐྱེས་ཡུལ་ལ་བཙན་ཁྲིད་མཐར་བསྐྲད་བྱས་ཏེ་མདོ་དབུས་ཁམས་གསུམ་གྱི་གྲྭ་བཙུན་སློབ་གཉེར་བ་རྣམ་པའི་བྱ་བཞག་རླབས་ཆེན་ལ་གཏོར་བརླག་ཚབས་ཆེན་བྱས་པ་མ་ཟད། གྲྭ་ས་ཁག་གི་འཆད་ཉན་འཕེལ་རྒྱས་ལ་ ཡང་བར་ཆད་ཚད་ལས་བརྒལ་བ་བཏང་ཡོད། འདི་ནི་པེ་ཅིན་སྲིད་གཞུང་གིས་བོད་མི་ས་ཡ་དྲུག་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་རིག་གནས་འཕེལ་རྒྱས་བཅས་ལ་རྡོག་བརྫུས་བཏང་བ་དང་ལྷན་དུ་བོད་ཁམས་ཀྱི་གྲྭ་བ་འབུམ་ཕྲག་མང་བོའི་སེམས་སུ་སྙིང་ཁར་གྲི་ཡིས་བསྣུན་པ་ལྟ་བུའི་ན་ཟུག་ཆེན་པོ་ཞིག་ཏུ་གྱུར་ཡོད།

མདོར་བསྡུས་ཏེ་བཤད་ན་པེ་ཅིན་སྲིད་གཞུང་གིས་ལྔ་བཅུ་ང་བརྒྱད་སྐབས་སུ་བོད་ཁམས་ཀྱི་དགོན་སྡེ་དྲུག་སྟོང་ལྷག་གཏོར་བཅོམ་བྱས་ཏེ། ནང་གི་སྐུ་གསུང་ཐུགས་རྟེན་གྱི་གཙོས་རྒྱུ་ནོར་རྩ་ཆེན་ཡོད་ཚད་བཙན་འཕྲོག་བྱས། བླ་མ་དགེ་བའི་བཤེས་གཉེན་ཚང་མ་བགྲོངས་འདོད་པ་ཐམས་ཅད་བགྲོངས། འཛིན་འདོད་པ་ཐམས་བཟུང་བ། དཔེར་ན། ནགས་ཚང་ནུས་བློའི་ནགས་ཚང་ཞི་ལུའི་སྐྱིད་སྡུག་དང༌། བྱ་མདོ་རིན་བཟང་གི་ངའི་ཕ་ཡུལ་དང་ཞི་བའི་བཅིངས་གྲོལ་དང༌། ངའི་ཕ་ཡུལ་དང་གཟབ་ཉན་སོགས་སུ་གསལ་བོར་གསུངས་ཡོད།

དེའི་རྗེས་ང་བརྒྱད་སྐབས་སུ་བོད་ཀྱི་རིགས་ཞེན་དཔའ་བོ་དཔའ་མོ་རྣམས་ཀྱིས་གསང་སྦས་བྱས་ཏེ་ཅུང་ཙམ་ཤུལ་དུ་ལུས་པའི་བོད་ཀྱི་རིག་གནས་དཔེ་དེབ་དང་ལྷ་སྐུ་རྟེན་གསུམ་ཚང་མ་རིག་གསར་ཞེས་གཡོན་ལྷུང་སྲིད་ཇུས་སྐབས་སུ་རྡུང་སྲེག་བཅོམ་གསུམ་བྱས་ཏེ། རྩ་མེད་དུ་བཟོས་ཀྱང༌། དུས་སྐབས་དེར་པེ་ཅིན་སྲིད་གཞུང་གིས་བོད་མི་རིགས་ཀྱི་ཕྱིའི་རིག་གནས་ལ་གཏོར་བཅོམ་བྱས་པ་ལས་ནང་གི་རིག་གནས་ལ་གཏོར་བཅོམ་བྱེད་མ་ཐུབ་པས་ཁོ་ཚོས་ལོ་རབས་བརྒྱད་ཅུ་བའི་སྐབས་ནས་བཟུང་ངན་ཇུས་གསར་བ་འཐེན་ནས་བོད་མི་རིགས་ཀྱི་ནང་གི་རིག་གནས་ལ་གཏོར་བཅོམ་བྱེད་མགོ་བརྩམས་ཏེ། སློབ་གྲྭ་ཁག་གི་བསླབ་དེབ་སྣ་ཚོགས་དང༌། དེ་མིན་སྤྱི་ཚོགས་སྟེང་དུ། ད་དུང་དགོན་སྡེ་ཁྲོད་དུའང་གཡོ་ཇུས་གང་མང་འཐེན་ནས་བོད་ཀྱི་རིག་གནས་རྗེས་ལུས་ཀྱི་རིག་གནས་ཡིན་ཚུལ་དང༌། བོད་ཀྱི་ཆོས་ལུགས་རྨོངས་དད་ཀྱི་རིག་གནས་ཡིན་ཚུལ། བཀས་བཀོད་རྒྱུད་འཛིན་གྱི་རིག་གནས་ཡིན་ཚུལ། བྲན་གཡོག་ལམ་ལུགས་ཀྱི་རིག་གནས་ཡིན་ཚུལ་སོགས་བོད་ཀྱི་རིག་གནས་ལ་དམའ་འབེབ་གང་མང་བྱས་པ་དང༌། བོད་ཀྱི་སྐད་ཡིག་ལ་བཀོལ་སྤྱོད་རིན་ཐང་མེད་པའི་སློབ་གསོ་དང་གཏམ་གླེང་ཤུགས་ཆེན་གྱིས་བསྒྲགས་ཏེ། ཕྱོགས་གཅིག་ནས་བོད་ཀྱི་དགོན་སྡེ་ཁག་རྩ་མེད་དུ་གཏོང་བའི་ངན་ཇུས་འཐེན་པ་དང༌། ཕྱོགས་གཞན་ཞིག་ནས་བོད་ཀྱི་དགོན་སྡེ་ཁག་གཙོ་བྱས་ཏེ། ཆོས་དང་རིག་གནས། སྐད་ཡིག་སོགས་མེད་པར་བཏང་ན་ད་གཟོད་བོད་མི་རིགས་ཀྱི་སེམས་ཀྱི་རིག་གནས་དེ་མེད་པར་གཏོང་ཐུབ་པ་དང༌། དེ་ལ་བརྟེན་ནས་བོད་མི་རིགས་རྩ་མེད་དུ་གཏོང་བའི་ངན་ཇུས་འཐེན་པས་བོད་རིགས་གསར་སྐྱེས་འགའ་རེ་སློབ་གསོ་དེའི་གཡོ་འོག་ཏུའང་ཚུད། རྒྱུ་མཚན་འདིའི་དབང་གིས་ཀུན་གཟིགས་བཅུ་བ་མཆོག་གིས། ཁ་ནས་མེད་པར་གཏོང་ཟེར་གྱི་མེད་ཀྱང་སེམས་ནས་མེད་པར་གཏོང་བསམ་པ་རེད་ཅེས་བོད་མི་དམངས་ལ་བསླབ་བྱ་ནན་མོ་གནང་བ་སོགས་ལ་བརྟེན་ནས་དུས་རབས་གསར་བའི་དུས་མགོ་ནས་བཟུང་བོད་ཀྱི་ཤེས་ལྡན་མི་སྣའི་བསམ་བློའི་གོ་རྟོགས་སད་དེ། ངན་ཇུས་ཀྱི་སློབ་གསོ་དེ་པེ་ཅིན་སྲིད་གཞུང་གིས་བོད་མི་རིགས་ཀྱི་ཚེ་སྲོག་བཅོམ་འདོད་ཀྱི་ངན་ཇུས་ཀྱི་གཡོ་ཐབས་ཤིག་ཡིན་པ་གསལ་བོར་རྟོགས་ཏེ། ད་གཟོད་བོད་མི་རིགས་ཀྱིས་སྔར་ལས་ལྷག་པའི་སེམས་ཤུགས་ཆེ་རུ་བསྐྱེད་དེ་མདོ་དབུས་ཁམས་གསུམ་ནས་སྐྱ་སེར་རིས་མེད༌། རྒན་གཞོན་རིས་མེད་ཀྱིས་པེ་ཅིན་སྲིད་གཞུང་ལ་ཞི་རྒོལ་བྱེད་མགོ་བརྩམས་པ་དང༌། ལྷག་པར་དུ་ད་ལྟའི་བར་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་བརྒྱད་ཅུ་ལྷག་གིས་རང་ལུས་མེ་རུ་བསྒྲོན་ནས་པེ་ཅིན་སྲིད་གཞུང་ལ་ཞི་རྒོལ་མཛད་དགོས་པའི་རྒྱུ་རྐྱེན་གྱི་གནད་རྩའང་འདི་ལ་ཐུག་ཡོད་དོ།

༄༅། བོད་ཀྱི་སློབ་གསོ་དང་པེ་ཅིན་སྲིད་གཞུང༌།

༡པེ་ཅིན་སྲིད་གཞུང་གིས་དུས་རྒྱུན་བོད་ཀྱི་སློབ་གསོ་གོང་འཕེལ་དུ་གཏོང་དགོས་ཞེས་ཁ་ནས་བཤད་ཀྱི་ཡོད་ཀྱང༌། དོན་ཀྱིས་བོད་ཀྱི་སློབ་གསོར་གོང་འཕེལ་ལ་ནུས་ཤུགས་ཅི་ཡང་འདོན་གྱི་མེད་པ་ནི། བོད་མི་རིགས་པེ་ཅིན་སྲིད་གཞུང་འོག་ཏུ་སོང་ནས་མི་ལོ་དྲུག་ཅུ་ལྷག་འདས་མོད། བོད་མི་ཚན་རིག་ལག་རྩལ་པ་རྩེར་སོན་གཅིག་ཀྱང་གསོ་སྐྱོང་བྱས་མེད་པ་འདིས་བདེན་དཔང་གསལ་ཐག་ཆོད་པ་ཞིག་བྱས་ཡོད།

༢པེ་ཅིན་སྲིད་གཞུང་གིས་ཁ་ནས་བོད་ཀྱི་སློབ་གསོ་གོང་འཕེལ་ལ་བརྟེན་ནས་ཤེས་ཡོན་མཐོར་འདེགས་གཏོང་དགོས་ཞེས་བཤད་ཀྱི་ཡོད་ཀྱང༌། དོན་གྱིས་བོད་ཀྱི་སློབ་ཕྲུག་ཚོའི་ཀླད་པའི་ནང་དུ་དམར་ཕྱོགས་ལྷ་མེད་རང་ལུགས་ཀྱི་ལྟ་གྲུབ་དང་ཁོ་ཚོའི་ལོ་རྒྱུས་ལྡུག་གང་ཐུབ་བྱེད་ཀྱི་ཡོདཔ་དང༌། དེ་ནི་ཁོ་ཚོས་བོད་ཁམས་སུ་སློབ་གྲྭ་བཙུགས་པའི་དམིགས་ཡུལ་གཙོ་ཤོས་རེད།

༣པེ་ཅིན་སྲིད་གཞུང་གིས་ཁ་ནས་བོད་རིགས་བྱིས་པ་རྣམས་གསོ་སྐྱོང་བྱེད་དགོས་ཞེས་བཤད་ཀྱི་ཡོད་ཀྱང༌། དོན་གྱིས་བོད་ཀྱི་སློབ་ཕྲུག་ཚོའི་ཀླད་པའི་ནང་དུ་རྒྱ་ནག་ཆེན་པོའི་རིག་གནས་དང་བསམ་བློ། སྐད་ཡིག་དང་འདུ་ཤེས་བཅུག་ནས་བོད་ཀྱི་བུ་ཕྲུག་ཚང་མ་རྒྱ་རིགས་ཆེན་པོའི་ངོ་བོར་བསྒྱུར་ཏེ་བོད་མི་རིགས་རྩ་མེད་དུ་གཏོང་རྒྱུའི་གཡོ་ཇུས་འཐེན་ཡོད།

༤པེ་ཅིན་སྲིད་གཞུང་གིས་ཁ་ནས་བོད་ཀྱི་སློབ་གསོ་གོང་འཕེལ་ལ་བརྟེན་ནས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་དགོས་ཞེས་བཤད་ཀྱི་ཡོད་ཀྱང༌། དོན་གྱིས་བོད་མི་རིགས་ལ་འབྱོར་ཕྱུག་གི་ཐབས་ལམ་ཅི་ཡང་བཙལ་མེད་དེ། དེང་སྐབས་པེ་ཅིན་སྲིད་གཞུང་གི་མངའ་ཁོངས་ན་བཟོ་གྲྭ་ཚད་ལྡན་འབུམ་ཕྲག་མང་བོ་ཡོད་པའི་ཁྲོད་དུ་བོད་མི་རིགས་ཞིག་ལ་དབང་བའི་བཟོ་གྲྭ་ཚད་ལྡན་གཅིག་ཀྱང་མེད།

  ༥པེ་ཅིན་སྲིད་གཞུང་གིས་ཁ་ནས་བོད་ཀྱི་སློབ་གསོ་འཕེལ་རྒྱས་ལ་བརྟེན་ནས་ཁེ་ལས་འབྱོར་ཕྱུག་ལ་སྐུལ་འདེད་རྒྱབ་སྐྱོར་བྱ་དགོས་ཞེས་བཤད་ཀྱི་ཡོད་ཀྱང༌། དོན་གྱིས་བོད་ཀྱི་ཁེ་ལས་འབྱོར་ཕྱུག་ལ་རྒྱབ་སྐྱོར་གང་ཡང་བྱེད་ཀྱི་མེད་པ་ནི། དཔེར་ན། བོད་ཀྱི་སྨན་པ་ཁེ་ལས་པ་འཇིགས་མེད་ཕུན་ཚོགས་ཀྱིས་ང་གོང་རིམ་སྲིད་གཞུང་གིས་རྒྱབ་སྐྱོར་ཕྲན་བུ་ཡང་བྱས་མ་མྱོང་ཞེས་བཤད་པའི་སྟེང་ནས་ཀྱང་ཤེས་ཐུབ།

  ༦མདོར་ན་བོད་ཀྱི་རིག་གནས་ནི་གནས་ལུགས་དང་གཏན་ཚིགས་རིགས་པ། དང་ལེན་བྱེད་པའི་རིག་གནས་ཤིག་ཡིན་པས་བོད་མི་རིགས་ལ་ཁེ་ཕན་དང་དཔལ་ཡོན་བསྐྲུན་ཐུབ་པའི་རིག་གནས་ཤིག་ཡིན་ན་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱིས་དང་ལེན་བྱེད་ངེས་ཡིན་མོད། པེ་ཅིན་སྲིད་གཞུང་གིས་ད་ལྟའི་བར་དུ་བོད་མི་རིགས་ལ་ཁེ་ཕན་ཡོད་པའི་རིག་གནས་སློབ་གསོ་དངོས་ཐོག་བདེན་འཚོལ་གང་ཡང་སྤེལ་མ་མྱོང་ངོ༌། ངས་བཤད་པའི་སྐད་ཆ་འདི་དག་གི་བདེན་དཔང་ཡང་དག་ཅིག་ནི་དེང་རབས་བོད་ཀྱི་སློབ་གསོ་བ་གྲགས་ཆེན་ར་རྒྱ་འཇིགས་མེད་རྒྱ་མཚན་མཆོག་གིས་བོད་མི་རིགས་ལ་དབང་བའི་སློབ་ཆེན་ཞིག་བཙུགས་ཆོག་པའི་རེ་ཞུ་གོང་རིམ་སྲིད་གཞུང་ལ་ཐེངས་མང་ཕུལ་ཡང་པེ་ཅིན་སྲིད་གཞུང་གིས་དོ་སྣང་ཕྲན་བུ་ཙམ་ཡང་མ་བྱས་པ་འདི་ཡིན་ནོ།

༄༅། བོད་ཀྱི་ཚོང་ལས་དང་པེ་ཅིན་སྲིད་གཞུང༌།

པེ་ཅིན་སྲིད་གཞུང་གིས་དུས་རྒྱུན་བོད་མི་ས་ཡ་དྲུག་ནི་ང་ཚོས་ཞིང་བྲན་ལམ་ལུགས་ནས་བསྐྱབས་ཏེ་འབྱོར་ཕྱུག་གི་ལམ་དུ་བསྐྱལ་ཡོད་ཅེས་བཤད་ཀྱི་ཡོད་ཀྱང༌། ངས་སྐད་ཆ་འདིར་ཞིབ་འཇུག་ཕྲན་བུ་ཞིག་བྱས་ན་འདི་ནི་སྐྱག་རྫུན་ཞིག་རེད། རྒྱུ་མཚན།

༡བོད་མི་རིགས་རྒྱ་ནག་གི་མངའ་ཁོངས་སུ་མ་བསྡུས་སྔོན་དུ་བོད་རྒྱ་གཉིས་ཀྱི་ཚོང་ལས་དཔལ་འབྱོར་གཉིས་བསྡུར་ན་རྒྱ་ནག་ཅུང་ཙམ་མཐོ་བ་ལས་བར་ཁྱད་ཧ་ཅང་ཆེན་པོ་མེད་པ་ཀུན་གཟིགས་བཅུ་བས་གསུངས་ཡོད། འོན་ཀྱང་དེང་སྐབས་རྒྱ་བོད་གཉིས་ཀྱི་དཔལ་འབྱོར་གྱི་བར་ཁྱད་ཅིག་བསྡུར་ན། གནམ་ས་ལྟ་བུའི་བར་ཁྱད་ཆེན་པོ་ཞིག་བྱུང་འདུག་པ་ནི་དེང་སྐབས་རྒྱ་ནང་ན་ཚད་ལྡན་ཁེ་ལས་འབུམ་ཕྲག་མང་བོ་ཡོད་ཀྱང་བོད་རིགས་ཞིག་ལ་དབང་བའི་ཁེ་ལས་ཚད་ལྡན་གཅིག་ཀྱང་མེད་པའི་གནས་ཚུལ་འདིའི་བདེན་དབང་གསལ་ཐག་ཆོག་པ་ཞིག་བྱས་ཡོད།

  ༢གལ་ཏེ་བོད་མི་རིགས་འདི་རྒྱ་ནག་གི་མངའ་ཁོངས་སུ་སོང་མེད་པའི་དབང་དུ་བཏང་ན་ད་སྐབས་བོད་ལའང་ཆེས་མ་མཐའ་ཡང་བོད་མི་རིགས་ལ་དབང་བའི་ཁེ་ལས་ཚད་ལྡན་བཅུ་ཕྲག་འགའ་ཡོད་པ་ནི་གཟུར་ཏུ་མེད་པའི་དོན་དངོས་ཡིན།

  ༣ད་སྐབས་པེ་ཅིན་སྲིད་གཞུང་གི་མངའ་ཁོངས་སུ་དམངས་སྒོར་དུང་ཕྱུར་ཡན་ཆད་ཡོད་པའི་འབྱོར་ལྡན་པ་ཁྲི་གཅིག་དང་སྟོང་བརྒྱད་ཡོད་པའི་ཁྲོད་ན་བོད་རིགས་གཅིག་ཡོད་པ་ནི་རྡོ་རྗེ་བཀྲ་ཤིས་ཡིན་ལ་ཁོང་ལ་ད་སྐབས་པེ་ཅིན་སྲིད་གཞུང་གིས་མི་ལོ་ཉི་ཤུའི་ཁྲིམས་ཆད་བཅད་དེ་མུན་ནག་གི་བཙོན་ཁང་དུ་བཅུག་ཡོད་དོ། འདིར་གསལ་བཤད་བྱ་རྒྱུ་ཞིག་ནི་ད་སྐབས་བཙོན་ཁང་དུ་ཡོད་པའི་བོད་རིགས་འབྱོར་ལྡན་པ་རྡོ་རྗེ་བཀྲ་ཤིས་མཆོག་ཀྱང་པེ་ཅིན་སྲིད་གཞུང་གིས་སྐྱེད་སྲིང་བྱས་པ་ཞིག་མ་ཡིན་པར༌། ཐོག་མར་མདོ་ལྷོ་ནས་ལྷ་སར་སོང་སྟེ་ཟ་ཁང་གི་དཀར་ཡོལ་འཁྲུ་མཁན་བྱས། དེ་ནས་ཟ་ཁང་གི་ཇ་མ་དང་རིམ་གྱིས་ཇ་དཔོན་དང་སྦྱིན་བདག་བྱས། དེ་ནས་ཡུལ་སྐོར་ལྗོངས་རྒྱུ་བའི་སྣེ་ཤན་པ་སོགས་བྱས། དེ་ནས་གསོལ་མགྲོན་ཁང་གི་མགོ་བ་དང་སྤྱི་ཁྱབ་སོགས་བྱས་ཏེ། རང་གི་རྔུལ་ཆུ་བསགས་ནས་དམངས་སྒོར་དུང་ཕྱུར་ཅན་གྱི་སྦྱིན་བདག་ཞིག་ཏུ་གྱུར་མ་ཐག་པེ་ཅིན་སྲིད་གཞུང་གིས་ཁོང་ལ་ཉེས་མེད་ཉེས་འགལ་གྱིས་མི་ལོ་ཉི་ཤུའི་ཁྲིམས་ཆད་བཅད་པ་དང་ཁོང་གི་སྒོར་མོ་དུང་ཕྱུར་བདུན་ལྷག་ཡོད་པ་ཚང་མ་པེ་ཅིན་སྲིད་གཞུང་གིས་སྒེར་འཛིན་བྱས་པ་དང༌།

 ད་དུང་བོད་ཀྱི་ཚོང་བ་གྲགས་ཆེན་གཟིའི་རྒྱལ་བོའམ་ཀརྨ་བསམ་འགྲུབ་ལགས་ཀྱིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་རིག་གནས་སྲུང་སྐྱོབ་ཐད་ལ་འབད་པ་གང་ལེགས་གནང་བར་རྐྱེན་བྱས་ཏེ་པེ་ཅིན་སྲིད་གཞུང་གིས་ཁོང་ལ་ལོ་བཅོ་ལྔའི་ཁྲིམས་ཆད་བཅད་པ་དང༌། ཁོང་གི་སྤུན་ཟླ་གཉིས་ལའང་ཁྲིམས་ཆད་བཅད་པ་དང་ཁོང་གི་རྒྱུ་ནོར་གང་མང་པེ་ཅིན་སྲིད་གཞུང་གིས་སྒེར་འཛིན་བྱས།

མདོ་སྨད་ཁྲི་ལྷོའི་ཚོང་བ་གྲགས་ཆེན་ཤ་བོ་ལགས་ཀྱིས་ཁོང་གི་ཟ་ཁང་དུ་བོད་ཀྱི་མི་སྣ་གྲགས་ཆེན་རྣམ་པའི་སྐུ་པར་བཤམས་པར་རྐྱེན་བྱས་ཏེ་ཁོང་ལ་བཀག་གཉེར་འདྲི་གཅོད་ཀྱི་མནར་གཅོད་གང་མང་བཏང་མྱོང༌། ཁམས་ནང་ཆེན་རྫོང་གི་ཚོང་བ་དགྲ་བསྟན་ལགས་ཁྲིན་ཏུའུ་གནམ་ཐང་དུ་འཛིན་བཟུང་བྱས་པ་དང༌། ད་དུང་ཁམས་ནང་ཆེན་གྱི་ཚོང་བ་གྲགས་ཆེན་བཀྲ་ཤིས་འཛིན་བཟུང་བྱས་པས་ཁོང་གི་བཟའ་ཟླས་ས་གནས་སྲིད་གཞུང་ལ་ཞི་རྒོལ་བྱས་རྐྱེན་དེ་ཡང་འཛིན་བཟུང་བཀག་གཉེར་གྱི་མནར་གཅོད་གང་མང་གཏོང་གི་ཡོད་པ་ཐོས་མོད། ཁོང་རྣམ་པ་གསུམ་གྱི་གནས་སྟངས་གསལ་བོ་ད་དུང་གསལ་ཆ་མ་བྱུང༌།

 མདོར་ན་པེ་ཅིན་སྲིད་གཞུང་གིས་ད་ལྟའི་བར་དུ་བོད་ཀྱི་ཚོང་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཁ་ཡོད་ལག་ཡོད་གང་ཡང་བྱས་མེད་པ་མ་ཟད། ཚོང་བ་བཟང་ཤོས་ཡོངས་ཀྱི་ཚོང་ལམ་ལ་གཏོར་བརླག་གང་མང་བྱས་ཡོད་དེ། དཔེར་ན། བོད་ཁམས་ཀྱི་གྲོང་ཁྱེར་ཁག་གི་ཚོང་ལས་ཁྲོམ་ར་བཟང་ཤོས་ཚང་མ་པེ་ཅིན་སྲིད་གཞུང་གིས་རྒྱ་རིགས་ཚོང་བ་ཚོར་བསྐྱིས་དངུལ་ཧ་ཅང་མང་བོས་རྒྱབ་སྐྱོར་བྱས་ཏེ་བདག་འཛིན་བྱེད་དུ་བཅུག་ཡོད། མཐའ་ན་བོད་ཀྱི་རྒྱལ་ས་ལྷ་སའི་ཇོ་ཁང་གི་མཐའ་སྐོར་ལས་གཞན་པའི་ཁྲོམ་ར་བཟང་ཤོས་ཚང་མ་རྒྱ་རིགས་ཚོས་བདག་བཟུང་བྱས་འདུག  བོད་ཀྱི་རང་ས་རང་ཡུལ་ན་ཆགས་པའི་གྲོང་ཁྱེར་ཟི་ལིང་གི་ཁྲོམ་ར་བཟང་ཤོས་ཚང་མར་བོད་པའི་ཚོང་བ་ཞིག་མཐོང་དཀའ་བའི་གནས་སུ་ལྷུང་བ་ནི་པེ་ཅིན་སྲིད་གཞུང་གིས་བོད་ཀྱི་ཚོང་ལས་འཕེལ་རྒྱས་དང་ཚོང་བ་ཚོར་བཏང་བའི་བརྙས་བཅོས་རེད་ཅེས་བདེན་གཏམ་བཤད་ན་བཟང་ངམ། ཡང་ན་པེ་ཅིན་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་རེད་ཅེས་རྫུན་གཏམ་བཤད་དགོས་སམ། མཐའ་ན་མདོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང༌། རྔ་བ་བོད་རིགས་རང་སྐྱོང་ཁུལ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ།མགོ་ལོག་དང་མཚོ་ལྷོ། རྨ་ལྷོ་སོགས་བོད་རིགས་རང་སྐྱོང་ཁུལ་མང་བོའི་ཁྲོམ་ར་བཟང་ཤོས་ཚང་མ་ནའང་བོད་རིགས་ཚོ་ཆེས་ཉམ་ཆུང་གིས་གནས་ཡོད་པ་མ་ཟད། ལྷག་པར་དུ་དཀར་མཛེས་ཁུལ་དང་རྔ་བ་ཁུལ། མདོ་ལྷོ་ཁུལ་གྱི་གྲོང་ཁྱེར་ན་བོད་རིགས་ཚོང་བའི་ཁྲོམ་ཞིག་ཕར་ཟད། བོད་རིགས་ཚོང་བ་ཤིན་ཏུ་ཉུང་བའི་གནས་སུ་བསྐྱལ་འདུག་པ་བདག་གིས་དངོས་མྱོང་བྱས།

གང་ལྟར་མི་ལོ་དྲུག་ཅུའི་དུས་ཡུན་ཁྲོད་དུ་པེ་ཅིན་སྲིད་གཞུང་གིས་བོད་ཀྱི་ཁྱད་དུ་འཕགས་པའི་གཏེར་ཁ་མང་བོ་སྔོག་འདོན་བྱེད་པ་དང༌། ཁྲོམ་ར་བཟང་ཤོས་ཚང་མ་བདག་འཛིན་བྱེད་པ་ལས་བོད་རིགས་མི་དམངས་ཀྱི་ཁེ་ལས་དཔལ་འབྱོར་གྱི་མདུན་ལམ་ལ་རྒྱབ་སྐྱོར་གང་ཡང་བྱེད་ཀྱི་མེད་པ་གོང་གི་གནས་ཚུལ་འདི་དག་གིས་བདེན་དཔང་གསལ་ཐག་ཆོག་པ་ཞིག་བྱས་ཡོད།

༄༅། བོད་ཀྱི་གླུ་བ་དང་པེ་ཅིན་སྲིད་གཞུང༌།

དེང་སྐབས་བོད་ཀྱི་གླུ་བ་གླུ་མ་ཧ་ཅང་མང་བོར་རང་གི་མི་རིགས་ཀྱི་བདེ་སྡུག་དབྱངས་སུ་གྱེར་ཏེ། མི་རིགས་ཀྱི་ལ་རྒྱ་ལྡན་ཞིང་འོས་འགན་ཡོད་པའི་གོམས་སྲོལ་ཞིག་རྒྱ་མཚོའི་རྦ་རླབས་བཞིན་འཕྱུར་བཞིན་པར་ང་རང་དགའ་སྤྲོ་ཧ་ཅང་ཆེན་པོ་སྐྱེས་ཡོད། རྒྱུ་མཚན་ག་རེ་ཞེ་ན། མི་རིགས་སུ་ཞིག་ལ་མཚོན་ནའང་མི་རིགས་དེའི་གླུ་བ་གླུ་མ་སྐད་གྲགས་ཅན་རྣམས་ནི་མི་རིགས་དེའི་བདེ་སྡུག་དབྱངས་སུ་གྱེར་མཁན་ཞིག་ཡིན་པ་བཞིན་དུ་དེང་སྐབས་ང་ཚོ་མི་རིགས་ལ་མཚོན་ནའང་མི་རིགས་རང་གི་སྐད་གྲགས་ཆེ་བའི་གླུ་བ་གླུ་མ་རྣམས་ནི་རང་གི་མི་རིགས་ཀྱི་བདེ་སྡུག་དབྱངས་སུ་གྱེར་མཁན་ཞིག་ཏུ་གྱུར་དང་འགྱུར་བཞིན་འདུག་པ་ནི་བོད་མི་རིགས་ལ་འཕེལ་རྒྱས་དང་རེ་བ་ཡོད་པའི་རྟགས་མཚན་རྨད་དུ་བྱུང་བ་ཞིག་ཡིན་ཕྱིར་རང་གི་མི་རིགས་ཀྱི་ཤ་ཞེན་ཡོད་པའི་བོད་པ་རྣལ་མ་ཞིག་ཡིན་ན་དགའ་སྤྲོ་སྐྱེ་དགོས་པ་ཞིག་རེད།

རྒྱུ་མཚན་འདིའི་དབང་གིས་ངས་སྐབས་འདིར་པེ་ཅིན་སྲིད་གཞུང་དང་བོད་ཀྱི་གླུ་གར་བར་གྱི་དཀའ་རྙོག་གི་འབྲེལ་བ་ཞིག་བཤད་འདོད་བྱུང༌།

ང་བརྒྱད་དང་རིག་གསར་སྐབས་སུ་བོད་ཀྱི་གླུ་བ་གླུ་མ་ཚོར་པེ་ཅིན་སྲིད་གཞུང་གིས་བསླུ་བྲིད་བཏང་བ་དང་བཙན་སྐུལ་བྱས་པ་སོགས་གཡོ་ཐབས་སྣ་ཚོགས་ཀྱིས་པེ་ཅིན་གཞུང་དང་མའོ་ཙེ་ཏུང་སོགས་ལ་བསྟོད་གླུ་ལེན་དུ་བཅུག་པ་རེད།

ཡིན་ནའང་ལོ་རབས་བརྒྱད་ཅུ་བའི་མཇུག་ནས་བཟུང་བོད་ཀྱི་གླུ་མ་གྲགས་ཆེན་ཟླ་སྒྲོན་དང་གླུ་བ་གྲགས་ཆེན་ཡར་ཏུང་སོགས་ཀྱིས་རང་གི་མི་རིགས་ཀྱི་འཚོ་བའི་བདེ་སྡུག་དང་རེ་སྙེག་སོགས་མཚོན་པའི་གླུ་གཞས་དབྱངས་སུ་གྱེར་མགོ་བརྩམས་པས་བོད་ཀྱི་གླུ་གཞས་ལ་འཕེལ་འགྱུར་གསར་བ་ཞིག་བྱུང༌།

དེའི་རྗེས་དུས་རབས་གསར་བའི་མགོ་ནས་བཟུང་བོད་ཀྱི་གླུ་བ་གླུ་མ་ཚོ་སྤྱི་ཚོགས་རིག་པའི་སྟོབས་ཤུགས་ལ་བརྟེན་ནས་པེ་ཅིན་སྲིད་གཞུང་གི་བསླུ་བྲིད་ཀྱི་དྲ་རྒྱ་ལས་ཐར་ཏེ། གླུ་བ་གླུ་མ་ཕལ་ཆེར་གྱིས་རང་གི་ཕ་སྐད་གཙང་མའི་གླུ་གཞས་ལེན་མགོ་བརྩམས་པ་དང༌། ལྷག་པར་དུ་རང་གི་མི་རིགས་ཀྱི་དཀའ་སྡུག་སེམས་ཁམས་ངོ་མ་དབྱངས་སུ་གྱེར་མགོ་བརྩམས་པ་མ་ཟད། སྔར་ལས་ཀྱང་ནང་དོན་རྒྱ་ཆེ་ས་དང༌། འཚོ་བའི་གཏིང་ཟབ་ས་མཚོན་པའི་རང་གི་མི་རིགས་ཀྱི་ལོ་རྒྱུས་ཀྱི་དཀའ་ངལ་དང་འཚོ་བའི་དཀའ་ངལ། པེ་ཅིན་སྲིད་གཞུང་གིས་བོད་ཀྱི་རིག་གནས་བཙན་འཛུལ་དང་ཕ་ས་བཙན་འཛུལ་བྱེད་ཀྱི་ཡོད་པའི་དོན་ལས་བརྩམས་པའི་པེ་ཅིན་སྲིད་གཞུང་གི་གཉའ་གནོན་བཤུ་གཞོག་གི་ཆབ་སྲིད་ཀྱི་གཡོ་ཇུས་ལ་ཞི་རྒོལ་གྱི་ལ་རྒྱའི་གླུ་གཞས་གཞི་རྒྱ་ཆེ་བའི་སྒོས་དབྱངས་སུ་གྱེར་ཡང་པེ་ཅིན་སྲིད་གཞུང་གིས་ཁོང་རྣམ་པར་ཁྲིམས་ཆད་འདྲ་མིན་གྱི་མནར་གཅོད་གཏོང་བཞིན་པ་ནི་དཔེར་ན།

༡བོད་ཀྱི་གླུ་བ་གྲགས་ཆེན་བཀྲ་ཤིས་དོན་འགྲུབ་ཀྱིས་བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་དཀའ་རྙོག་མཚོན་པའི་རྨ་ཁ་མེད་པའི་གཅར་རྡུང༌། ཞེས་པའི་རྡུང་ལེན་བླངས་པར་པེ་ཅིན་སྲིད་གཞུང་གིས་ཁོང་ལ་ལོ་གཅིག་དང་ཕྱེད་ཀའི་ཁྲིམས་ཆད་བཅད་པ་དང༌།

༢བོད་ཀྱི་གླུ་བ་གྲགས་ཆེན་ཕུལ་བྱུང་གིས་བོད་མི་ས་ཡ་དྲུག་གིས་གོང་ས་མཆོག་ལ་བཟུང་བའི་དད་འདུན་རྣམ་དག་དང་སྲིད་སྐྱོང་བློ་བཟང་སེང་གེར་བཟུང་བའི་རེ་བ་མཚོན་པའི་གླུ་གཞས་བཏང་བར་ཁོང་འཛིན་བཟུང་བཀག་གཉེར་བྱས་ཏེ་ཟླ་བ་བཅུ་ལྷག་འདས་མོད་ད་དུང་ཁོང་གི་གནས་སྟངས་གསལ་བོར་ཤེས་དཀའ།

༣བོད་ཀྱི་གླུ་བ་གྲགས་ཆེན་ནམ་མཁའ་ཡིས་བཙན་པོའི་ཕོ་ཉ་བླངས་པར་རྐྱེན་བྱས་ཏེ་ཁོང་ལ་བཀག་གཉེར་འདྲི་གཅོད་ཀྱི་མནར་གཅོད་གང་མང་བཏང༌།

༤བོད་ཀྱི་གླུ་བ་གྲགས་ཆེན་ཨོ་རྒྱན་བསྟན་འཛིན་གྱིས་གོང་ས་མཆོག་དང་སྲིད་སྐྱོང་ལས་ཟུར་རྣམ་གཉིས་སོགས་ལ་བོད་མི་རིགས་ཀྱིས་བཟུང་བའི་རྣམ་དག་གི་བརྩེ་བ་མཚོན་པའི་གླུ་གཞས་ཤིག་བླངས་པར་རྐྱེན་བྱས་ཏེ་ཁོང་ལ་ལོ་གཉིས་ཀྱི་ཁྲིམས་ཆད་བཅད།

༥བོད་ཀྱི་གླུ་བ་གྲགས་ཆེན་ལོ་ལོ་ཡིས་བོད་མི་རིགས་ཀྱི་དཀའ་སྡུག་མཚོན་པའི་གླུ་གཞས་བཏང་བར་རྐྱེན་བྱས་ཏེ་ཁོང་འཛིན་བཟུང་བཀག་གཉེར་བྱས་ཏེ་ད་དུང་ཁོང་གི་གནས་སྟངས་ཤེས་དཀའ།

༦བོད་ཀྱི་གླུ་བ་གྲགས་ཆེན་ཤེར་བསྟན་གྱིས་བོད་ཀྱི་མདོ་དབུས་ཁམས་གསུམ་ཆིག་སྒྲིལ་གྱིས་ལས་དོན་ལ་འབད་བརྩོན་དང་བཙན་འཛུལ་ལ་རྒོལ་གཏམ་གཏོང་དགོས་པའི་སྐོར་ནས་གླུ་གཞས་བླངས་པར་རྐྱེན་བྱས་ཏེ་ཁོང་ལ་བཀག་གཉེར་འདྲི་གཅོད་ཀྱི་མནར་གཅོད་གང་མང་བཏང་བ་མ་ཟད། ཏང་ནང་ནས་ཕྱིར་ཕུད་པ་སོགས་བྱས།

༧བོད་ཀྱི་གླུ་བ་གྲགས་ཆེན་དགེ་བྷེ་ཡིས་ཉེ་རབས་མི་རིགས་ཀྱི་ཞི་རྒོལ་སྣ་ཚོགས་དང་དེའི་མཚོན་པའི་བོད་མིའི་སེམས་ཁམས་དང་དཀའ་སྡུག་མཚོན་པའི་གླུ་གཞས་བླངས་པར་རྐྱེན་བྱས་ཏེ་ཁོང་ལའང་འདྲི་གཅོད་བཀག་གཉེར་གྱི་མནར་གཅོད་གང་མང་བྱས་ཡོད།

༨བོད་ཀྱི་གླུ་བ་གྲགས་ཆེན་རྨ་ལུང་ལྷུན་འགྲུབ་ལགས་ཀྱིས་རང་གི་མི་རིགས་ཀྱི་དཀའ་སྡུག་མཚོན་པའི་གླུ་གཞས་བླངས་པར་རྐྱེན་བྱས་ཏེ་ཁོང་ལ་བཀག་གཉེར་འདྲི་གཅོད་ཀྱི་མནར་གཅོད་གང་མང་བཏང༌།

༩བོད་ཀྱི་གླུ་བ་དང་ལྷག་པར་དུ་སྒྱུ་རྩལ་པ་གྲགས་ཆེན་སོག་ཕྲུག་ཤེས་རབ་ལགས་ཀྱིས་བོད་མི་རིགས་ཀྱི་དཀའ་སྡུག་དང་ཕུགས་བསམ་མཚོན་པའི་གར་ཆུང་དང་ཁ་ཤགས་སོགས་འཁྲབ་པར་རྐྱེན་བྱས་ཏེ་ཁོང་འཛིན་བཟུང་བྱས་ཏེ་ཟླ་འགའ་འདས་མོད་ད་དུང་ཁོང་གི་གནས་ཚུལ་གསལ་བོར་ཤེས་རྟོགས་མ་བྱུང༌།

༡༠འདི་དང་མཚོན་པའི་བོད་ཀྱི་གླུ་བ་གྲགས་ཆེན་གངས་ཅན་པ་སྒྲོལ་མ་སྐྱབས་དང༌། ཀུན་དགའ། ཧོར་གཙང་སྨོན་ལམ། རྡོ་རེས། གངས་ལྷ་སོགས་དང༌། གླུ་མ་ཚེ་དབང་ལྷ་མོ་དང༌། རིག་འཛིན་སྒྲོལ་མ། སྒྲོན་བྷེ༌། ལྷ་སྐྱིད། དར་མཚོ་སོགས་མདོར་ན་བོད་ཀྱི་གསར་སྐྱེས་གླུ་བ་གླུ་མ་ཕལ་ཆེར་ལ་རང་གི་མི་རིགས་ཀྱི་ལ་རྒྱ་ལྡན་ཞིང༌། འོས་འགན་དང་ཕུགས་བསམ་བླ་ན་མེད་པ་ཡོད་ཕྱིར་ངས་ནམ་ཡང་ཁོང་རྣམ་པར་བསྟོད་ཚིག་གི་མཛོད་བཏགས་སྒྲོན་བཞིན་ད་དུང་ཁོང་རྣམ་པས་བོད་མི་རིགས་ཀྱི་བདེ་སྡུག་མཚོན་པའི་གླུ་གཞས་ལེན་པར་རེ་བ་དང་ཡིད་ཆེས་བྱེད་བཞིན་ཡོད།

༄༅། བོད་ཀྱི་ལོ་སར་དང་པེ་ཅིན་སྲིད་གཞུང༌།

ལོ་འཁོར་གཅིག་གི་ནང་དུ་ལོ་སར་དགའ་སྟོན་རེ་བྱེད་པའི་ལུགས་སྲོལ་འདི་ནི་འཛམ་བུ་གླིང་གི་ས་ཕྱོགས་མང་བོར་ཁྱབ་པའི་འཛམ་གླིང་སྤྱིའི་ལུགས་སྲོལ་ཞིག་ཡིན་པ་ནང་བཞིན་བོད་མི་རིགས་ལ་མཚོན་ནའང་ལོ་འཁོར་གཅིག་གི་ནང་དུ་དམིགས་གསལ་གྱི་མི་རེ་འགའ་མ་གཏོགས་ལོ་སར་དགའ་སྟོན་རེར་རོལ་གྱིན་ཡོད།

ཡིན་ནའང་ང་རང་བྱིས་པ་ཡིན་དུས་སྡེ་མི་སྤྱི་ཡོངས་ཀྱིས་ལོ་སར་དགའ་སྟོན་མ་བྱས་ལ་དེ་བཞིན་བོད་པ་ཕལ་ཆེར་གྱིས་ལོ་སར་དགའ་སྟོན་མ་བྱས་པར་མྱ་ངན་ཞིག་བྱས་པ་དེ་ནི་ཀུན་གཟིགས་བཅུ་བ་མཆོག་གི་དགོངས་པ་ཆོས་དབྱིངས་སུ་བསྡུས་པའི་ལོ་དེ་རེད། དེའི་རྗེས་སུ་ངས་མི་ལོ་བཅུ་ཕྲག་གཉིས་འདས་པའི་བར་དུ་བོད་མི་རིགས་ཡོངས་ཕར་ཟད་མཐའ་ན་སྡེ་བ་ཞིག་གིས་ལོ་སར་མ་བྱས་པར་མྱ་ངན་ཞུ་བཞིན་པ་ཞིག་མིག་གིས་མཐོང་མ་མྱོང་བ་མ་ཟད་རྣ་བས་ཐོས་མ་མྱོང༌། ཡིན་ནའང་སྤྱི་ལོ་ཉིས་སྟོང་དགུ་ལོར་བོད་ཁམས་སུ་བོད་མི་ཕལ་ཆེར་གྱིས་ས་བྱིའི་ཞི་རྒོལ་སྐབས་སུ་རང་གི་མི་རིགས་ཀྱི་བདེན་དོན་ཆེད་དུ་ཚེ་སྲོག་ཤོར་བའི་བོད་མི་ཡོངས་ཀྱི་ཆེད་དུ་ལོ་སར་དགའ་སྟོན་མ་བྱས་པར་མྱ་ངན་བྱས། ཡིན་ནའང་པེ་ཅིན་སྲིད་གཞུང་གིས་བོད་མི་ཚོར་ངེས་པར་དུ་ལོ་སར་རོལ་དགོས་པའི་བཙན་བཀའ་རབ་དང་རིམ་པ་ཞིག་བཏང་བ་མ་ཟད། བོད་རིགས་ལས་བྱེད་ཚོ། དེ་ནས་བོད་མི་ནང་རུལ་བ་སྐོར་ཅིག་ལ་ལྐོག་དངུལ་བརྫངས་ནས་བཙན་གྱིས་ལོ་སར་རོལ་དུ་བཅུག་པ་མ་ཟད། དེ་བརྙན་འཕྲིན་དུ་བསྒྱུར་ནས་གསར་ལམ་ཁག་ནས་འཁྲབ་སྟོན་བྱས་པ་མ་ཟད། འདི་ནི་ངོ་མ་དགོད་བྲོ་བའི་སྲིད་གཞུང་སྒེར་འཛིན་པ་ཞིག་གི་བྱ་སྤྱོད་མ་ཡིན་ནམ།

ད་དུང་དེ་བས་ཀྱང་བོད་རབ་གནས་ལྕགས་ཡོས་ལོར་རྔ་བ་ཀིརྟི་དགོན་ཆེན་གཙོ་བྱས་ཏེ། བོད་ཁམས་སུ་རྒྱལ་གཅེས་དཔའ་བོ་ཧ་ཅང་མང་བོས་བོད་ཀྱི་བདེན་དོན་སེལ་བའི་ཕྱིར་དུ་རང་ལུས་ཞུགས་འབུལ་བྱས་པར་རྐྱེན་བྱས་ཏེ་བོད་ཁམས་སུ་བོད་མི་སྤྱི་ཡོངས་ཀྱིས་ཆུ་འབྲུག་ལོའི་ལོ་སར་དགའ་སྟོན་ལ་མ་རོལ་བར་མྱ་ངན་བྱས།

༡ལྷག་པར་དུ་ཁམས་བྲག་མགོའི་ས་གནས་སྲིད་གཞུང་གིས་ངེས་པར་དུ་ལོ་སར་བྱེད་དགོས་པའི་བཙན་བཀའ་ཡང་ཡང་བཏང་བར་བྲག་མགོའི་བོད་མི་དམངས་ཧ་ཅང་མང་བོས་རྒྱ་སྲང་དུ་བུད་དེ་རྩམ་སྐྱ་འགམ་པ་དང་མ་ཎི་འདོན་པ་སོགས་ཀྱི་མྱ་ངན་གྱི་བྱེད་སྒོ་སྣ་ཚོགས་སྤེལ་ནས་སྲིད་གཞུང་གི་སྐྱུག་བྲོ་བའི་བྱ་སྤྱོད་དེར་མི་འདོད་པའི་རྣམ་འགྱུར་གྱི་ཞི་རྒོལ་བྱས་པར་པེ་ཅིན་སྲིད་གཞུང་གིས་ལག་ཏུ་མཚོན་ཆ་ཁབ་རྩེ་ཙམ་མེད་པ་མ་ཟད། ཧ་ཅང་ཞི་བའི་སྒོ་ནས་ཁྲོམ་སྐོར་མྱ་ངན་གནང་མཁན་གྱི་བོད་མི་ཚོའི་སྟེང་དུ་མེ་མདའི་དྲག་ཤུགས་བཀོད་དེ། ཡོན་ཏན་སོགས་མི་མང་བོ་དམར་གསོད་བཏང་བ་མ་ཟད། བླ་མ་དགེ་བཤེས་མི་སྐྱ་སོགས་བོད་མི་བརྒྱ་ཕྲག་མང་བོ་འཛིན་བཟུང་བྱས་ཏེ་ཁྲིམས་ཆད་འདྲ་མིན་གྱི་མནར་གཅོད་གང་མང་བཏང་དང་གཏོང་བཞིན་ཡོད།

༢ཁམས་གསེར་རྟ་ས་ཁུལ་གྱི་བོད་མི་མང་བོས་ཀྱང་དེ་བཞིན་ལོ་སར་ལ་མ་རོལ་བར་ས་གནས་སྲིད་གཞུང་གི་སྒོ་ཁར་ཞི་བས་ཁྲོམ་སྐོར་བྱས་པར་པེ་ཅིན་སྲིད་གཞུང་གི་ཉེན་རྟོག་པས་མེ་མདའི་དྲག་ཤུགས་ལ་བརྟེན་ནས་རྒྱལ་གཅེས་དཔའ་བོ་ཟླ་བ་གྲགས་པ་དང་འཕྲིན་ལས་ཆོས་གྲགས་གཉིས་གཙོ་བྱས་ཏེ་བོད་མི་མང་བོ་དམར་གསོད་བཏང་བ་མ་ཟད། བོད་མི་ཧ་ཅང་མང་བོ་འཛིན་བཟུང་གཅར་རྡུང་ཚད་ལས་བརྒལ་བ་བྱས་ཏེ་མནར་གཅོད་བཏང༌།

 ༣དེ་བཞིན་ཁམས་འཛམ་ཐང་ནས་བོད་མི་སྟོང་ཕྲག་མང་བོས་ལོ་སར་མ་རོལ་བ་མ་ཟད་ས་གནས་སྲིད་གཞུང་གི་སྒོ་ཁར་ཡོང་ནས་ཞི་བའི་ཁྲོམ་སྐོར་བྱས་པར་ཉེན་རྟོག་པ་དང་དམག་མིས་མེ་མདས་དྲག་ཤུགས་ལ་བརྟེན་ནས་སློབ་ཕྲུག་ཨོ་རྒྱན་སོགས་མི་འགའ་དམར་གསོད་བཏང་བ་མ་ཟད། མི་ཧ་ཅང་མང་བོ་འཛིན་བཟུང་གཅར་རྡུང་གི་བཙོན་འཇུག་གི་ཁྲིམས་ཆད་འདྲ་མིན་ཚད་ལས་བརྒལ་བ་བཏང་བར་གོ་ཐོས་བྱུང༌།

 ༤མགོ་ལོག་པདྨ་རྫོང་ནས་ཀྱང་ལོ་སར་ལ་མ་རོལ་བ་མ་ཟད་ཁྲོམ་གཞུང་དུ་མི་མང་བོས་སྲིད་གཞུང་ལ་ཞི་རྒོལ་མཛད་པར་ས་གནས་སྲིད་གཞུང་གིས་བོད་མི་སུམ་བརྒྱ་ལྷག་འཛིན་བྱས་ཀྱང་ཁོང་རྣམ་པའི་གནས་སྟངས་གསལ་བོ་གོ་ཐོས་མ་བྱུང༌།

 ༥ཀན་ལྷོའམ་མདོ་ལྷོའི་ཉེན་རྟོག་པ་ཁྱི་ཡི་རྔ་མ་ཅན་ཚོས་ས་གནས་སྲིད་གཞུང་དང་ཁྱི་སྤྱང་ངན་འབྲེལ་བྱས་ཏེ། མི་དམངས་ལ་ལོ་སར་བཏང་ན་དམངས་སྒོར་བདུན་བརྒྱ་རེ་སྟེར་ཞེས་ལྐོག་དངུལ་བརྫངས་ཀྱང་ནང་རུལ་བ་རེ་གཉིས་ཤིག་མ་གཏོགས་བོད་མི་ཕལ་ཆེར་གྱིས་ལྐོག་དངུལ་དེ་མ་བླངས་པར་ཀུན་གྱིས་གླེང་གི་འདུག

༦གང་ལྟར་མདོར་ན་རེབ་གོང་སྐྱབས་མགོན་རིན་པོ་ཆེ་སོགས་བོད་ཀྱི་བླ་མ་དགེ་བའི་བཤེས་གཉེན་སོགས་བོད་མི་དམངས་ཕལ་ཆེར་གྱིས་ལོ་སར་ལ་མ་རོལ་བར་བོད་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་དང་གདུང་སེམས་མཉམ་སྐྱེད་བྱས་པ་མ་ཟད། པེ་ཅིན་སྲིད་གཞུང་གི་གཡོ་ཇུས་སྣ་ཚོགས་ལ་ཞི་རྒོལ་མཛད་པ་རེད། ཡིན་ནའང་པེ་ཅིན་སྲིད་གཞུང་གིས་ལས་ཁུངས་ཁག་གི་བོད་རིགས་ལས་བྱེད་ཚོ་གཙོ་བྱས་ཏེ་བོད་ཀྱི་རུལ་སུང་བ་སྐོར་ཅིག་ལ་ལྐོག་དངུལ་བརྫངས་ཏེ་བོད་རིགས་མི་དམངས་ཀྱིས་ལོ་སར་རོལ་གྱི་ཡོད་པའི་འཁྲབ་སྟོན་སྣ་ཚོགས་བྱས་ཏེ་གསར་ལམ་ཁག་ནས་ཐད་གཏོང་བསྐྱར་གཏོང་ལན་དགུ་བྱས་ཏེ། ཀྲུང་གོའི་མི་དམངས་དུང་ཕྱུར་མང་བོ་དང་འཛམ་གླིང་མི་དམངས་ལ་མགོ་སྐོར་གཏོང་གི་ཡོད་པ་ནི་བསམ་མ་ཐག་ཏུ་དགོད་བྲོ་བ་དང༌། བསམ་ཞིང་བསམ་ན་ངུ་བྲོ་བ་ཞིག་ཡིན་ནོ།

༄༅། དཔྱད་ཞིབ་དྲི་བ་དང་པེ་ཅིན་སྲིད་གཞུང༌།

ས་བྱིའི་ཞི་རྒོལ་ཆེན་མོ་དང་ལྕགས་ཡོས་དང་ཆུ་འབྲུག་ལོའི་ཞི་རྒོལ་མེ་ལྕེ་སོགས་ནི་དོན་དངོས་ཀྱི་སྐད་ཆ་ཞིག་བཤད་ན་བོད་མི་རིགས་ཀྱིས་དུས་རབས་ཕྱེད་ཀར་པེ་ཅིན་སྲིད་གཞུང་ལ་བཟུང་བའི་སེམས་ཀྱི་ན་ཟུག་ཕྱི་རུ་མངོན་པ་ཞིག་རེད། གནས་ལུགས་དང་དྲང་བདེན་ལ་བརྩི་བཀུར་ཞུ་མཁན་གྱི་སྐྱེ་བོ་ཞིག་ཡིན་ན་སྐད་ཆ་འདི་ད་གཟོད་ཁས་ལེན་བྱ་ངེས་ཡིན། རྒྱུ་མཚན་དེའི་ཕྱིར།

བོད་ས་བྱིའི་ཞི་རྒོལ་ཆེན་མོའི་རྗེས་ནས་བཟུང་བདག་ལ་བོད་ཁམས་ཀྱི་ས་ཕྱོགས་སྣ་ཚོགས་ནས་ལན་རེར་ཁ་པར་ཡོང་སྟེ། བོད་མི་རིགས་ཀྱི་དཀའ་སྡུག་གི་སྐོར་ནས་དྲི་བ་རེ་བཏོན་ན་ངས་དྲིས་ལན་དྲང་མོར་བཏབ་པའི་ཁྲོད་ནས་དཔེ་དེབ་འདིའི་ནང་དོན་དང་འབྲེལ་བ་ཡོད་པ་སྐོར་ཅིག་དམིགས་བསལ་གྱིས་ཡིད་ལ་དྲན་ཚོད་ཅིག་ཀློག་མཁན་གྲོགས་པོ་ཚོར་སེམས་གཏམ་ཞིག་གི་ཚུལ་དུ་ཞུས་ན།

༡ཕ་ཡུལ་ཟི་ཁྲོན་མཛོད་དགེ་ཡི་ཡིན་ཟེར་བའི་གྲྭ་བ་བློ་བཟང་གིས་ཁ་པར་གྱི་ལམ་ནས།

དྲི་བ། འགར་རྩེ་འཇིགས་མེད་ལགས། ང་ཁྱེད་ལ་འདྲི་རྒྱུའི་དྲི་བ་གཉིས་ཡོད་པའི་དང་བོ་ནི། ང་ཚོས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐད་དུ་འབད་པ་ཅི་ཙམ་བྱས་ཀྱང་ཕན་ནུས་གང་ལེགས་ཤིག་མི་ཐོན་པའི་རྒྱུ་མཚན་ཅི།

  ལན། ངས་བསམ་ན་དེ་ནི་ང་ཚོར་ཆབ་སྲིད་རང་སྐྱ་ཐུབ་པ་ཞིག་མེད་པའི་དབང་གིས་རེད། གལ་ཏེ་ང་ཚོ་ཆབ་སྲིད་རང་སྐྱ་ཐུབ་པ་ཞིག་ཡོད་ཚེ། ཆབ་སྲིད་རང་སྐྱ་ཐུབ་པ་ཞིག་གིས་སྐད་ཡིག་རང་སྐྱ་ཐུབ་པ་ཞིག་བཀོལ་སྤྱོད་བྱས་ཚེ་སྐད་ཡིག་དེ་ལ་འཕེལ་རྒྱས་མ་གཏོགས་ཉམས་རྒུད་ཅིག་གཏན་ནས་ཡོད་མི་སྲིད་པ་རེད། ཡིན་ནའང་ང་ཚོའི་ས་གནས་སྲིད་གཞུང་གིས་ང་ཚོའི་སྐད་ཡིག་རང་སྐྱ་ཐུབ་པ་ཞིག་བཀོལ་སྤྱོད་བྱེད་རྒྱུ་ཕར་ཟད། མཐའ་ན་སྐད་ཡིག་རྩ་མེད་དུ་གཏོང་བར་ངན་ཇུས་སྣ་མང་འཐེན་གྱི་ཡོད་པས་ང་ཚོས་མདུང་རྩེ་རྣོན་པོ་འདིའི་ཁ་གཏད་ནས་སྐད་ཡིག་སྲུང་སྐྱོབ་བྱེད་པར་ཧ་ཅང་དཀའ་ལས་བྱུང་བ་དེ་རེད་བསམ་ཡོང་ཞེས་ལན་བཏབ།

དྲི་བ་གཉིས་པ་རྩོམ་རིག་སྐོར་གྱི་དྲི་བ་ཞིག་ཡིན་པས་འདིར་མ་བྲིས།

  ༢ནུབ་བྱང་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་ཀུན་བཟང་མཚོ་ཡིན་ཟེར་བའི་བུད་མེད་ཅིག་གིས་ཁ་པར་གྱི་ལམ་ནས།

 དྲི་བ༌། ཨ་ཁུ་འགར་རྩེ་འཇིགས་མེད། ད་ལྟའི་བོད་མི་རིགས་ཀྱི་དཀའ་སྡུག་གི་ལོ་ཟླ་འདི་དག་གི་ཁྲོད་དུ་མི་ལ་ལས་ཁྱེད་ཚོ་བུད་མེད་ཚོར་ཆབ་སྲིད་ཀྱི་འོས་འགན་མེད་ཟེར་བས་ལྟ་ཚུལ་འདིར་ཁྱེད་ལ་བསམ་ཚུལ་ཅི་ཞིག་ཡོད།

ལན།  ངས་བསམ་ན་བོད་མི་རིགས་ཀྱི་དཀའ་སྡུག་འདི་སེལ་ན་ང་ཚོ་བོད་མི་ས་ཡ་དྲུག་གིས་ལྡོག་རྩ་གཅིག་སྒྲིལ་བྱས་ཏེ་འབད་པ་བྱས་ན་བོད་མི་རིགས་ཀྱི་དཀའ་སྡུག་སེལ་ཞིང་འོད་སྟོང་ལྡན་པའི་མདུན་ལམ་ཞིག་བསྐྲུན་ཐུབ་པ་ལས། ཕོ་མོའི་ཕྱོགས་རིས་དང༌། སྐྱ་སེར་ཕྱོགས་རིས། ཆོལ་ཁའི་ཕྱོགས་རིས། གྲུབ་མཐའི་ཕྱོགས་རིས། ལྟ་ཚུལ་ཕྱོགས་རིས། ལས་རིགས་ཕྱོགས་རིས་སོགས་མདོར་ན་ང་ཚོས་ཕྱོགས་རིས་སྣ་ཚོགས་འཐེན་འཁྱེར་བྱས་ནས་བསྡད་ན་ད་གཟོད་ང་ཚོའི་མི་རིགས་ཀྱིས་འཆི་ལམ་ཁོ་ན་སྙེག་རྒྱུ་རེད་བསམ་ཡོང།

༣ཤེས་རིག་ནོར་བུའི་སློབ་གླིང་གི་ཡིན་ཟེར་བའི་སློབ་མ་གྲྭ་བ་བསྟན་འཛིན་ཟེར་བ་ཞིག་གིས་ཁ་པར་གྱི་ལམ་ནས།

དྲི་བ། ཨ་ཁུ་འཇིགས་མེད་ལགས། ང་ཚོ་བོད་མི་རིགས་ཀྱིས་ཆིག་སྒྲིལ་ཡོངས་ཐབས་ལ་ཅི་ལྟར་འབད་བརྩོན་བྱས་ན་བཟང་ངམ།

ལན།  གཅིག  གོང་ས་མཆོག་གཙོ་བྱས་བོད་ཀྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་བསླབ་བྱའི་འོག་ཏུ་དེང་སྐབས་བོད་རིགས་ཚང་མ་ཆོས་ལུགས་དང་ཆོལ་ཁའི་ཕྱོགས་རིས་མེད་པར་ཆིག་སྒྲིལ་ལམ་མཐུན་སྒྲིལ་གྱི་ཕྱོགས་སུ་བསྐྱོད་པ་ཧ་ཅང་བཟང་བས་ང་རང་ཧ་ཅང་དགའ་སྤྲོ་སྐྱེས་ཡོད། ཡིན་ནའང་ས་ཆ་ག་གེ་མོ་ན། གོ་རྟོགས་མ་སད་པའི་མི་རེ་འགའ་དང༌། ཡང་ན་པེ་ཅིན་སྲིད་གཞུང་གི་བསླུ་བྲིད་ཐེབས་པའི་མི་རེ་འགས་ད་དུང་ང་ཚོའི་ཆིག་སྒྲིལ་ལ་གཏོར་བརླག་བྱེད་ཀྱི་ཡོད་ཀྱང་ནམ་ཞིག་ཁོ་ཚོས་ཀྱང་བསླུ་བྲིད་དེའི་ངོ་བོ་ཤེས་ཚེ་རང་གི་མི་རིགས་ཀྱི་ཆིག་སྒྲིལ་ལ་འབད་བརྩོན་བྱ་བར་ང་ཡིད་ཆེས་བརྟན་པོ་ཡོད།

  གཉིས། ང་ཚོ་བོད་པ་ཚང་མས་ཕན་ཚུན་གྱི་སྐྱིད་སྡུག་དང་སེམས་ཁམས་ངོ་མ་དེར་རྒྱུས་ལོན་བྱེད་པ་དང༌། ཕན་ཚུན་གྱི་ཆོས་ལུགས་གྲུབ་མཐའ་དང་ཡུལ་སྲོལ་གོམས་གཤིས། མི་གཤིས་ལྟ་གྲུབ་ལ་བརྩི་བཀུར་མུ་མཐུད་དུ་བྱས་ན་ཆིག་སྒྲིག་ལ་ཕན་ནུས་རྒྱ་ཆེན་ཐོན་ངེས་རེད་སེམས། ད་དུང་གསལ་བཤད་བྱ་རྒྱུ་ཞིག་ནི། བོད་ཁམས་ཆིག་སྒྲིལ་ནི་བྱ་བཞག་རླབས་ཆེན་ཞིག་ཡིན་པས་གློ་བུར་དུ་བསྐྲུན་ཐུབ་པ་ཞིག་མིན་པས་ང་ཚོས་རིམ་གྱིས་གཙང་བོའི་རྒྱུན་བཞིན་འབད་བརྩོན་བྱ་དགོས་པ་ཞིག་རེད་སེམས་སོ

༤ཕ་ཡུལ་དབུས་གཙང་ལྷོ་ཁའི་ཡིན་ཟེར་བའི་གྲྭ་བ་བསོད་ནམས་ཟེར་བ་ཞིག་གིས་ཁ་པར་གྱི་ལམ་ནས།

དྲི་བ། འགར་རྩེ་འཇིགས་མེད་ལགས། ང་ཚོས་བོད་མི་རིགས་ཀྱི་སྐྱིད་སྡུག་འདི་གཙོ་བོ་རྒྱལ་ཁབ་ཕྱི་ལ་བསྒྲགས་ན་བཟང་ངམ་ཡང་ན་ས་གནས་སྲིད་གཞུང་ལ་བཤད་ན་བྱ་བཟང་ངམ། སྐུ་ཉིད་སྟབས་བདེ་ན་ངའི་དྲི་བ་འདིར་ལན་ཞིག་གནང་བའི་རེ་བ་ཆེ།

ལན། ངས་བསམ་ན་ས་གནས་སྲིད་གཞུང་ལ་བཤད་ན་བཟང་བར་སེམས། དྲི་བ། རྒྱུ་མཚན་ག་རེ། ལན། ང་ཚོས་རང་གི་མི་རིགས་ཀྱི་དཀའ་སྡུག་ཚང་མ་ས་གནས་སྲིད་གཞུང་ལ་ཐབས་ཤེས་སྣ་ཚོགས་སྤྱད་ནས་བཤད་དེ་མཐོ་རིམ་སྲིད་གཞུང་གི་རྣ་ལམ་དུ་ཐོན་དུ་བཅུག་ན་བོད་རྒྱའི་དཀའ་རྙོག་སེལ་བར་ཕན་པ་ཆེ། རྒྱུ་མཚན། ངས་བསམ་ན་ང་ཚོ་བོད་མི་རིགས་ཀྱི་དཀའ་རྙོག་འདི་མི་ལོ་དྲུག་ཅུར་སེལ་མ་ཐུབ་པའི་རྒྱུ་མཚན་མང་བོ་ཞིག་ཡོད་ཀྱང༌། ས་བྱི་ལོའི་བར་དུ་ང་ཚོས་ས་གནས་སྲིད་གཞུང་ལ་སྐྱིད་སྡུག་ཤུགས་ཆེན་གྱིས་བཤད་མ་ཐུབ་པར་དཀའ་སྡུག་ཚང་མ་ཁོག་ཏུ་བཅུག་ནས་བསྡད་པ་དང༌། པེ་ཅིན་སྲིད་གཞུང་གིས་སྲིད་དབང་སྒེར་འཛིན་བྱས་ཏེ་ང་ཚོའི་དཀའ་སྡུག་ཤེས་ཀྱང་མ་ཤེས་ཁུལ་བྱས་ནས་བསྡད་པ་གཉིས་ནི་གནད་འགག་ཅིག་རེད་བསམ་པས་གཙོ་བོ་ས་གནས་སྲིད་གཞུང་ལ་བཤད་ན་བཟང་བསམ། ཡང་ཅིག་བཤད་ན། ང་ཚོའི་བོད་ཀྱི་དཀའ་རྙོག་ནི་གཙོ་བོ་བོད་མི་རིགས་དང་པེ་ཅིན་སྲིད་གཞུང་བར་གྱི་དཀའ་རྙོག་ཡིན་པ་ལས་ཕྱི་རྒྱལ་དང་བོད་པའི་བར་གྱི་དཀའ་རྙོག་ཞིག་མིན་པས་ས་གནས་སྲིད་གཞུང་ལ་བཤད་ན་བཟང་བསམ་བྱུང༌། གསལ་བཤད་བྱ་རྒྱུ་ཞིག་ནི་ཡང་དང་བསྐྱར་དུ་བཤད་ན་བཟང་བར་སེམས།

༦ཁམས་ནག་ཆུའི་ཡིན་ཟེར་བའི་གྲྭ་བ་ཞིག་གིས་ཁ་པར་གྱི་ལམ་ནས། ཁོས་མིང་ང་ལ་མ་བཤད།

དྲི་བ། འགར་རྩེ་འཇིགས་མེད་ལགས། སྐུ་ཉིད་ལ་ས་བྱིའི་ཞི་རྒོལ་ལ་ལྟ་ཚུལ་ག་རེ་ཡོད་དམ།

ལན། ངས་བསམ་ན་ས་བྱིའི་ཞི་རྒོལ་ནི་བོད་མི་ས་ཡ་དྲུག་གིས་མི་ལོ་དྲུག་ཅུར་མྱང་བའི་དཀའ་སྡུག་གི་ལོ་ཟླ་རིང་མོའི་ན་ཟུག་ལྕི་མོ་དེ་སེམས་ཀྱིས་མ་ཐེག་པར་ཕྱིར་བུད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།

༧བཀག་གཉེར་ཁང་དུ་རེབ་གོང་གི་ཉེན་རྟོག་པ་ཞིག་གིས་དངོས་སུ། མིང་ང་ལ་མ་བཤད།

དྲི་བ། ཁྱེད་ལ་ད་ལོའི་ལྷ་སའི་རྡུང་སྲེག་བཅོམ་གསུམ་ལ་ལྟ་ཚུལ་ཅི་ཞིག་ཡོད།

ལན། ངས་ད་ལོའི་ལྷ་སའི་ཞི་རྒོལ་ནི་རྡུང་སྲེག་བཅོམ་གསུམ་ཞིག་ཡིན་པའི་ངོས་འཛིན་གཏན་ནས་བྱེད་མི་ཐུབ། རྒྱུ་མཚན། ཞི་རྒོལ་འདིའི་ནང་དུ་བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་དཀའ་རྙོག་དང༌། དངོས་ཡོད་འཚོ་བའི་དཀའ་སྡུག་སོགས་འདྲེས་ཡོད་པ་མ་ཟད། ཉེ་ལམ་སྲིད་གཞུང་གི་གཡོ་ཇུས་འཁྲབ་སྟོན་ཡང་འདྲེས་ཡོད་པས་ངས་རེ་བ་ཡིན་ན་ཏང་སྲིད་གཉིས་ཀྱིས་གནས་ཚུལ་འདིའི་འབྱུང་རྐྱེན་ངོ་མ་ལ་རྟོག་ཞིབ་བཟང་བོ་ཞིག་བྱ་རྒྱུ་དེ་ཡིན།

༨རྨ་ལྷོ་ཁུལ་གྱི་ཁྲིམས་ཁང་གི་མཐོ་རིམ་ཉེན་དཔོན་ཞིག་གིས་ཁྲིམས་ཁང་དུ། མིང་ང་ལ་མ་བཤད།

དྲི་བ་དང་བོ། ཁྱེད་ལ་ཏང་དང་སྲིད་གཞུང་ལ་བཤད་རྒྱུའི་རེ་བ་ཅི་ཞིག་ཡོད།

ལན། ངའི་རེ་བ་དང་བོ་ནི་ཏང་སྲིད་མཐོ་རིམ་མགོ་ཁྲིད་རྣམས་ཀྱིས་གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བྱས་ཏེ་བོད་རྒྱའི་དཀའ་རྙོག་སེལ་རྒྱུ་དེ་ཡིན་ཞེས་བཤད།

དྲི་བ་གཉིས་པ། ཡང་ཉེན་དཔོན་གྱིས་དེ་ང་ལ་བཤད་མ་བཤད་མེད། དེ་ལས་གཞན་པའི་རེ་བ་མདོར་བསྡུས་ཤིག་བཤད་རྒྱུ་ཡོད་དམ་ཟེར།

ལན། བོད་ཀྱི་རང་སྐྱོང་ས་གནས་ཁག་ཏུ་རང་གི་སྐད་ཡིག་བཀོལ་སྤྱོད་གཙོ་བོར་བྱ་རྒྱུ་དང༌། རང་སའི་ལས་གནས་སྣ་ཚོགས་རང་གི་མི་རིགས་ཀྱི་ལས་བྱེད་པར་དབང་རྒྱུ། བོད་ཀྱི་སློབ་ཕྲུག་ཚོར་བོད་ཀྱི་སྐད་ཡིག་དང་རིག་གནས་ཀྱི་ལམ་ནས་རྒྱུགས་བླངས་ཏེ་ལས་བསྒོས་བྱ་རྒྱུ། མདོར་ན་སྐད་ཡིག་འདྲ་མཉམ་དང༌། མི་རིགས་དྲ་མཉམ་ཡོང་རྒྱུ་ནི་གོང་གི་དེ་ལས་གཞན་པའི་ངའི་རེ་བ་གཙོ་བོ་ཡིན་ཞེས་བཤད།

༩མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མ་རིན་ཆེན་ཟེར་བ་ཞིག་གིས་ཁ་པར་ལམ་ནས།

དྲི་བ། འགར་རྩེ་འཇིགས་མེད། ཁྱེད་ལ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་རེ་བ་གང་ཞིག་ཡོད་དམ།

ལན། ང་ལ་རེ་བ་ཅི་ཡང་མེད། རྒྱུ་མཚན་སྲིད་དབང་ཡོད་ཚད་པེ་ཅིན་སྲིད་གཞུང་གིས་བཟུང་ཡོད་ཕྱིར། དེ་ནི་བཀས་བཀོད་རྒྱུད་འཛིན་གྱི་འཁྲབ་སྟོན་ཞིག་ཡིན་པས་རེ་བ་གང་ཡང་མེད།

༡༠ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་མ་ཡིན་ཟེར་བ་ཞིག་གིས་ཁ་པར་གྱི་ལམ་ནས། མིང་ང་ལ་མ་བཤད།

དྲི་བ་དང་བོ། འགར་རྩེ་འཇིགས་མེད་ཁྱེད་ལ་ཞོགས་དུང་གི་གནམ་ས་གོ་འབྱེད་དང་ཐེའུ་རང་གི་ཁྲག་ཡིག་གཉིས་ལ་ལྟ་ཚུལ་ཅི་ཞིག་ཡོད།

ལན། ངས་དཔེ་དེབ་རིན་ཐང་ཅན་འདི་གཉིས་ལ་བལྟས་མྱོང་བ་མ་ཟད། ཁོང་རྣམ་པ་གཉིས་ཀྱི་སྙིང་སྟོབས་དང་ཤེས་ཚད་ལ་ཡི་རང་བྱེད་ཀྱི་ཡོད།

དྲི་བ་གཉིས་པ། བོད་མི་རིགས་ཀྱི་གནད་དོན་འདི་ལྷ་ཆོས་རིག་པས་འགྲུབ་བམ་མི་ཆོས་རིག་པས་འགྲུབ་བམ་ལན་མདོར་བསྡུས་ཤིག་གནང་རོགས།

ལན། ཁྱེད་ཀྱི་དྲི་བ་འདི་ནི་ཧ་ཅང་དཀའ་གནད་ཅིག་ཡིན་པས་ངས་ལན་འདེབས་དཀའ་ནའང་ཁྱེད་ཀྱི་རེ་བ་བཞིན་རང་གི་སེམས་ཚོར་ཅིག་བཤད་ན། ང་ཚོ་བོད་མི་རིགས་ལ་མཚོན་ན་མིག་སྔར་ཆེས་མཁོ་བ་ནི་ལྷ་ཆོས་རིག་པ་རེད། རྒྱུ་མཚན། གལ་ཏེ་མིག་སྔར་ལྷ་ཆོས་རིག་པས་མི་རིགས་འདིའི་ཚེ་སྲོག་བཟུང་ཡོད་ཕྱིར་གལ་ཏེ་ལྷ་ཆོས་རིག་པ་འདི་མེད་པར་བཏང་ན་མི་རིགས་འདི་འཆི་ངེས་རེད། ཡིན་ནའང་ནམ་ཞིག་བོད་མི་རིགས་ལ་རང་དབང་རང་སྐྱོང་གི་དུས་ཞིག་ཐོབ་སྲིད་ན་དེ་དུས་བོད་མི་རིགས་ཀྱི་ཆབ་སྲིད་གཙོ་བོ་མི་ཆོས་རིག་པས་བསྐྱངས་ན་ལེགས་པར་སེམས། ཡིན་ནའང་འགྲོ་བ་མི་ཞིག་དང༌། ཡང་ན་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གང་ཡིན་ཡང་ལྷ་ཆོས་རིག་པ་དང་མི་ཆོས་རིག་པ་གཉིས་ཀ་མི་ཞིག་གི་མིག་གཉིས་ནང་བཞིན་གཏན་ནས་མེད་ཐབས་བྲལ་བ་ཞིག་རེད་ཅེས་ངས་རྒྱུན་ཏུ་སེམས་ཀྱི་ཡོད་པ་མ་ཟད། ལྟ་ཚུལ་འདི་ནི་ངའི་མི་ཚེའི་ཕུགས་བསམ་གྱི་གཞི་འཛིན་ས་ཞིག་ཀྱང་ཡིན།

༡༡ཕ་ཡུལ་རྨ་ཆུའི་ཡིན་ཟེར་བའི་དགེ་རྒན་ཞིག་གིས་ཁ་པར་གྱི་ལམ་ནས། མིང་ང་ལ་མ་བཤད།

དྲི་བ། འགར་རྩེ་འཇིགས་མེད། བོད་ཀྱི་སྐད་ཡིག་རང་དབང་གི་སློབ་མའི་ཞི་རྒོལ་ཆེན་མོར་ཁྱེད་ཀྱིས་རེ་བ་ཅི་ཞིག་བཟུང་ཡོད།

ལན། ངས་སློབ་ཕྲུག་ཚོའི་སྐད་ཡིག་འདྲ་མཉམ་གྱི་ཞི་རྒོལ་ཆེན་མོར་རེ་བ་ཧ་ཅང་ཆེན་པོ་བཟུང་ཡོད། རྒྱུ་མཚན་ག་རེ་ཞེ་ན། འདི་འདྲའི་སློབ་ཕྲུག་ཁྲི་སྟོང་མང་བོར་སྣེ་ཁྲིད་དང་གཅིག་བསྡུས་བྱེད་མཁན་གཅིག་ཀྱང་མེད་པར་མ་བགྲོས་གཅིག་མཐུན་གྱིས་ཞི་རྒོལ་གནང་ཐུབ་པ་འདིས་བོད་ཀྱི་སློབ་ཕྲུག་འབུམ་ཕྲག་མང་བོའི་བསམ་བློའི་གོ་རྟོགས་ཀྱི་ཚད་གཞི་ཧ་ཅང་མཐོ་རུ་ཕྱིན་ཡོད་པ་ཤེས་ཐུབ་པས་ངས་མ་འོངས་པར་བོད་ཀྱི་སློབ་ཕྲུག་འདི་དག་གིས་སྐད་ཡིག་འདྲ་མཉམ་གྱི་ཐོབ་ཐང་མ་ཟད། སྲིད་དབང་དང་རིག་གནས་འདྲ་མཉམ་གྱི་ཐོབ་ཐང་ཡང་ཁོ་ཚོའི་ཀླད་པའི་ནང་དུ་འཁོར་ཐུབ་པའི་རེ་བའང་ཧ་ཅང་ཆེན་པོ་བཟུང་ཡོད་པ་མ་ཟད། ད་དུང་ནམ་ཞིག་ཁོ་ཚོས་བོད་ཀྱི་བདེན་མཐའ་སེལ་ཐུབ་པའི་རེ་བའང་ཧ་ཅང་ཆེན་པོ་བཟུང་ཡོད།

༡༢ཕ་ཡུལ་མཚོ་ལྷོ་ནས་ཡིན་ཟེར་བའི་གྲྭ་བ་བློ་བསྟན་གྱིས་ཁ་པར་གྱི་ལམ་ནས༌།

དྲི་བ། ཨ་ཁུ་འགར་རྩེ་འཇིགས་མེད་ལགས། ད་སྐབས་ང་ཚོ་བོད་ཀྱི་གླུ་བ་གླུ་མ་རྣམས་ལ་ལ་རྒྱའི་མེ་ལྕེ་དྲག་ཏུ་འཕྱུར་བཞིན་པ་དོན་དངོས་ཤིག་ཨེ་རེད། འདིས་བོད་མི་རིགས་ལ་ཕན་པ་ཅི་ཞིག་བསྒྲུབ་ཐུབ་ཟེར།

ལན། གྲོགས་པོ་ལགས། ད་སྐབས་བོད་མི་རིགས་ཀྱི་གཞོན་སྐྱེས་གླུ་བ་གླུ་མ་རྣམས་ལ་རྒྱའི་མེ་ལྕེ་དྲག་ཏུ་འཕྱུར་བཞིན་པ་འདི་ནི་ཧ་ཅང་ཕྱི་གསལ་ནང་གསལ་གྱི་དོན་དངོས་ཤིག་ཡིན་པ་མ་ཟད། འདི་ནི་ང་ཚོ་བོད་མི་རིགས་ལ་རེ་བ་ཡོད་པའི་དགའ་འོས་པའི་བྱ་བཞག་རླབས་ཆེན་ཞིག་རེད། རྒྱུ་མཚན་མདོར་བསྡུས་ཤིག་བཤད་ན། བོད་ཀྱི་གླུ་བ་གླུ་མ་ཚོས་རང་གི་མི་རིགས་ལ་བརྩེ་ཞེན་ཟབ་མོས་ལ་རྒྱའི་གླུ་གཞས་སྣ་ཚོགས་ལེན་བཞིན་པ་འདིས་ང་ཚོས་རླབས་ཆེན་གྱི་བྱ་བཞག་ཅིག་འགྲུབ་པར་རྨང་གཞི་གང་ལེགས་འཇོག་ཐུབ་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད་ལ། བོད་རིགས་སྤུན་ཟླ་ཚང་མས་ཡིད་ཆེས་བརྟན་པོ་གནང་རོགས་ཞེས་ངས་འབོད་སྐུལ་ཞུ་རྒྱུ་ཡིན།

༡༣རྫ་སེར་ཤུལ་གྱི་ཡིན་པའི་གྲྭ་བ་ཤེས་རབ་གྲགས་པས་ཟི་ལིང་གི་ཟ་ཁང་ཞིག་ཏུ།

དྲི་བ། ལ་རྒྱའི་རྩོམ་ཡིག་དང་གཏམ་བཤད་ཀྱིས་བོད་ཀྱི་གནད་དོན་སེལ་བར་ནུས་པ་ག་འདྲ་ཞིག་ཐོན་ཐུབ།

ལན། ལ་རྒྱའི་རྩོམ་ཡིག་གཅིག་དང༌། ཡང་ན་གཏམ་བཤད་གཅིག་གིས་དེ་མ་ཐག་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་གནད་དོན་སེལ་སོང་བ་ཞིག་ངས་ད་ལྟའི་བར་དུ་འཛམ་བུ་གླིང་གི་ལོ་རྒྱུས་ཁྲོད་དུ་མཐོང་མ་བྱུང༌། ཡིན་ནའང་ལ་རྒྱའི་རྩོམ་ཡིག་དང་ལ་རྒྱའི་གཏམ་བཤད་ཀྱི་ནུས་ཤུགས་ལ་བརྟེན་ནས་མི་རིགས་ཤིག་དང་རྒྱལ་ཁབ་ཀྱི་དོན་ཆེན་གང་མང་འགྲུབ་པའི་རྨང་གཞིར་གྱུར་བ་སྐུ་ཉིད་ཀྱིས་འཛམ་གླིང་ལོ་རྒྱུས་ལ་ཞིབ་གཟིགས་གནང་ན་ཤེས་ཐུབ་པས་ངས་རྒྱས་བཤད་བྱ་མི་དགོས། གང་ལྟར་ཁྱེད་ཀྱིས་དོན་ཆེན་གང་འདྲ་ཞིག་བསྒྲུབ་འདོད་ན་དཀའ་ལས་དེ་འདྲ་ཞིག་རྒྱག་དགོས་པ་རེད་བསམ་བྱུང༌། ཞེས་བཤད།

༄༅། ངའི་མི་ཚེ་དང་པེ་ཅིན་སྲིད་གཞུང༌།

ང་རང་བོད་པ་ཞིག་ཡིན་པའི་ཆ་ནས་རང་གི་མི་རིགས་ཀྱི་ཐོབ་ཐང་རྩོལ་ལེན་ལ་རྡོག་བརྫུས་གཏན་ནས་མི་གཏོང༌། ང་རང་ཆོས་ལུགས་པ་ཞིག་ཡིན་པའི་ཆ་ནས་རང་གི་ཆོས་ལུགས་ཀྱི་དབུ་ཁྲིད་ལ་སྐུར་འདེབས་གཏན་ནས་མི་བྱེད། ང་རང་སྨྱུག་ཐོགས་པ་ཞིག་ཡིན་པའི་ཆ་ནས་དྲང་བདེན་དང་གནས་ལུགས་ཤུགས་ཀྱིས་སྒྲོག་ངེས། འདི་ནི་ངས་རང་རིགས་སྤུན་ཟླ་ཚོར་རང་སྲོག་གཏའ་མར་བཞག་ནས་དམ་བཅས་པ་ཡིན།

གཅིག ད་ལོར་དབུས་གཙང་ལྷ་ས་ནས་ཨ་མདོའི་རྔ་བའི་བར་དུ་བོད་མི་རིགས་ཀྱི་ས་གནས་གྲངས་མེད་པ་ཞིག་ཏུ་ཆབ་སྲིད་ལ་རྒོལ་གཏམ་གཏོང་བའི་གནས་ཚུལ་རབ་དང་རིམ་པ་ཞིག་བྱུང་སོང་ལ། གནས་ཚུལ་དེའི་ཁྲོད་ནས་མི་གང་མང་ཞིག་གི་རིན་ཐང་བྲལ་བའི་ཚེ་སྲོག་གམ་གཅེས་སུ་འོས་པའི་ཚེ་སྲོག་ཀྱང་གང་མང་ཤོར་སོང་བ་མ་ཟད། ཚེ་བཙོན་དང༌། ལོ་གང་མང་གི་ཁྲིམས་ཆད་ཀྱང་བཅད་སོང༌། ད་དུང་གཅར་རྡུང་དང་མནར་གཅོད་ཀྱང་ཚད་ལས་བརྒལ་བ་བྱས་ཡོད་པ་མིག་མཐོང་ལག་ཟིན་ཡིན་པ། གནས་ལུགས་དང་དྲང་བདེན་ལ་མཐོང་ཆེན་བྱེད་པའི་བོད་རིགས་སྤུན་ཟླ་དང་གཟུར་གནས་སྐྱེ་བོ་ཀུན་གྱིས་ཤེས་གསལ་ལྟར་རེད།

ཀྲུང་དབྱང་བརྙན་འཕྲིན་ཚན་ཁག་གང་མང་དུ་འགོ་ཁྲིད་ཚོས་དེ་ནི་ཏཱ་ལས་ཚོགས་ཁག་གིས་ངན་ཇུས་ཀྱི་འཆར་གཞི་ལྡན་པའི་གོ་སྒྲིག་འོག་ཏུ་མི་ཉུང་ཤོས་ཤིག་གིས་བསྒྲུབས་པ་རེད་ཅེས་ཤུགས་ཆེན་གྱིས་དྲིལ་སྒྲོག་བྱེད་བཞིན་འདུག་མོད། འཛམ་གླིང་གི་སྐྱེ་བོ་དཔག་དཀའ་བ་ཞིག་གིས། མདོར་བསྡུས་ཏེ་བཤད་ན། དེ་ནི་ལྐོག་ཟ་རུལ་སུང་གི་སྲིད་གཞུང་ཞིག་གིས་བོད་མི་རིགས་ལ་རང་དབང་གི་འཚོ་བ་མ་སྤྲད་པར་མནར་གཅོད་གཏོང་རྒྱུ་མང་དྲགས་པའི་དབང་གིས་བོད་རིགས་གང་མང་གི་སེམས་ཀྱི་ན་ཟུག་ཕྱི་རུ་མངོན་པའི་ངུ་འབོད་ཐེངས་ཤིག་རེད། ཅེས་སྨྲ་བཞིན་འདུག 

གང་ལྟར་ང་རང་བོད་མི་རིགས་ཤིག་ཡིན་པའི་ཆ་ནས་ང་ལ་རང་གི་མི་རིགས་ཀྱི་འཚོ་བ་དང་སེམས་ཁམས་ལ་ཞིབ་འཇུག་བྱ་རྒྱུའི་འོས་འགན་ཡོད་པས་འདིའི་ཐད་ནས་སྐད་ཆ་འགའ་གནས་ཚུལ་གང་ལ་ཐུག་ཀྱང་དྲང་མོར་བཤད་རྒྱུ་ཡིན།

གཉིས། ཐོག་མར་ངའི་ཕ་མ་གཉིས་ཀྱི་མི་ཚེའི་བརྒྱུད་ལམ་དང་འབྲེལ་ནས་ངའི་མི་ཚེའི་བརྒྱུད་ལམ་ཆེས་མདོར་བསྡུས་ཤིག་གླེང་རྒྱུ་ཡིན། ང་ནི་འབྲོག་ཕྲུག་ཅིག་ཡིན་ལ་ངའི་བྱིས་དུས་ཀྱི་འཚོ་བའང་ནོར་ལུག་གི་རྗེས་ནས་ནར་སོན་པ་ཞིག་ཡིན། ང་ཆུང་དུས་ཨ་མས་ཁོ་མོའི་མི་ཚེའི་དཀའ་སྡུག་ཞིག་ཐེངས་གང་མང་ལ་བཤད་མྱོང་བ་མ་ཟད། ཨ་ཕས་ཀྱང་ཁོའི་དཀའ་སྡུག་ཉུང་ཙམ་ཞིག་ལན་རེར་གླེང་མྱོང༌། ངའི་ཨ་མ་ལ་མིང་སྲིང་དགུ་ཡོད་ལ། ཁོ་མོ་དེའི་ཁྲོད་ཀྱི་དྲུག་པ་ཡིན་ཟེར། ཨ་མ་ཆུང་དུས་ནས་ཁྱིམ་ཚང་གཞན་ཞིག་ལ་བུ་སྐལ་ལ་བྱིན་པས་ཁོ་མོས་རང་གི་ཕ་མ་ངོ་མ་དེ་གཉིས་ནར་སོན་པའི་བར་དུ་ངོ་མི་ཤེས་ཟེར། ཁོ་མོ་བུ་སྐལ་དུ་བྱིན་པའི་ཕ་མ་དེ་གཉིས་ལ་མོ་གཅིག་པུ་ལས་བྱིས་པ་མེད་ལ་མོ་ཧ་ཅང་གཅེས་པའི་དབང་གིས་མོ་ཡང་རང་གི་ཕ་མ་ངོ་མ་གཉིས་ལས་ཀྱང་ཕ་གཡར་མ་གཡར་དེ་གཉིས་ལ་བརྩེ་མདངས་ཧ་ཅང་ཆེན་པོ་ཡོད་ཟེར། ཁོ་མོའི་ཕ་མ་ངོ་མ་གཉིས་དང་ཕ་གཡར་མ་གཡར་ཚང་མ་རྩྭ་ཐང་གི་འབྲོག་ཁྱིམ་དཀྱུས་མ་ཞིག་ཡིན་པས་ཁོ་མོའི་བྱིས་དུས་ཀྱི་འཚོ་བའང་རྩྭ་ཐང་གི་འབྲོག་ཕྲུག་དཀྱུས་མ་ཞིག་གི་ཁྱིམ་གཞི་ནས་ནར་སོན་པ་རེད། ཁོ་མོ་ལོ་བཅུ་གཅིག་བཅུ་གཉིས་ཡིན་དུས་རྒྱ་ཀོན་ཙོ་རྒྱ་ཀོན་ཙོ་ནི་ཡུལ་ཕྱོགས་འདིའི་འབྲོག་པ་རྣམས་ཀྱིས་སྐབས་དེའི་སྲིད་གཞུང་གི་ལས་བྱེད་པའི་མིང་གི་འབོད་སྲོལ་ཞིག་རེདཟེར་བ་ཞིག་སྡེ་བའི་འདབས་སུ་ཐོན་ཡོང་ཟེར། ཁོ་ཚོས་རས་གུར་ཕུག་ནས་འདུག་ལ། ཁོ་ཚོའི་ལག་ཏུ་ཀ་ར་བཙོང་རྒྱུ་ཡོད་ལ།ཁོ་མོས་རྒྱུན་དུ་བལ་དང་མར་ཆུར་ཁྱེར་ནས་སོང་སྟེ་ཀ་ར་ཉོས་པ་ཡིན་ཟེར། ཁོ་ཚོ་ནི་ངག་སྒོ་འཇམ་ལ་འཛུམ་ཞལ་ལྡན་པ་ཞིག་ཡིན་པས་སྡེ་མི་ཚོས་རྒྱ་ཀོན་ཙོ་རྣམས་ནི་མི་བཟང་དཔེ་མེད་པ་ཞིག་རེད་ཅེས་བསྔགས་བརྗོད་བྱེད་བཞིན་འདུག་ཟེར།

ངའི་ཨ་མ་ལོ་བཅོ་ལྔ་ཡིན་པའི་ཉིན་ཞིག་རྒྱ་ཀོན་ཙོ་འགས་ངའི་ཨ་མའི་མ་གཡར་བཟུང་ནས་བུད་སོང་ཟེར། ངའི་ཨ་མས། ཨ་མ་མ་འཁྲིད། ཨ་ཁུ་རྒྱ་ཀོན་ཙོ་ལོ་ལོ་ཞེས་ངུ་འབོད་ཀྱིས་ཞུ་བ་བྱས་ཚེ་རྒྱ་ཞིག་གིས་ཁོ་མོའི་མགོ་ལ་བོའུ་ཡི་ཕྱི་སྟེགས་ཀྱིས་ཐེངས་གཅིག་གཞུས་མ་ཐག་མོའི་དྲན་པ་འཐོར་སོང་བས་ཅི་ཡང་མི་དྲན་པར་གྱུར། ཅུང་ཙམ་འགོར་དུས་སྡེ་བའི་ཁྱིམ་མཚེས་ཀྱི་བྱིས་པ་འགས་མོ་སྐྱོར་ནས་ངུ་འབོད་བྱེད་བཞིན་འདུག་ལ། ཨ་མ་གར་སོང་ཅི་ཡང་མི་ཤེས་ཟེར། ཉིན་དེར་ཁྱིམ་མཚེས་དག་གི་བྱིས་པ་གང་མང་ཞིག་གི་ཕ་མ་གང་མང་ཞིག་ཀྱང་ལྷན་དུ་བཟུང་ནས་བུད་སོང་བས་ཁོ་ཚོའི་ལུང་བ་དེ་བྱིས་པའི་ངུ་སྐད་ཀྱིས་ཁེངས་འདུག་སོང་ཟེར། ཕྱི་དྲོར་ཨ་ཕ་ལུག་རྫི་ནས་ཐོན་དུས་ཁོ་མོ་ཨ་ཕ་ལ་འཐམ་ནས་ཨ་མ་རྒྱ་ཀོན་ཙོས་བཟུང་ནས་བུད་ཐལ་ཞེས་བཤད་དེ་ངུས། སྐབས་དེར་ཨ་ཕ་ཡང་མིག་ཆུ་བཞུར་བཞིན་ཡོད་ནའང༌། ཨ་ཕས་མོ་ལ་སེམས་གསོའི་ཚུལ་དུ། ད་མ་ངུ༌། ཉིན་འགའི་རྗེས་ནས་ཨ་མ་ཕྱིར་ཡོང་ངེས་རེད་ཟེར། ཨ་ཕའི་སྐད་ཆ་དེ་བཤད་རྗེས་མོས་ངུ་མཚམས་བཞག་པ་ཡིན་ཟེར། ཡིན་ནའང་ཉིན་དེ་ནས་བཟུང་ཨ་མ་ཕྱིར་ཡོང་ཞིག་གཏན་ནས་མེད་སོང་བ་མ་ཟད། ཉིན་འགའི་རྗེས་ནས་ཟ་མ་དང་རྒྱུ་ནོར་ཡོད་ཚད་ཀྱང་རྒྱ་ཀོན་ཙོས་གཞུང་བཞེས་བྱས་པས་ཨ་ཕ་ངེད་གཉིས་ལ་ཟ་མ་ཅི་ཡང་ལྷག་མེད། ཡིན་ནའང་ཨ་ཕས་ཟ་མ་ཉུང་ཙམ་རེ་བརྐུས་ནས་ཡོང་བ་ཡོད་ཚད་མོར་བྱིན་པའི་དབང་གིས་ཟླ་འགའི་རྗེས་ནས་ཨ་ཕ་མུ་གེའི་དབང་གིས་ཤི་སོང༌། ཁོ་མོས་རང་གི་ཨ་ཕའི་བེམ་པོ་དེ་བྲག་མགོ་ཞིག་ལ་འཇོག་ཐུབ་བྱས་རྗེས། མོ་ཡང་ངུས་ནས་དྲན་པ་འཐོར་སོང༌། ངའི་ཨ་མའི་ངའི་ཕུ་ནུ་ཚོར་གཏམ་རྒྱུད་འདི་བཤད་སྐབས་མོ་ལ་མིག་ཆུ་མི་བཞུར་བའི་ཉིན་གཅིག་ཀྱང་ཕལ་ཆེར་མེད། སྐབས་འདིའི་ཡ་ང་བའི་གཤིན་རྗེའི་ཁྲིམས་ར་ལྟ་བུའི་སྤྱི་ཚོགས་ཀྱི་མནར་གཅོད་ནི་ངའི་ཕ་མ་གཉིས་ཀྱི་ཁྱིམ་གཞི་ཁོ་ནའི་སྟེང་ཡོང་བ་ཞིག་མ་ཡིན་པར་བོད་ཁམས་ཡོངས་སུ་སླེབས་པ་ཞིག་ཡིན་པ་ཁོ་མོས་གཏན་ནས་ཤེས་མེད་པས། ཉིན་འགའི་རྗེས་སུ་མོ་རང་གི་ཕ་མ་ངོ་མ་གཉིས་ཡོད་སར་སོང་མོད། ཁྱིམ་གཞི་དེའི་མོའི་ཕ་མ་ངོ་མ་གཉིས་དང་ཕུ་བོ་བཞི་ཡོད་པ་ཚང་མ་སྔ་མོ་ནས་བཟུང་ནས་བུད་སོང་བས་མི་འདུག་ཟེར། ཤུལ་དུ་ལྷག་ཡོད་པ་ནི་མོའི་ཕུ་བོ་ཞིག་གི་ཆུང་མ་དང་ལོ་བཅུ་གཅིག་དང་དགུ་ཅན་གྱི་ནུ་བོ་གཉིས་རེད། ད་དུང་ཨ་ཅེ་ཞིག་དང་ཕུ་བོ་ཞིག་ས་ཆ་གཞན་ཞིག་ཏུ་ཡོད་པས་གནས་ཚུལ་མི་ཤེས་ཟེར། ཉིན་འགའི་རྗེས་སུ་སྡེ་བའི་རྩ་འཛུགས་མི་སྣས་ཁོ་མོ་སྒར་མཐར་ཞིང་ས་བརྐོ་རུ་མངགས་སོང་ཟེར། ལོ་རབས་དྲུག་ཅུ་བའི་མགོར་ཕུ་བོ་གཅིག་བཙོན་གྲོལ་བྱས་ཏེ་ཕྱིར་ཐོན་ཡོང་མོད། མ་གཡར་དང་ཕ་མ་གཉིས་ཕུ་བོ་གསུམ་བཅས་ལྷག་མའི་མི་དྲུག་ལ་ཕྱིར་ཡོང་གཏན་ནས་མེད་སོང༌།

ཕུ་བོས་བཤད་པ་ལྟར་ན། བཙོན་ཁང་ནང་དུ་གཅར་རྡུང་དང་མུ་གེའི་ཁྲོད་ནས་ཁོ་ཚོ་ཚང་མ་ཤི་སོང་བ་རེདཟེར། རྗེས་ནས་ཁོ་མོ་ལོ་བཅོ་བརྒྱད་ཡིན་དུས་འདིར་གནས་ལ་ཡོང་བ་ཡིན་ཟེར།

ངའི་ཨ་ཕ་ཡང་ཨ་མ་བཞིན་དུ་འབྲོག་ཁྱིམ་ཕལ་བ་ཞིག་གི་བུ་ཆེ་བ་ཡིན་ལ། མིང་སྲིང་ལྔ་ཡོད། ཁོ་ཡང་ལོ་བཅོ་ལྔ་ཡིན་དུས་ཀྱི་ཉིན་ཞིག་སྡེ་མི་ཞིག་གིས་ཁོའི་ཨ་ཕ་ཀོན་ཙོ་ཡོད་སར་ཚོགས་འདུ་ལ་ཤོག་ཅེས་བཤད་པས་ཁོའི་ཨ་ཕ་བུད་སོང་ལ་ཕྱི་དྲོར་ཨ་ཕ་འཛིན་བཟུང་བྱས་ཟིན་པའི་སྐད་ཆ་ཞིག་གོ་བྱུང་ཟེར། ཕྱི་ཉིན་ལུག་སྟོང་ལུག་དང་ནོར་ཉིས་བརྒྱ། ད་དུང་རྟ་མང་བོ་ཡོད་པ། མཐའ་ན་མགོ་ཡི་སྦྲ་དང་བཅས་པ་རྒྱ་ཀོན་ཙོས་གཞུང་བཞེས་བྱས་སོང་ཟེར། ཡིན་ནའང་ཨ་ཕའི་ཨ་མ་འཛིན་བཟུང་མ་བྱས་པར་ཞིང་ལས་བའི་གྲས་སུ་བཞག་ཟེར། ཨ་ཅེ་དང་ཁོ་གཉིས་ས་རྒོད་བརྐོ་སར་ཁྲིད་སོང་ལ། ནུ་བོ་ནུ་མོ་ཚོ་བྱིས་གཉོར་ཁང་ལ་ཁྲིད་སོང༌། སྐབས་དེར་བྱིས་གཉོར་ཁང་དུ་མུ་གེ་ཤི་བའི་ལོ་ལོན་དང་བྱིས་པའི་བེམ་པོ་ནི་དེང་སྐབས་ཀྱི་ནོར་གྱི་ལྷས་འདབས་ཀྱི་ལྕི་བ་ལས་ཀྱང་མང་བའི་སྣང་བ་སྟེར་ཟེར།

ངའི་ཕ་མ་གཉིས་ཀྱིས་ལྔ་བཅུ་ང་བརྒྱད་སྐབས་ཀྱི་དཀའ་སྡུག་ཕལ་ཆེར་འདྲ་མོད། རིག་གནས་གསར་བརྗེ་ཡི་སྐབས་སུ་ཨ་ཕར་ངེད་ཚང་ལ་ཐང་ག་ཞིག་དང་དཔེ་ཆ་ཞིག་ཡོད་པ་དེའི་ཆེད་དུ་བཙོན་འཇུག་དང་གཅར་རྡུང་དང༌། ཞྭ་གོན་འཐབ་རྩོད་སོགས་མནར་གཅོད་གང་མང་ཞིག་བཏང་མྱོང༌། ཡིན་ནའང་ཨ་མ་སྐབས་དེར་དངོས་སུ་དེ་ལྟར་མ་བྱས་ཀྱང་རང་གི་ཁྱོ་ག་བཙོན་འཇུག་བྱས་པས་སེམས་ཁུར་གྱི་སྡུག་བསྔལ་གང་མང་ཞིག་མྱོང་བཞིན་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་རེད།

ལོ་རབས་བརྒྱད་ཅུ་བའི་མགོ་ནས་བཟུང་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རང་ལུགས་སྤེལ་བས་གོང་གི་གནས་ཚུལ་འདི་འདྲའི་ཚབས་ཆེན་མ་བྱུང་ཟེར། ང་ནི་ལོ་རབས་བདུན་ཅུ་བའི་ལོ་མཇུག་གི་བྱིས་པ་ཞིག་ཡིན་པས་གོང་གི་གནས་ཚུལ་དེ་དག་དངོས་མྱོང་བྱས་མེད་ཀྱང༌།

ལོ་རབས་བརྒྱད་ཅུ་བའི་མཇུག་གི་ལོ་སར་ཐོན་ལ་ཉེ་བའི་སྐབས་ཤིག་ངའི་ཕ་མ་གཉིས་དགོང་ཟས་ཟ་སྐབས་ཤིག་ལ་གློ་བུར་དུ་ངུས་བྱུང༌།  ངས་ཨ་ཕ་ལ་ཅི་ཞིག་བྱུང་སོང་ཞེས་དྲིས་ཚེ་པཎ་ཆེན་རིན་པོ་ཆེ་སྐུ་གཤེགས་སོང་ཟེར། ལོ་དེར་ངེད་ཚང་གིས་ལོ་སར་མ་བྱས་ལ། དེ་བཞིན་དུ་སྡེ་མི་ཡོངས་ཀྱིས་ཀྱང་ལོ་སར་མ་བྱས། ད་སྐབས་རྒྱུས་ལོན་བྱས་པ་ལྟར་ན་ལོ་དེར་བོད་མི་ཕལ་ཆེར་གྱིས་ལོ་སར་མ་བྱས་པར་གླེང༌།

ཡང་ཉིན་ཞིག་ཨ་ཕས་གློ་བུར་དུ་སྒྲ་སྡུད་འཕྲུལ་ཆས་མེ་ནང་དུ་འཕངས་བྱུང༌། ཨ་མས་མྱུར་མོར་ཕྱིར་བླངས་པས་སྒྲ་སྡུད་འཕྲུལ་ཆས་ལ་གནོད་སྐྱོན་ཆེན་པོ་མི་འདུག ངས་ཨ་ཕ་ཁོང་ཁྲོ་ལངས་འདུག་པས་རྒྱུ་མཚན་འདྲི་མ་ཕོད་པར་ཨ་མར་དྲིས་ཚེ། ཨ་མས་སྐྱོ་ཉམས་ཀྱིས་སྒྲ་སྡུད་འཕྲུལ་ཆས་ནང་དུ་རྒྱལ་བ་རིན་པོ་ཆེ་ཚང་ལ་མཚན་དམོད་བྱེད་བཞུན་འདུག་ཟེར། སྐབས་དེར་ངས་སྐད་ཆ་དེའི་དོན་མ་གོ་མོད་ཉིན་དེའི་ཕ་མ་གཉིས་ཀྱི་རྣམ་འགྱུར་ནམ་ཡང་སེམས་ནས་བརྗེད་ཐབས་བྲལ་བ་ཞིག་རེད། འདི་འདྲའི་གནས་ཚུལ་དག་ནི་ངའི་ཕ་མ་གཉིས་ཁོ་ནའི་བྱ་སྤྱོད་ཅིག་མ་ཡིན་པར་བོད་ཁམས་ཡོངས་སུ་གྲངས་མེད་པ་ཞིག་ཡོད། ངའི་ཕ་མ་གཉིས་ནི་ཆོས་ལུགས་དད་ལྡན་པ་གཉིས་ཡིན་ལ། བོད་མི་སྤྱི་དང་འདྲ་བར་རྒྱལ་བ་པཎ་ཆེན་གཉིས་ལ་དད་པ་བརྟན་པོ་ཡོད་པའི་མི་གཉིས་ཀྱང་ཡིན། མ་ཎི་ཚིག་གཅིག་འདོན་ནའང་བསྔོ་སྨོན་བྱེད་སྐབས་རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་བརྟན་པར་སྨོན་ཞེས་གསོལ་བ་འདེབས་ངེས་ཡིན།

དུས་རྒྱུན་དུ་རྒྱལ་བ་རིན་པོ་ཆེ་ཚང་ལ་མཇལ་ཕྱག་ཞིག་བྱུང་རྒྱུར་ནམ་ཡང་རེ་སྒུག་བྱས་ནས་བསྡད་ཡོད་པ་རེད། དེ་བཞིན་ང་ཡང་ཁོ་གཉིས་དང་འདྲ་བར་ཆུང་དུས་ནས་རྒྱལ་བ་པཎ་ཆེན་གཉིས་ལ་དད་པ་བརྟན་པོ་ཡོད་པའི་མི་ཞིག་ཡིན།

མཚམས་འདི་ནས་བཟུང་ངས་ང་རང་གི་མི་ཚེའི་བརྒྱུད་ལམ་ཅུང་ཙམ་གླེང་རྒྱུ་ཡིན། ཕ་མ་གཉིས་ཀྱིས་ང་ལ་ལྔ་བཅུ་ང་བརྒྱད་དང་རིག་གནས་གསར་བརྗེའི་སྐབས་ཀྱི་ཁོ་གཉིས་ཀྱི་ལོ་རྒྱུས་བཤད་པ་དེའི་དབང་གིས་ངས་ཐེངས་གང་མང་ལ་ཕ་མ་གཉིས་ལ་ང་ནར་སོན་དུས་རྒྱ་ཀོན་ཙོ་གསོད་རྒྱུ་ཡིན་ཞེས་ཐེངས་གང་མང་ཞིག་ལ་བཤད་མྱོང་བ་མ་ཟད། ཁྱིམ་མཚེས་རྒན་པོ་ཞིག་ཡོད་པ་དེས་ང་ལ་ཤིང་གི་གྲི་ཞིག་ལས་པ་དེ་ས་འབུར་དང་ལྕི་རྡེའུ་ཡི་སྟེང་དུ་བཙུགས་ནས་རྒྱ་ཀོན་ཙོ་ཁྱོད་འཆོར་ས་མེད་ཅེས་ས་གཏོར་གནམ་གཏོར་བྱས་རྗེས་རང་ཉིད་ཀྱིས་རྒྱ་ཀོན་ཙོ་བསད་ཟིན་པས་སྣང་བ་ཡང་སྐྱེས་མྱོང༌། ང་སློབ་གྲྭ་སོང་དུས་ངས་རྒྱའི་སྐད་ཡིག་ལ་སློབ་སྦྱོང་གཏན་ནས་བྱས་མ་མྱོང༌། ང་སློབ་མཐར་ཕྱིན་དུས་རྒྱ་ཡིག་བཅུ་ཕྲག་ཙམ་ཀྱང་མི་ཤེས། ངས་དེ་ལྟར་བྱེད་དོན་ནི་ངས་བསླབ་གཞི་ཡོད་ཚད་ལ་སློབ་སྦྱོང་མ་བྱས་པ་གཏན་ནས་མ་ཡིན་ཏེ་ངས་རྩིས་རིག་དང་བོད་ཡིག་གི་རྒྱུགས་འབྲས་ནི་འཛིན་གྲྭ་མ་ཟད། སློབ་གྲྭ་ཡོངས་ཀྱི་ཨང་དང་བོ་ཡང་ཐེངས་འགར་བླངས་མྱོང༌། འོ་ན་རྒྱའི་སྐད་ཡིག་མི་སྦྱངས་དོན་ཅི་ཡིན་ཞེ་ན། དཔེ་དེབ་འདིའི་རྒྱབ་ཤོག་ངོས་སུ་རྒྱ་ཞེས་པའི་ཡིག་འབྲུ་འདི་ཡོད་པས་ཡིན།

ང་ལོ་བཅུ་དྲུག་ཡིན་དུས་འགར་རྩེ་དགོན་པ་ཡོང་ནས་རབ་ཏུ་བྱུང་རྗེས་ངའི་ལྟ་ཚུལ་ལའང་ཅུང་ཙམ་འགྱུར་ལྡོག་བྱུང་སོང༌། རྒྱུ་མཚན་ནི། ངའི་ཕ་མ་གཉིས་དང་མཚོན་པའི་བོད་མི་ཡོངས་ཀྱི་སྤྱི་ཚོགས་ཁྲོད་གོང་དུ་བཤད་པ་ནང་བཞིན་མནར་གཅོད་གཏོང་མཁན་ནི་རྒྱ་མི་རིགས་མ་ཡིན་པར་ལྐོག་ཟ་རུལ་སུང་གི་དཔོན་ངན་དང་མུན་ནག་གི་ཆབ་སྲིད་ཞིག་ཡིན་པ་གཞི་ནས་ཚོར་ཡོང་བ་མ་ཟད། རྒྱལ་བ་རིན་པོ་ཆེའི་རྒྱ་བོད་གཉིས་ཕན་གྱི་དབུ་མའི་ཞི་བདེའི་བསླབ་བྱ་དང༌། ནང་བསྟན་ཆོས་ལུགས་ཀྱི་སྤྱོད་པ་གཞན་ཕན་དང་ལྟ་བ་སྟོང་ཉིད་ཀྱི་རིག་གཞུང་གིས་ནམ་ཡང་ཞེ་འཁོན་དང་འཐབ་འཛིང་བྱས་ན་རང་གཞན་ཀུན་ལ་བདེ་སྐྱིད་མེད་པའི་གནས་ལུགས་དེ་ཡང་ཚོར་ཡོང་བས་ཡིན། དེ་ནས་བཟུང་ངའི་སེམས་ཀྱི་ན་ཟུག་དེ་ཡང་ཇེ་ཆུང་ཇེ་ཆུང་དུ་གྱུར། ཡིན་ནའང་མཚམས་ལན་རེར་གསར་འགྱུར་ཁག་ནས་ཏཱ་ལའི་་་་་་་་་ཞེས་གོང་ས་མཆོག་ལ་མཚན་དམོད་སྣ་ཚོགས་ཐོས་ཚེ་ནད་རྙིང་དེ་ཡང་བསྐྱར་འཕར་ལྡིང་རེ་བྱེད་སྲིད་པ་མ་ཟད། ང་ཚོ་བོད་རིགས་མི་དམངས་ལ་སྐད་ཡིག་རང་དབང་དང༌། ཚོང་ལས་རང་དབང༌།ཆོས་དད་རང་དབང༌། འགྲོ་བ་མིའི་ཐོབ་ཐང་སོགས་མི་རིགས་གཞན་དང་འདྲ་མཉམ་མིན་པའི་གནས་ཚུལ་དག་བསམ་བློའི་ནང་དུ་འཁོར་ཐེངས་རེར། ནད་རྙིང་དེ་འཕར་ལྡིང་རེ་བྱེད་སྲིད།

གསུམ། ངས་གནས་ཚུལ་འདི་དག་ལ་བསམ་གཞིག་རེ་བྱས་ཚེ་ཉིས་སྟོང་བརྒྱད་ནས་ད་ལྟའི་བར་དུ་བོད་མདོ་དབུས་ཁམས་གསུམ་གྱི་ས་ཆ་གང་མང་ཞིག་ནས་ཆབ་སྲིད་ལ་རྒོལ་ལན་སྤྲད་པ་དེ་ནི་རྒྱལ་བ་རིན་པོ་ཆེས་རྩ་འཛུགས་བྱས་པ་ཞིག་མིན་པར་བོད་མི་རྒན་དར་གཞོན་གསུམ་གྱིས་ཡུན་རིང་བོར་སེམས་སུ་བཟུང་བའི་ན་ཟུག་ཕྱི་རུ་མངོན་པའི་མཇུག་འབྲས་ཤིག་རེད་སྙམ་བྱུང༌། རྒྱུ་མཚན་ཅིའི་ཕྱིར་ཞེ་ན།

ད་སྐབས་འཛམ་གླིང་སྤྱི་དང་ཁྱད་པར་དུ་སྔོན་ཐོན་རྒྱལ་ཁབ་དག་གི་ཤེས་ཡོན་པའི་བསམ་བློའི་འཁོར་ཕྱོགས་ཤིག་ནི་རྒྱལ་ཁབ་དང་རྒྱབ་ཁབ་བར་དུ། མི་རིགས་དང་མི་རིགས་བར་དུ། མི་དང་མིའི་བར་དུ། ཐོབ་ཐང་འདྲ་མཉམ་ཡིན་དགོས་པ། སྐད་ཡིག་འདྲ་མཉམ་ཡིན་དགོས་པ། ཚོང་ལས་འདྲ་མཉམ་ཡིན་དགོས་པ། ཆབ་སྲིད་འདྲ་མཉམ་ཡིན་དགོས་པའི་ལྟ་ཚུལ་ཁྱབ་བཞིན་ཡོད་པ་མིག་མཐོང་ལག་ཟིན་རེད། དེ་བཞིན་དུ་ང་ཚོའི་བོད་མི་རིགས་ཀྱི་ན་གཞོན་ཤེས་ཡོན་པ་དག་གི་ཀླད་པའི་ནང་དུའང་འདྲ་མཉམ་རང་ལུགས་འདི་རྩོལ་ལེན་བྱེད་རྒྱུ་འཁོར་བཞིན་ཡོད་པ་དང་ཡོད་ངེས་ཡིན་པ་ད་ལོའི་ཁྲོམ་སྐོར་ཁྲོད་དུ་ཞུགས་མཁན་མང་ཆེ་བ་ན་གཞོན་ཡིན་པ་འདིར་དཔག་ནའང་ཤེས་ཐུབ།

༢ལོ་རབས་བདུན་ཅུ་བའི་མཇུག་ནས་བཟུང་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་ལམ་ལུགས་སྤེལ་བ་ནས་བཟུང་ཆོས་ལུགས་དད་མོས་རང་དབང་ཡིན་ཞེས་ཆོས་འདོན་ཆོག་པ་དང༌། ལྷ་སྐུ་བཞེངས་ཆོག་པ་མིག་མཐོང་ལག་ཟིན་ཡིན་མོད། རྒྱལ་བ་རིན་པོ་ཆེས་ཐུགས་ཐག་བཅད་པའི་པཎ་ཆེན་རིན་པོ་ཆེའི་སྤྲུལ་སྐུ་དེ་ནི་བཙོན་འཇུག་བྱས་རྗེས་ཤུལ་དུ་ཁོང་གི་སྤྲུལ་སྐུ་ཡིན་ཞེས་བཞག་ཡོད་པ་དེ་ལ་བོད་མི་བརྒྱ་ཆའི་དགུ་བཅུ་གོ་དགུ་ཡན་གྱིས་སྤྲུལ་སྐུ་རྫུན་མ་ཞེས་དད་པ་གཏན་ནས་མི་བྱེད་པར་བཙོན་འཇུག་བྱས་ཟིན་པའི་པཎ་ཆེན་རིན་པོའི་ཆེའི་སྤྲུལ་སྐུ་དེ་ལ་དད་འདུན་གཙང་མས་རེ་སྒུག་བྱེད་བཞིན་འདུག་པ་འདི་ནི་ཁོ་ཚོའི་སེམས་ཀྱི་ན་ཟུག་བཟོད་ཐབས་བྲལ་བ་ཞིག་ཡིན་པ་དོན་དངོས་ཀྱི་གནས་ལུགས་རེད།

༣ད་ལོར་མདོ་དབུས་ཁམས་གསུམ་ནས་མི་གྲངས་ཁྲི་ཕྲག་མང་བོས་ཁྲོམ་སྐོར་བྱེད་སྐབས་སུ་མི་རེ་འགས་ཤེས་ཡོན་ཞན་པའི་དབང་གིས་ལུགས་མཐུན་མིན་པའི་ཁྲོམ་སྐོར་བྱས་པ་དོན་དངོས་ཡིན་མོད། བརྒྱ་ཆའི་གོ་བརྒྱད་ཡན་གྱིས་ལུགས་མཐུན་གྱིས་ཁྲོམ་སྐོར་བྱས་ཡོད་ཀྱང༌། སྲིད་གཞུང་གིས་ཁོ་ཚོ་ཚང་མར་ཁྱད་མེད་དུ་བཙོན་འཇུག་དང་གཅར་རྡུང་གི་གནར་གཅོད་བྱས་པ་ནི། ལུགས་མཐུན་གྱི་སྲིད་གཞུང་ཞིག་གི་བྱ་སྤྱོད་ཅིག་གཏན་ནས་མ་ཡིན་པར་མུན་ནག་གི་སྲིད་གཞུང་ཅིག་གི་བྱ་སྤྱོད་རེད།

༤དཔེར་ན། རེབ་གོང་ས་ཁུལ་ནས་ཐེངས་གཉིས་པར་ལུགས་མཐུན་གྱིས་ཁྲོམ་སྐོར་བྱེད་སྐབས་སུ་དམག་མི་དང་ཉེན་རྟོག་པས་ཁྱད་མེད་དུ་གཅར་རྡུང་བྱས་པས་དགུང་ལོ་བརྒྱད་ཅུ་ཡིན་པའི་ཨ་ལགས་ཁ་སོ་ཚང་གིས་བར་འདེམས་གནང་གི་ཡོད་པ་ལའང་རྨས་སྐྱོན་ཆེན་པོ་བཟོས་པ་ལྟ་བུ་རེད། རྗེས་ཕྱོགས་ཁོང་ཨ་ལགས་ཡིན་པས་སྲིད་གཞུང་གིས་དགོངས་དག་ཞུས་ཟིན་མོད། མང་ཚོགས་གང་མང་ཞིག་གིས་དོན་མེད་ཀྱི་གཅར་རྡུང་གིས་རྨས་སྐྱོན་ཚད་ལས་བརྒལ་བ་མྱོང་ཡོད་པ་མིག་མཐོང་ལག་ཟིན་ཡིན་མོད་དགོངས་དག་ཕར་ཟད་དེའི་སྟེང་དུ་དཔལ་འབྱོར་གྱི་ཁྲིམས་ཆད་ཀྱང་བཅད་པ་རེད། དེ་བཞིན་དུ་བོད་ཁམས་ཡོངས་སུའང་མི་མང་ཁྲི་སྟོང་མང་བོས་གནས་ལུགས་དང་མི་མཐུན་པའི་གཅར་རྡུང་ཚད་ལས་བརྒལ་བ་མྱོང་ཡོད་པ་མ་ཟད། མཐའ་ན་ཚེ་སྲོག་ཀྱང་ཤོར་ཟིན་པ་གྲངས་མེད་པ་ཞིག་ཡོད་ངེས་ཡིན་ལ་དེ་དག་ལ་སྐྱིན་ཚབ་དང་དགོངས་དག་ཅི་ཡང་ཡོད་པ་མ་རེད།

༥རྒྱལ་བ་རིན་པོ་ཆེ་ནི་ང་ཚོ་ནང་བསྟན་ཆོས་ལུགས་པ་ཞིག་ཡིན་ཚེ་སེམས་ཁོང་ན་ཉི་ཟླ་བཞིན་བཞུགས་ཡོད་པ་རེད། ཆོས་ལུགས་པ་རྣལ་མ་ཞིག་ཡིན་ཚེ་སྲོག་ལ་བབས་ཀྱང་སེམས་ཁོང་ནས་ཁོང་ལ་དད་འདུན་གཏན་ནས་དོར་མི་སྲིད་པ་ཞིག་ཡིན་མོད། ང་ཚོའི་རྣ་ལམ་དུ། མིག་ལམ་ནས་རྒྱུན་དུ་གསར་འགྱུར་ལས་རིགས་ཁག་ནས་སྲིད་གཞུང་གི་མགོ་ཁྲིད་ཚོས་ཏཱ་ལའི་ཇག་ཚོགས། ཆོས་གོས་གོན་པའི་སྤྱང་ཀི་སོགས་མཚན་དམོད་སྣ་ཚོགས་བྱས་ན། དེ་ནི་གཏན་ནས་བཟོད་ཐབས་བྲལ་བའི་སེམས་ཀྱི་ན་ཟུག་ཅིག་ཡིན་པ་ནི་གནས་ལུགས་ལ་རྡོག་བརྫུས་མི་གཏོང་བའི་སྲིད་གཞུང་ཞིག་ཡིན་ན་ཤེས་དགོས་པའི་གནད་དོན་ཞིག་རེད། དཔེར་ན།  གུང་ཁྲན་ཏང་གི་ཏང་མི་རྣལ་མ་ཞིག་གི་མིག་ལམ་ནས་རྣ་ལམ་དུ་མའོ་ཙེ་ཏུང་ལ་འདི་ལྟར་ལྭ་བ་ག་གེ་མོ་གོན་པའི་སྤྱང་ཀི་ཞེས་དམོད་མོ་བྱས་ན་བཟོད་དམ། མར་ལེ་རང་ལུགས་པ་རྣལ་མ་ཞིག་གི་རྣ་ལམ་དུ། མིག་ལམ་ནས་འདི་ལྟར་མར་ཁེ་སི་དང་ལེ་ཉིན་ལ་དམོད་མོ་བྱས་ན་བཟོད་དམ། ཡེ་ཤེས་ཆོས་ལུགས་པ་རྣལ་མ་ཞིག་གི་རྣ་ལམ་ནས། མིག་ལམ་དུ་འདི་ལྟར་ཡེ་ཤེས་བླ་ཆེན་ལ་དམོད་མོ་བྱས་ན་བཟོད་དམ། ཁ་ཆེའི་ཆོས་ལུགས་པ་རྣལ་མ་ཞིག་གི་མིག་ལམ་ནས། རྣ་ལམ་དུ་འདི་ལྟར་ཁོ་ཚོའི་ཆོས་དཔོན་ལ་དམོད་མོ་བྱས་ན་བཟོད་དམ། ང་ཚོ་བོད་རིགས་ཀྱི་ཆོས་ལུགས་པ་ཚོ་ཡང་ཁོ་ཚོ་དང་གཅིག་འདྲ་རེད། འདི་ལྟར་བསམ་བློ་ཞིག་བཏང་ན་ད་བཟོད་ཤེས་ཐུབ་ངེས་ཡིན། ད་དུང་ཉམ་ཆུང་གི་བོད་རིགས་ཚོས་ལོ་ངོ་གང་མང་ལ་རང་གི་རྩ་བའི་བླ་མ་རྒྱལ་བ་རིན་པོ་ཆེ་ལ་དམོད་མོ་བྱས་ཀྱང་ཁ་རོག་ལ་མིག་ཆུ་ཁོག་ལ་བཅུག་ནས་བསྡད་མོད། ད་ལྟའི་ན་གཞོན་དག་གི་མིག་གིས་འཛམ་གླིང་ལ་ལྟ་བཞིན་ཡོད་པས་ཁ་རོག་ལ་མིག་ཆུ་དང་སྡུག་བསྔལ་ཁོག་ལ་བཅུག་ནས་འདུག་སྲིད་པ་མ་རེད། འཛམ་གླིང་ན་འདི་འདྲའི་གནས་ལུགས་མེད་པ་ཤེས་ངེས་རེད་མཐོང་ངེས་རེད།

༦ཐོབ་ཐང་དང་ཚོང་ལས་འདྲ་མཉམ་མིན་པ་ནི། དཔེར་ན། ང་ཚོ་མཚོ་སྔོན་ས་ཁུལ་ལ་མཚོན་ན་མི་གྲངས་ས་ཡ་ལྔ་དང་འབུམ་གཅིག་ལྷག་ཡོད་ལ། དེའི་ཁྲོད་དུ་བོད་རིགས་ས་ཡ་གཅིག་དང་འབུམ་གཅིག་ལྷག་ཡོད་པས། ཟི་ལིང་གྲོང་ཁྱེར་ནི་མི་གྲངས་ས་ཡ་ལྔ་དང་འབུམ་གཅིག་ལྷག་གི་གྲོང་ཁྱེར་ཡིན་པ་དང༌། གནས་ལུགས་ལྟར་ན་མ་མཐའ་ཡང་ཟི་ལིང་གྲོང་ཁྱེར་གྱི་ཚོང་ལས་དང༌། མགོ་ཁྲིད། ལས་བྱེད་པ་སོགས་ཀྱི་བཅུ་ཆའི་གཉིས་བོད་རིགས་མགོ་ཁྲིད་དང༌། ལས་བྱེད་པ། ཚོང་ལས་པ་སོགས་ལ་ཡང་ཐོབ་དགོས་མོད། དེ་ལས་ལྡོག་སྟེ་མཐའ་ན་བརྒྱ་ཆའི་གཅིག་ཀྱང་ཟིན་མེད་པ་དོན་དངོས་ཀྱི་གནས་ལུགས་རེད། བོད་རིགས་སྤུན་ཟླ་ཚོར་དབང་བའི་ཚོང་ལས་ཁྲོམ་ར་ནི་ཟི་ལིང་གི་རྐུན་མ། འཁྱམས་པོ། སྨད་འཚོང་མ་སོགས་འཆལ་སྤྱོད་པའི་ཚོགས་ཁག་འདུག་སའི་གནས་དེ་རེད། ཚུལ་འདིས་མཚོ་སྔོན་གྱི་བོད་རིགས་སྤུན་ཟླ་ཚོར་གོང་རིམ་སྲིད་གཞུང་གིས་ཁ་ནས་རྗེས་ལུས་མི་རིགས་དང་མི་རིགས་གྲངས་ཉུང་ལ་དམིགས་བསལ་རྒྱབ་སྐྱོར་ཡོད་ཚུལ་བརྒྱ་བཤད་སྟོང་བཤད་བྱེད་ཀྱང་དོན་དམ་པར་ཁ་ཐོག་ངོ་ཐོག་ནས་ཚོང་ལས་དང་ཆབ་སྲིད་ཀྱི་འདྲ་མཉམ་ལྟ་ཚུལ་རྒྱང་དུ་དོར་ནས་ལྐོག་ཟ་རུལ་སུང་གི་ལམ་ལུགས་ཤིག་དང་དུ་ལེན་བཞིན་པར་ར་སྤྲོད་གསལ་བོར་བྱས་འདུག་སྙམ།

༧རྒྱལ་བ་རིན་པོ་ཆེ་ཚང་གིས་ནོར་པེའི་ཞི་བདེའི་རྟགས་མ་བཞེས་སྐབས་ང་ནི་ཀྲུང་ཧྭ་སྤྱི་མཐུན་རྒྱལ་ཁབ་ཀྱི་འབངས་མི་ཞིག་ཡིན་ཞེས་གསུངས་བཞིན་ཡོད་མོད་ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལའི་ཁ་བྲལ་ཞེས་མཚན་དམོད་བྱེད་བཞིན་འདུག་པར་དཔག་ན་གཟུར་གནས་མཁས་པ་ཚོས་སུ་ཞིག་ལ་སྐྱོན་ཆ་ཡོད་མེད་གསལ་བོར་ཤེས་ཐུབ། སུ་ཞིག་གིས་མི་དམངས་ཀྱི་སེམས་ལ་རྨ་ཁ་ཚད་མེད་བཟོས་ཡོད་པ་གསལ་བོར་ཤེས་ཐུབ། 

༨ད་ལོར་མདོ་དབུས་ཁམས་གསུམ་ནས་བོད་རིགས་དཔའ་བོ་དཔའ་མོ་ཚོས་རང་སྲོག་འབེན་དུ་བཞག་ནས་ཁྲོམ་སྐོར་བྱེད་སྐབས་སུ་རྒྱལ་བ་རིན་པོ་ཆེ་ཚང་གིས་ཐེངས་གང་མང་ཞིག་ལ་ཁྱོད་ཚོར་རང་གི་ཐོབ་ཐང་རྩོལ་ལེན་བྱེད་རྒྱུའི་དབང་ཆ་ཡོད་མོད་སྤུན་ཟླ་མི་རིགས་ཚོར་འཚེ་བའམ་གནོད་པའི་ལས་གཏན་ནས་བསྒྲུབ་མི་རུང་ཞེས་ལན་མང་བོར་གསུང་བཤད་དང་ཕྱག་འཕྲིན་གནང་གི་ཡོད་ཀྱང་ཀྲུང་དབྱང་སྲིད་གཞུང་གིས་བདེན་དཔང་ཅི་ཡང་སྟོན་རྒྱུ་མེད་པར་ཏཱ་ལའི་ཇག་ཚོགས་ཀྱི་ངན་ཇུས་ཀྱིས་གནས་ཚུལ་འདི་བྱུང་བ་རེད་ཅེས་ཤུགས་ཀྱིས་སྒྲོག་བཞིན་པར་གཟུར་གནས་མཁས་པ་དང་སྐྱེ་བོ་ཚོས་ཞིབ་འཇུག་གསལ་བོ་བྱས་ན་སུ་ཞིག་ལ་སྐྱོན་ཆ་ཡོད་མེད་དང༌། སུ་ཞིག་དྲང་བདེན་ཡིན་མིན་གསལ་བོར་ཤེས་ཐུབ།

༩སྲིད་གཞུང་གིས་ཏཱ་ལའི་ཇག་ཚོགས་ཀྱི་མི་ཉུང་ཤས་ཤིག་རེད་ཅེས་བརྙན་འཕྲིན་ཁག་ཏུ་ཤུགས་ཀྱིས་བསྒྲགས། གོང་ས་མཆོག་གིས་ཇུས་འགོད་བྱས་པ་ཡིན་མིན་དང༌། བོད་མི་ཉུང་ཤས་ཤིག་ཡིན་མིན་ལ་བརྟག་དཔྱད་གཏོང་མཁན་གྱི་རྒྱལ་སྤྱིའི་རང་དབང་ལྡན་པའི་གསར་འགོད་པ་བོད་ནང་དུ་སླེབས་སུ་བཅུག་ནས་བརྟག་དཔྱད་ཞིབ་མོ་བྱེད་དུ་འཇུག་དགོས་པའི་རེ་བ་ཀྲུང་དབྱང་སྲིད་གཞུང་ལ་ལན་མང་བོར་གསུངས་ཀྱང་ཀྲུང་དབྱང་སྲིད་གཞུང་གིས་རང་དབང་ལྡན་པའི་གསར་འགོད་པ་སླེབས་སུ་མི་འཇུག་པ་མ་ཟད། གསར་འགོད་པ་སླེབས་སུ་བཅུག་པ་དག་ལའང་ལྟ་རྟོག་ནན་མོ་བྱས་ཏེ་རང་དབང་སྤུ་ཙམ་མི་སྟེར་བའི་རྒྱུ་མཚན་ཅི་ཡིན། 

༡༠ཀྲུང་དབྱང་སྲིད་གཞུང་གིས་རྒྱུན་དུ་ནུབ་ཕྱོགས་སྒོ་འབྱེད་བྱས་པ་དང༌། ནུབ་ཕྱོགས་ས་ཁུལ་ལ་དམིགས་བསལ་གྱི་རྒྱབ་སྐྱོར་ཡོད་ཚུལ་ཐེངས་ཁྲི་སྟོང་མང་བོར་བཤད་བཞིན་འདུག་མོད། ད་ལོར་རྒྱལ་ཡོངས་ལ་ཁང་ཆགས་ཀྱི་གནོད་སྐྱོན་ཐེབས་ཚེ་ནང་ལོག་ལ་སྒོར་ཐེར་འབུམ་མང་བོས་རོགས་སྐྱོར་བྱས་ཚུལ་གསར་འགྱུར་ལས་རིགས་ཁག་ན་སྒྲོག་བཞིན་འདུག་མོད་ང་ཚོའི་མདོ་དབུས་མཐོ་སྒང་ལ་མིའི་ཟ་མ་ནོར་ལ་བྱིན་ཏེ་མི་རྒྱུ་གཉིས་ཀར་ཚེ་སྲོག་ཤོར་ལ་ཉེ་བའི་དཀའ་ཁག་ལ་ཐུག་མོད། སྲིད་གཞུང་ནས་ཁྱིམ་རེར་རྩྭ་ཤོག་གཉིས་གསུམ་རེ་ལས་རོགས་སྐྱོར་ཅི་ཡང་མ་ཐོན་པའི་རྒྱུ་མཚན་ཅི་ཡིན། ད་དུང་རྩྭ་ཤོག་རེ་གཉིས་པོ་དེ་ཡང་ལག་ཏུ་མ་ཐོབ་པའི་ཁྱིམ་ཚང་གང་མང་ཡོད་པ་རེད།

༡༡སྲིད་གཞུང་གིས་ཁ་ནས་བསམ་འཆར་ཡོད་ན་ཡར་ཞུ་བྱས་ཆོག་ཟེར། དེས་ན་ད་ལོར་ངའི་ཕ་ཡུལ་མགོན་ཤུལ་ནས་རྡུང་སྲེག་ཅི་ཡང་མ་བྱས་པར་རང་གི་དད་མོས་དང་ཐོབ་ཐང་གི་ཁྲོམ་སྐོར་ཞིག་བྱས་པ་དེར་དྲག་ཆས་དམག་དཔུང་བརྒྱ་ཕྲག་དུ་མ་ཡོང་ནས་ཉེས་པ་ཅི་ཡང་མེད་ཅིང་ལག་ཏུ་མཚོན་ཆ་ཅི་ཡང་མེད་པའི་འབྲོག་མི་ཚོའི་སྟེང་དུ་མེ་མདའ་གང་མང་གིས་འཇིགས་སྐུལ་དང་འཛིན་བཟུང་གཅར་རྡུང་བྱས་པ་དེ་བཞིན་དུ་མདོ་དབུས་ཁམས་གསུམ་དུ་འདི་དང་འདི་ལྟ་བུའི་གནས་ཚུལ་གྲངས་མེད་པ་བྱུང་བའི་རྒྱུ་མཚན་ཅི།

༡༢སྲིད་གཞུང་གིས་དྲག་ཆས་དམག་དཔུང་གིས་བོད་མི་ཁྲོམ་སྐོར་བ་གང་མང་ཞིག་དམར་གསོད་བཏང་བ་དང༌། སྟོང་ཕྲག་མང་བོར་གཅར་རྡུང་མནར་གཅོད་གང་མང་བྱས་པ་སྦ་གསང་བྱས་ཏེ་དེའི་ཁྲོད་དུ་རྒྱ་རིགས་འགའ་ཚེ་ལས་འདས་པའི་སྟེང་དུ་སྐད་ཆ་སྣ་ཚོགས་སྒྲོ་འདོགས་བྱས་ཏེ་གསར་འགྱུར་ལས་རིགས་གང་མང་དུ་ཤུགས་ཀྱིས་བསྒྲགས་པ་འདིས་དེང་སྐབས་རྒྱ་བོད་མི་རིགས་གཉིས་ཀྱི་བར་དུ་འགལ་ཟླ་རྣོ་ངར་ཅན་བཟོས་པའི་དབང་གིས་མཐའ་ན་ལན་ཀྲུའུ་དང་ཟི་ལིང་གི་རྒྱ་རིགས་གང་མང་ཞིག་གིས་ཀྱང་བོད་རིགས་དང༌། ཁྱད་པར་དུ་གྲྭ་བ་རྣམས་མཐོང་ཚེ་རྣམ་འགྱུར་མི་ལེགས་པ་གང་མང་སྟོན་པར་ང་ལ་མཐོང་ཐོས་དངོས་མྱོང་ཡོད། འདི་ནི་ངས་བལྟས་ན་མུན་ནག་གི་སྲིད་གཞུང་ཞིག་གི་བྱ་སྤྱོད་ཅིག་རེད་སྙམ། ཁ་ནས་འཆམ་མཐུན་ཞེས་གླེང་བཞིན་ལག་ནས་འདི་འདྲའི་འགལ་ཟླའི་བྱ་སྤྱོད་ཅིག་སྤེལ་ན་འདི་ནི་ལྐོག་ཟ་རུལ་སུང་གི་སྲིད་གཞུང་ཞིག་གི་བྱ་སྤྱོད་ཅིག་རེད།  མུན་ནག་གི་སྲིད་གཞུང་ཞིག་གི་བྱ་སྤྱོད་ཅིག་རེད།  བླུན་རྨོངས་ཀྱི་སྲིད་གཞུང་ཞིག་གི་བྱ་སྤྱོད་ཅིག་རེད་སྙམ། སྐབས་འདིར་ངའི་ཡིད་ལ། སྲིད་བློན་བུན་ཅ་པའོ། རྒྱའི་མཁས་པ་གྲགས་ཆེན་ཅེ་ཞེན་ལེན་གྱི་མདུན་སར་སླེབས་སྐབས། ཁོང་གིས། ང་ཚོས་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་ན་ཐོག་མར་མིའི་སེམས་ཁམས་འཆམ་མཐུན་བྱེད་དགོས་ཞེས་གསུངས་པ་དེ་དྲན་ཡོང༌། ངོ་མ་འཆམ་མཐུན་ཞེས་གསར་འགྱུར་ལས་རིགས་ཁག་ནས་ཁྲི་སྟོང་བཏོན་ཡང་ལག་ལེན་སྤུ་ཙམ་ཡང་མེད་ན། དོན་སྙིང་ཅི་ཡང་མེད་པར་སྣང༌།

༡༣ད་ལོར་ལྷ་སར་བཙོན་འཇུག་བྱས་པའི་བཙོན་མ་གང་མང་ཞིག་ལ་བཟའ་བཏུང་གི་མནར་གཅོད་བཏང་ནས་གཅིན་འཐུང་དུ་བཅུག་པའི་གནས་ཚུལ་ཡ་ང་བ་བདག་གིས་གང་མང་ཐོས་བྱུང༌། འདི་ནི་དུས་རབས་ཉེར་གཅིག་པའི་སྟོབས་ལྡན་རྒྱལ་ཁབ་ཅིག་གི་སྲིད་གཞུང་གི་བྱ་སྤྱོད་ག་ལ་ཡིན། མུན་ནག་གི་སྲིད་གཞུང་ཞིག་གི་བྱ་སྤྱོད་རེད། ལྐོག་ཟ་རུལ་སུང་གི་མི་ངན་སྐོར་ཅིག་གི་བྱ་སྤྱོད་རེད། དུས་རབས་སྔོན་མའི་འཇར་པན་བཙན་རྒྱལ་རང་ལུགས་ཀྱིས་ཀྱང་བཙོན་མར་གཅིན་འཐུང་དུ་བཅུག་པའི་གནས་ཚུལ་བདག་གིས་ཤེས་རྟོགས་མ་བྱུང༌། འོན་ཀྱང་འཇར་པན་བཙན་རྒྱལ་རང་ལུགས་ལ་རྒྱལ་སྤྱིས་རྒྱལ་ཁྲིམས་བཅད་མོད། མུན་ནག་གི་སྲིད་གཞུང་ཞིག་གམ་ཡང་ན་རུལ་སུང་གི་མི་ངན་འདི་དག་ལ་སུ་ཞིག་གིས་ཁྲིམས་ཆད་གཅོད་དམ། ངའི་ཕ་མེས་ཚོ་གཅིན་སྐྱག་བགག་ནས་མནར་གཅོད་བཏང་མྱོང་ལ། ངའི་སྤུན་ཟླ་ཚོར་གཅིན་སྐྱག་འཐུང་དུ་བཅུག་ནས་མནར་གཅོད་བཏང༌། ངའི་ཚ་བོ་ཚ་མོ་ཚོར་ཅི་ཞིག་གི་མནར་གཅོད་གཏོང་རྒྱུ་ཡིན་ནམ། ངོ་མ་རུལ་སུང་གི་བྱ་སྤྱོད་འདི་དག་བསམ་ན་འདུག་བཟོད་པ་ཞིག་གཏན་ནས་མ་རེད།

༡༤དུས་རབས་སྔོན་མར་འཇར་པན་གྱིས་རྒྱ་རིགས་མི་དམངས་གང་མང་ཞིག་དམར་གསོད་བཏང་བ་དེ་ནི་རྒྱ་རིགས་མི་དམངས་ལ་མཚོན་ན་སེམས་ཀྱི་རྨ་ཁ་ཟབ་མོ་ཞིག་དང༌། བརྗེད་ཐབས་བྲལ་བ་ཞིག་ཡིན་པས་དེང་སྐབས་ཀྱང་གནས་ཚུལ་དེ་མཚོན་པའི་འཁྲབ་སྟོན་སྣ་ཚོགས་བྱས་ཏེ། བརྙན་འཕྲིན་བརྒྱུད་ལམ་སྣ་ཚོགས་སུ་སྟོན་བཞིན་འདུག་མོད། ལྔ་བཅུ་ང་བརྒྱད་སྐབས་སུ་རྨ་འབྲི་གཙང་གསུམ་གྱི་མགོ་ཁུངས་སུ་བོད་རིགས་འབུམ་ཕྲག་མང་བོ་དམར་གསོད་བཏང་བར་སུ་ཞིག་གིས་འཁྲབ་སྟོན་བྱེད་ཐུབ་བམ། འཁྲབ་སྟོན་བྱས་ཆོག་གམ། གཏན་ནས་ཆོག་པ་མ་རེད། སྲིད་གཞུང་གིས་བོད་ཁམས་ཞི་བའི་བཅིངས་གྲོལ་བཏང་བ་ཡིན་ཞེས་ཅི་ལྟར་བཤད་ཀྱང་དམར་གསོད་ཆེན་མོའི་དོན་དངོས་ལོ་རྒྱུས་དེ་སུ་ཞིག་གིས་ཀྱང་བསུབ་ཐབས་ཡོད་པ་མ་རེད། དོན་དངོས་གནས་ཚུལ་དེ། དཔེར་ན། རྒྱལ་གཅེས་ཆོས་གཅེས་རང་ལུགས་པ་ཀུན་གཟིགས་བཅུ་བ་མཆོག་གི་ཡིག་འབྲུ་ཁྲི་བདུན་མ་དང༌། ནགས་ཚང་ཞི་ལུའི་སྐྱིད་སྡུག་ལྟ་བུ་སོགས་སུ་གསལ་བ་ལྟར་རེད།

༡༥གོང་རིམ་སྲིད་གཞུང་གིས་ང་ཚོར་རྒྱུན་དུ་རོགས་སྐྱོར་བྱས་ཚུལ་གླེང་བཞིན་འདུག་མོད། དོན་དངོས་ཀྱི་སྐད་ཆ་ཞིག་བཤད་ན། ངས་དྲན་ཚུལ་ལྟར་ན། ལོ་རབས་བརྒྱད་ཅུ་བའི་མགོ་ནས་བཟུང་ངེད་ཚང་གཅིག་པོས་རྒྱབ་ཁབ་ལ་ནོར་ལུག་བརྒྱ་ལྷག་གི་དཔྱ་ཁྲལ་འཇལ་ཡོད་པ་དོན་དངོས་ཡིན། རྒྱལ་ཁབ་ཀྱིས་སྔ་ལོ་འདིར་ཉི་གློག་ཞིག་བྱིན་པ་ལས་སྐར་གང་གི་རོགས་སྐྱོར་བྱས་མ་མྱོང༌། གནས་ཚུལ་འདི་གཉིས་ཞིབ་བསྡུར་ཞིག་བྱས་ན་དོན་ངོ་མའི་སུ་ལ་དྲིན་ཆེ་འམ། ང་འདུག་སའི་འགར་རྩེ་དགོན་པར་མཚོན་ན་རྒྱལ་ཁབ་ཀྱིས་ད་ལྟའི་བར་དུ་ཁྱོན་བསྡོམས་སྒོར་ཁྲི་ལྔས་རོགས་སྐྱོར་ཀྱང་བྱས་ཡོད་པ་མ་རེད། འོན་ཀྱང་ལྔ་བཅུ་ང་བརྒྱད་ལོར་ལྷ་ཁང་ལྷ་སྐུ་གཏོར་བཤིག་བཏང་བ་ཕར་ཟད། མཐའ་ན་སྐུ་གསུང་ཐུགས་རྟེན་གཞུང་བཞེས་བྱས་པ་དེ་དག་ད་ལྟའི་སྒོར་མོར་བཀུག་ན་སྒོར་བྱེ་བ་འགའི་རིན་ཐང་ཡིན་པས་དཔྱོད་ལྡན་མཁས་པས་གཟིགས་དང་དོན་དམ་པར་སུ་ལ་དྲིན་ཆེའམ།

༡༦གོང་ས་ཆོག་གིས་རྒྱ་བོད་གཉིས་ཀྱི་ཞེ་འཁོན་དང་འཁྲུག་རྩོད་མང་བོ་ཞི་འཇགས་ཡོང་བའི་ཆེད་དུ། གཉིས་ཕན་དབུ་མའི་ལམ་ལུགས་གསུང་བཞིན་ཡོད་མོད། ཀྲུང་དབྱང་སྲིད་ཕྱོགས་ནས་རྒྱུན་དུ་ཏཱ་ལས་བོད་ལ་བྲན་གཡོག་ལམ་ལུགས་འཛུགས་འདོད་པ་རེད་ཅེས་མཚན་དམོད་ཤུགས་ཀྱིས་བསྒྲགས་བཞིན་ཡོད་པ་རེད། དོན་དངོས་ཀྱིས་གནས་ཚུལ་དེ་འདྲ་ཞིག་གཏན་ནས་མ་རེད། འོ་ན་ཅི་རེད་ཅེ་ན། ཁོང་གིས་བོད་རིགས་མི་མང་གི་བརྒྱ་ཆའི་གོ་དགུའི་རེ་བ་ཞིག་སྐོང་བཞིན་ཡོད་པ་དོན་དངོས་རེད། ཁོང་གིས་རང་གི་མི་རིགས་ཀྱི་ཐོབ་ཐང་དང་རང་དབང་ལ་རྒྱབ་སྐྱོར་གནང་གི་ཡོད་པ་དང༌། རྩོལ་ལེན་གནང་གི་ཡོད་པ་དོན་དངོས་རེད། གལ་ཏེ་དེ་ལྟར་མིན་པར་ཁོང་དཔོན་གནས་ལ་དགའ་བོ་བྱེད་མཁན་ཞིག་ཡིན་ན། མི་གྲངས་དུང་ཕྱུར་བཅུ་གསུམ་གྱི་ཨུ་ཡོན་ཀྲང་གཞོན་པ་གནང་སྟེ། བཞུགས་ན་ལེགས་པ་ལས་བོད་རིགས་ས་ཡ་ལྔ་དྲུག་ཞིག་གི་དཔོན་ཆུང་ཞིག་བྱས་ན་དོན་སྙིང་མེད་པའི་གནས་ལུགས་ཀྱི་སྟེང་ནས་གསལ་བོར་ཤེས་ཐུབ། ཡང་གཅིག་བཤད་ན་ཁོང་འཛམ་གླིང་གི་ཞི་བདེའི་དེད་དཔོན་ཆེན་པོ་བྱས་ཏེ་བཞུགས་ན་བཟང་བ་ལས་ཉམ་ཆུང་ཞིང་དབུལ་བོ་དང་རྗེས་ལུས་ཀྱི་མི་རིགས་འདིའི་དཔོན་ཆུང་ཞིག་བྱས་ན་དོན་སྙིང་མེད་པའི་གནས་ལུགས་ཀྱིས་ཀྱང་ར་སྤྲོད་བྱེད་ཐུབ། ཡང་གཅིག་བཤད་ན་ཁོང་གིས་བོད་རིགས་མི་དམངས་ཡོད་ཚད་ལ་རང་སྐྱོང་ཐོབ་ཐང་ངོ་མ་ཞིག་སྤྲད་ཚེ་ང་ལ་དཔོན་རིགས་ཀྱི་གོ་གནས་ཅི་ཡང་མི་དགོས་ཞེས་ལན་མང་དུ་གསུངས་ཀྱང་པེ་ཅིན་གཞུང་ཕྱོགས་ནས་དེ་ལ་དོ་སྣང་གཏན་ནས་མི་བྱེད་པའི་རྒྱུ་མཚན་ཅི།

༡༧ཀྲུང་དབྱང་སྲིད་གཞུང་གིས་རྒྱུན་དུ་བོད་རིགས་མི་དམངས་ལ་བདེ་སྐྱིད་བསྐྲུན་བཞིན་ཡོད་པའི་རྒྱུ་མཚན་ལ། ང་བརྒྱད་སྔོན་གྱི་ལྷ་ས་གྲོང་ཁྱེར་དང་ད་ལྟའི་ལྷ་ས་གྲོང་ཁྱེར་གྱི་འཚོ་བ་དང་འཛུགས་སྐྲུན། དེ་སྔའི་བོད་རིགས་མི་མང་གི་འཚོ་བ་དང་ད་ལྟའི་འཚོ་བ་སོགས་བསྡུར་ནས་འཕེལ་རྒྱས་སུ་སོང་ཡོད་ཚུལ་གླེང་བར་བྱེད་པ་དེ་རེད། བོད་རིགས་མི་དམངས་ཀྱིས་དེ་ནི་གནས་ལུགས་ཞིག་ཏུ་ཁས་གཏན་ནས་ལེན་གྱི་མེད། རྒྱུ་མཚན་ནི། ཁོ་ཚོས་ང་ཚོ་དཔའ་ངར་ལྡན་ཞིང་ལས་ལ་བརྩོན་པའི་བོད་རིགས་མི་དམངས་ནི་འདས་པའི་ལོ་ངོ་ལྔ་བཅུའི་དུས་ཡུན་ནང་དུ་འཛུགས་སྐྲུན་དང་འཕེལ་རྒྱས་ཅི་ཡང་མི་གཏོང་བར་ཉལ་ནས་འདུག་མི་སྲིད་ཟེར་བ་དེ་རེད། ངས་བལྟས་ནའང་བོད་རིགས་སྤུན་ཟླའི་སྐད་ཆ་དེར་གནས་ལུགས་ཆེན་པོ་འདུག་སྟེ། འདས་པའི་ལོ་ངོ་ལྔ་བཅུའི་ནང་དུ་བོད་རིགས་ས་ཁུལ་དང་རྒྱ་རིགས་ནང་ལོག་གི་འཕེལ་རྒྱས་གཉིས་གཏན་ནས་མི་འདྲ་བའི་རྒྱུ་མཚན་ཅི། སྲིད་གཞུང་གི་འཛུགས་སྐྲུན་རྒྱབ་སྐྱོར་གཏན་ནས་མི་འདྲ་བའི་རྒྱུ་མཚན་ཅི། ལྐོག་ཟ་རུལ་སུང་གི་དཔོན་པོ་དག་གིས་ལྐོག་ཟ་བྱས་སོང་བ་ཡིན་ནམ། གོང་རིམ་ནས་རྒྱབ་སྐྱོར་མ་བྱས་པ་ཡིན་ནམ། ད་སྐབས་བོད་རིགས་མི་དམངས་ཀྱིས་ཤེས་ཡོན་ཡང་གོང་འཕེལ་ལ་སོང་ཡོད་པས་དྲང་བདེན་གྱི་སྐད་ཆ་བཤད་པ་ལས་ཕན་ཚུན་ལ་མགོ་སྐོར་དང་གཡོ་སྒྱུའི་སྐད་ཆ་བཤད་ན་ཡིད་ཆེས་བྱེད་སྲིད་པ་མ་རེད།

༡༨ཁ་ནས་དམངས་གཙོ་ཞེས་བཤད་ཀྱང་དོན་དུ་དམངས་གཙོ་མི་བྱེད་པའི་བདེན་དཔང་ངོ་མ་ཞིག་ནི། བྱ་བྲལ་རིན་པོ་ཆེ་དང་ཨ་ལགས་གུང་ཐང་རིན་པོ་ཆེ་སོགས་གཙོ་བྱས་ཏེ་བོད་ཀྱི་མཁས་ཆེན་འགས་མི་དམངས་བརྒྱ་ཆའི་གོ་དགུས་རྒྱལ་བ་རིན་པོ་ཆེས་ཐུགས་ཐག་བཅད་པའི་པཎ་ཆེན་རིན་པོ་ཆེའི་སྤྲུལ་སྐུ་དེ་ཁས་ལེན་པ་ལས་ང་ཚོས་འདི་ལྟར་ཐུགས་ཐག་བཅད་ན་ཁས་ལེན་སྲིད་པ་མ་རེད་ཅེས་གནས་ལུགས་གོང་རིམ་ལ་ཡར་ཞུ་བྱས་ཀྱང༌། མི་དམངས་བརྒྱ་ཆའི་གོ་དགུའི་ཁས་ལེན་པའི་སྤྲུལ་སྐུ་དེ་བཙོན་འཇུག་བྱས་རྗེས་བརྒྱ་ཆའི་གོ་དགུའི་ཁས་མི་ལེན་པའི་པཎ་ཆེན་རིན་པོའི་ཆེའི་སྤྲུལ་སྐུ་རྫུན་མ་ཞིག་ཤུལ་དུ་འཇོག་པའི་རྒྱུ་མཚན་ཅི། ད་དུང་བཤད་རྒྱུ་ཞིག་ནི། དུས་སྐབས་འདིར་ཨ་ལགས་ཨ་ཀྱཱ་ཚང་གིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ཁང་གི་དབུ་ཁྲིད་ལ་བོད་རིགས་མི་དམངས་ཀྱིས་རྒྱལ་བ་རིན་པོ་ཆེ་ཚང་གིས་ཐུགས་ཐག་བཅད་པའི་པཎ་ཆེན་རིན་པོ་ཆེའི་སྤྲུལ་སྐུ་ཁས་ལེན་པ་དང་ང་ཚོས་དེ་ལས་གཞན་ཞིག་བཅད་ན་མི་དམངས་ཀྱིས་ཁས་ལེན་བྱེད་མི་སྲིད་པ་རེད་ཅེས་ཡར་ཞུ་བྱས་ཚེ། མགོ་ཁྲིད་དེས་ཨ་ལགས་ཨ་ཀྱཱ་ཚང་ལ་ཁྱོད་མཚོ་སྔོན་གྱི་ཡིན་པས་དམིགས་བསལ་ཡོད། གལ་ཏེ་བོད་ལྗོངས་ཀྱི་ཡིན་ཚེ་ཁྱོད་ལ་ཁྲིམས་ཆད་ཕོག་ངེས་རེད་ཅེས་བཤད་དོན་ཅི། འདི་ནི་དམངས་གཙོའི་རྒྱལ་ཁབ་ཅིག་གི་མཐོ་རིམ་དཔོན་ཆེན་ཞིག་གི་སྐད་ཆ་ཡིན་ནམ། ངོ་མ་ཡིད་སྐྱོ་བའི་དོན་ཞིག་མ་ཡིན་ནམ།

༡༩ད་ལོའི་རང་དབང་དང་ཐོབ་ཐང་རྩོལ་ལེན་བྱེད་མཁན་གྱི་བོད་རིགས་སྤུན་ཟླ་ཚོར། བཙོན་ཁང་དུ་གཅར་རྡུང་བྱས་ཏེ་དྲན་པ་ཐེངས་ག་ཚོད་འཐོར་བ་གླེང་རྒྱུ་ལས་གཅར་རྡུང་བྱས་མ་བྱས་གླེང་རྒྱུ་མེད་པའི་རྒྱུ་མཚན་ཅི། འདི་ནི་དུས་རབས་ཉེར་གཅིག་པའི་སྟོབས་ལྡན་རྒྱལ་ཁབ་ཅིག་གི་ལུགས་སྲོལ་དང་མཐུན་ནམ། འདི་ནི་དམངས་གཙོའི་རྒྱལ་ཁབ་ཅིག་གི་ལུགས་དང་མཐུན་ནམ། འདི་ནི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱེད་མཁན་དུ་རློམ་པའི་རྒྱལ་ཁབ་ཅིག་གི་རྒྱལ་ཁྲིམས་དང་མཐུན་ནམ། མཐོ་རིམ་དབུ་ཁྲིད་ཚོས་རྣ་བ་ལན་གཅིག་ཚུར་གསན་རོགས། བསམ་བློ་ཞིབ་ཏུ་གནང་རོགས། ལྐོག་ཟ་རུལ་སུང་གི་དཔོན་རིགས་ཚོ། ད་མཚམས་འཇོག་རན་རེད། ང་ཚོ་བོད་རིགས་མི་དམངས་རྣམས་ཁྱོད་ཚོའི་བྲན་གཡོག་བྱེད་པར་མི་ཡུལ་དུ་ཡོང་བ་གཏན་ནས་མིན།

༢༠ལོ་རྒྱུས་སུ་བྱུང་བའི་ཁྲག་དྲི་བྲོ་བའི་དོན་དངོས་གནས་ཚུལ་ལ་ད་དུང་ཞི་བའི་བཅིངས་གྲོལ་ཞེས་བཤད་ན། དུས་རབས་ཉེར་གཅིག་པའི་ན་གཞོན་ཚོས་ཁས་གཏན་ནས་ལེན་སྲིད་པ་མ་རེད། ཁས་ལེན་མི་སྲིད་པའི་དབང་གིས་ད་ལོའི་གནས་ཚུལ་འདི་ཡང་བྱུང་བ་རེད། གནས་ཚུལ་འདི་ཞི་བའི་སྒོ་ནས་ཐག་གཅོད་མ་བྱས་ན། ངས་ཚོད་དཔག་བྱས་པ་ལྟར་ན་ད་དུང་མུ་མཐུད་དུ་འབྱུང་རྒྱུ་རེད། འདི་ལྟར་ཕན་ཚུན་ལ་འཁོན་སེམས་དང་དམོད་མོ་བྱས་བསྡད་ན་ལེགས་སམ།

༢༡འདས་ཟིན་པའི་དམར་དམག་གིས་རྒྱང་སྐྱོད་བྱེད་སྐབས་སུ་བོད་རིགས་སྤུན་ཟླ་གང་མང་གིས་ལྟོ་གོས་གང་མང་བྱིན་ནས་རྒྱབ་སྐྱོར་མཛད་པ་དེ་དམར་དམག་ལོ་རྒྱུས་སུ་གསལ་བ་ལྟར་ཡིན་མོད། དམར་དམག་གིས་ཞེ་དགུ་ལོར་རྒྱལ་ཁབ་བཙུགས་ནས།འབུ་སྦྲང་མར་གྱུར། སྦྲང་མ་གཤོག་པ་ཐོགས་རྗེས། ཁ་ནས་བོད་ཞི་བའི་བཅིངས་གྲོལ་ཟེར་བཞིན་བོད་རིགས་འབུམ་ཕྲག་མང་བོ་དམར་གསོད་བཏང་བའི་ལོ་རྒྱུས་ཀྱི་ན་ཟུག་དེ་ཞི་བར་གྱུར་ཅིག་ཅེས་སྨྲས་ན་ཞི་འགྲོ་བ་ཞིག་གཏན་ནས་མ་རེད། འཆམ་མཐུན་ཡོང་བར་གྱུར་ཅིག་ཅེས་སྨྲས་ན་མཐུན་འགྲོ་བ་ཞིག་གཏན་ནས་མ་རེད།

༢༢འདས་པའི་ལོ་རྒྱུས་སུ་བྱུང་བའི་ངའི་ཕ་མ་གཉིས་དང་འདྲ་བའི་བོད་ཁམས་ཡོངས་སུ་ཕ་མ་བཟུང་བ་དང་བསད་པ།  རྒྱུ་ནོར་དང་འཚོ་བ། འཕྲོག་པ་དང་བཅོམ་པ་ལ་སོགས་པའི་མནར་གཅོད་བཏང་བའི་བོད་རིགས་འབུམ་ཕྲག་མང་བོ་དང༌། དེའི་བུ་རབས་ཚ་རྒྱུད་ཀྱི་སེམས་ཀྱི་ན་ཟུག་དེ་ད་དུང་ཐག་གཅོད་བྱས་མེད་ལ། ད་དུང་ཐག་གཅོད་ལེགས་པོ་མ་བྱས་ན། ནད་གཞི་དེ་ནམ་ཡང་སངས་ཐུབ་ཡོད་པ་མ་རེད། དཔེར་ན། དེང་སྐབས་འཇར་པན་དང་ཀྲུང་གོ་གཉིས་རྒྱབ་ཁབ་སོ་སོར་ཕྱེ་ཡོད་པ་མ་ཟད། འཇར་པན་གྱི་མཐོ་རིམ་དབུ་ཁྲིད་གང་མང་ཞིག་གིས་རྒྱ་རིགས་སྤུན་ཟླ་ཚོར་དགོངས་དག་ཞུས་ཀྱང༌། ད་དུང་རྒྱ་རིགས་སྤུན་ཟླ་མང་བོ་ཞིག་གི་སེམས་སུ་ལོ་རྒྱུས་ཀྱི་བཙན་འཛུལ་དེ་བརྗེད་ཐུབ་ཀྱི་མེད་པ་ལྟ་བུ་རེད།

༢༢ངའི་ཕ་ཡུལ་མགོན་ཤུལ་ལ་མཚོན་ན་ང་བརྒྱད་སྔོན་དུ་མི་གྲངས་སུམ་སྟོང་ལྷག་ཡོད་མོད། ལོ་རབས་དྲུག་ཅུ་བའི་སྐབས་སུ་ཡང་བསྐྱར་རྩིས་གྲངས་བླངས་ཚེ་ཆིག་སྟོང་ལྔ་བརྒྱ་ལས་མི་འདུག་ཅེས་སྐབས་དེའི་རྩིས་གཉེར་བ་ཞིག་གིས་བདག་ལ་དངོས་སུ་བཤད་མྱོང༌། ངེད་ཅག་སྡེ་བར་མཚོན་ན་དམར་དམག་ལ་ཕྱིར་རྒོལ་ཅུང་ཙམ་ཡང་མ་བྱས་པར་མགོ་སྒུར་བ་ཡིན་མོད། སྡེ་མི་ཚོ་བཙོན་འཇུག་དང་ཟས་འཕྲོག་མུ་གེའི་ཁྲོད་ནས་མི་གྲངས་ཀྱི་བརྒྱ་ཆའི་ལྔ་བཅུ་ཤི་ཟིན་པ་རེད། ་འདི་འདྲའི་ཞི་བའི་བཅིངས་གྲོལ་ཞིག་ཡོད་དམ། འདི་ལྟར་བོད་ཁམས་ཡོངས་སུ་བསམ་བློ་རེ་བཏང་ན། བོད་མི་རྒན་པ་འགས་འཐབ་རྩོད་འདིའི་ཁྲོད་ནས་ཕལ་ཆེར་བོད་མི་ས་ཡ་གཉིས་དམར་གསོད་བཏང་བ་རེད་ཅེས་བཤད་བཞིན་འདུག་པ་དེར་ཀྱང་གནས་ལུགས་འདུག་སྙམ་ཡོང༌།

༢༣ད་ལོར་ཡང་ལག་ཏུ་མཚོན་ཆ་ཅི་ཡང་མེད་པའི་ཉམ་ཆུང་གི་བོད་རིགས་རང་དབང་དང་ཐོབ་ཐང་རྩོལ་ལེན་པ་ཚོའི་ཐོག་ཏུ་མེ་མདའ་དང་མེ་སྒྱོགས་ཀྱི་དྲག་ཤུགས་བཀོལ་ནས་དམར་གསོད་བཏང་བའི་གནས་ཚུལ་འདི་བསམ་ན་མཚན་མོར་གཉིད་ཀྱང་ཡོང་དཀའ་བ་ཞིག་རེད། ངའི་སེམས་ཁོང་གི་ཕ་མེས་ཚོ༌། ངའི་སེམས་ཁོང་གི་སྤུན་ཟླ་ཚོ། ངའི་སེམས་ཁོང་གི་ཚ་བོ་ཚ་མོ་ཚོ། ནམ་ཡང་འདི་ལྟར་རླབས་ཆེན་གྱི་ཚེ་སྲོག་སྲིད་གཞུང་ཞིག་གི་རྐང་འོག་ཏུ་བཞག་ནས་འདུག་དགོས་སམ། གང་ལྟར་ཀྱང་ཁྱོད་གསོད་ང་བསད་ཀྱི་ལོ་རྒྱུས་གླེང་ན་མིག་ཆུ་དང་ན་ཟུག་ཁོ་ན་ཡིན་པས་རེ་ཞིག་མཚམས་འཇོག་བྱེད།

བཞི་བ། གོང་གི་གནས་ལུགས་འདི་དག་ལ་དཔག་ན་ད་ལོའི་དབུས་གཙང་ལྷ་ས་ནས་ཨ་མདོ་རྔ་བའི་བར་གྱི་བོད་རིགས་ཁྲི་ཕྲག་མང་བོའི་ཁྲོམ་སྐོར་ཆེན་པོ་དེ་ནི་བོད་རིགས་མི་མང་གི་མི་ལོ་ལྔ་བཅུ་ཙམ་ལ་སེམས་སུ་ཉར་བའི་ངུ་འབོད་ཐེངས་གཅིག་ཡིན་པ་བདེན་དཔང་བྱེད་ཐུབ། ཡང་ཅིག་བཤད་ན་ཁོ་ཚོས་ཁྲོམ་སྐོར་བྱེད་སྐབས་སུ་ང་ལ་ཟ་རྒྱུ་མེད་སོང་ཞེས་ཁྲོམ་སྐོར་བྱེད་ཀྱི་མི་འདུག  ང་ལ་གོན་པ་མི་འདུག་ཅེས་ཁྲོམ་སྐོར་བྱེད་ཀྱི་མི་འདུག་པར། ང་ཚོར་རང་དབང་མི་འདུག ང་ཚོར་འདྲ་མཉམ་གྱི་སྲིད་ཇུས་དགོས།རྒྱལ་བ་རིན་པོ་ཆེ་ཚང་དང་རྒྱལ་བ་ཀརྨ་བ་ཚང་སོགས་བོད་ལ་མྱུར་དུ་ཕེབས་དགོས། པཎ་ཆེན་རིན་པོ་ཆེ་ཚང་བཙོན་གྲོལ་དུ་གཏོང་དགོས། གཞིས་བྱེས་བོད་མི་ལྷན་འཛོམས་བྱུང་དགོས། ཞེས་སྐད་འབོད་བྱེད་བཞིན་ཡོད་པར་དཔག་ནའང་ཤེས་ཐུབ། ཡིན་ནའང་སྲིད་གཞུང་གིས་ཡུན་རིང་ལ་སེམས་སུ་ཉར་བའི་བོད་རིགས་མི་མང་གི་ངུ་འབོད་འདིའི་རྒྱུ་མཚན་དང་དོན་སྙིང་ག་རེ་ཡིན་པར་བསམ་བློ་ཕྲན་ཙམ་ཡང་མི་གཏོང་བར་དམར་གསོད་གཏོང་བ་དང༌། ཚེ་བཙོན་བྱེད་པ། བཟའ་བཏུང་འགོག་པ། གཅར་རྡུང་ཚད་མེད་བྱེད་པ་སོགས་ཀྱི་མནར་གཅོད་ཀྱིས་བཙན་གནོན་ཡ་ང་བ་སོགས་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན།

བོད་རིགས་སྤུན་ཟླ་ནི་མི་ཡིན་ནམ། མི་ཡིན་ན་འགྲོ་བ་མིའི་ཐོབ་ཐང་ཡོད་དམ། འགྲོ་བ་མིའི་ཐོབ་ཐང་ཡོད་ན་གནས་ལུགས་བཤད་པའི་དབང་ཆ་ཅི་ལ་མེད་སོང་བ་རེད། སེམས་ཀྱི་ན་ཟུག་བརྗོད་པའི་དབང་ཆ་ཅི་ལ་མེད་སོང་བ་རེད། སེམས་ཀྱི་སྡུག་བསྔལ་བརྗོད་པའི་དབང་ཆ་ཅི་ལ་མེད་སོང་བ་རེད། སྲིད་གཞུང་གིས་སྨྲ་བརྗོད་རང་དབང་ཡོད་ཀྱང་ཁོ་ཚོས་བཅག་བསྲེགས་བྱས་སོང་ཟེར་ན། ངས་གོང་དུ་བཤད་པ་བཞིན་ངའི་ཕ་ཡུལ་མགོན་ཤུལ་ནས་བཅག་བསྲེགས་གང་ཡང་མ་བྱས་མོད་དྲག་ཆས་དམག་དཔུང་ཡོང་ནས་མེ་མདས་འཇིགས་སྐུལ་འོག་ཏུ་མི་མང་བོ་འཛིན་བཟུང་བྱེད་དགོས་དོན་ཅི་ཡིན། རྒྱལ་བ་རིན་པོ་ཆེ་ཚང་གི་སྐུ་པར་ཙམ་ཡང་བཤམས་མི་ཆོག་པའི་རྒྱུ་མཚན་ཅི་ཡིན། པཎ་ཆེན་རིན་པོ་ཆེའི་སྤྲུལ་སྐུ་བཙོན་འཇུག་བྱེད་དགོས་དོན་ཅི་ཡིན། རང་སྐྱོང་ས་ཁུལ་ནས་རང་གི་སྐད་ཡིག་བཀོལ་སྤྱོད་མི་བྱེད་པའི་རྒྱུ་མཚན་ཅི་ཡིན། ཡང་ཕྱོགས་གཞན་ཞིག་ནས་བཤད་ན་ལོ་རྒྱུས་སུ་བྱུང་བའི་བོད་མི་རིགས་ཀྱི་སེམས་ཀྱི་ན་ཟུག་དེ་ཞི་བས་བཅིངས་གྲོལ་ཞེས་སྨྲས་ན་ཞི་འགྲོའམ། འཆམ་མཐུན་ཡོང་དགོས་ཞེས་བཤད་ན་མཐུན་འགྲོའམ། གཏན་ནས་འགྲོ་སྲིད་པ་མ་རེད། མི་འགྲོ་བའི་དབང་གིས་ད་ལོའི་གནས་ཚུལ་འདི་བྱུང་བ་རེད། ད་དུང་མུ་མཐུད་དུ་འདི་ལྟར་བསྡད་ན། ད་དུང་མུ་མཐུད་དུ་གནས་ཚུལ་འདི་འདྲ་འབྱུང་རྒྱུ་རེད། རྒྱུ་མཚན་ནི། རྒྱའི་མཁས་པ་ཅེ་ཞེན་ལེན་གྱིས་བཤད་པ་ངས་གོང་དུ་བཤད་པ་ལྟར་རེད། ངས་བལྟས་ན་ཞི་བས་བཅིངས་གྲོལ་ཞེས་འདུག་པ་ལས་ཞི་བྱེད་ཀྱི་ཐབས་ལམ་བཙལ་ན་ལེགས་པ་རེད། འཆམ་མཐུན་སྤྱི་ཚོགས་ཞེས་གསར་འགྱུར་ལས་རིགས་ཁག་ཏུ་དྲིལ་བསྒྲགས་བྱས་ཏེ་འདུག་པ་ལས་མཐུན་བྱེད་ཀྱི་རྒྱུ་རྐྱེན་བཙལ་ན་ལེགས་པ་རེད། དེ་ལྟར་མི་བྱེད་པར། དམོད་མོ་དང་མེ་མདའ། མེ་སྒྱོགས་ཀྱི་འཇིགས་སྐུལ་འོག་ནས་འཆམ་མཐུན་ཡོང་སྲིད་དམ། ཞི་བདེ་ཡོང་སྲིད་དམ། དམག་དཔུང་སྟོང་ཁྲག་ནས་ཁྲི་ཕྲག་དང༌། མེ་མདའ་སྟོང་ཕྲག་ནས་ཁྲི་ཕྲག། ད་དུང་མེ་སྒྱོགས་ཀྱི་འཇིགས་སྐུལ་འོག་ནས་འཆམ་མཐུན་ཡོང་ངམ། བཟའ་བཏུང་གཅོད་པ་དང་གཅར་རྡུང་འོག་ནས་འཆམ་མཐུན་ཡོང་ངམ། གཏན་ནས་ཡོང་སྲིད་པ་མ་རེད། མི་ལ་གཅིན་སྐྱག་འཐུང་དུ་བཅུག་ན་འཆམ་མཐུན་ཡོང་ངམ། ཞི་བདེ་ཡོང་ངམ་གཏན་ནས་ཡོང་སྲིད་པ་མ་རེད། རྒྱུ་མཚན་འདིའི་དབང་གིས་ངས་ད་ལོའི་བོད་རིགས་ཁྲོམ་སྐོར་བ་ཡོད་ཚད་ལ་ཇག་ཚོགས་མི་ཟེར་བ་མ་ཟད། རང་དབང་རྩོལ་ལེན་བྱེད་ཐུབ་པའི་དཔའ་བོ་དཔའ་མོ་རེད་ཅེས་བསྟོད་བསྔགས་བྱེད་སྲིད། དེའི་རྒྱུ་མཚན་ནི་བོད་རིགས་མི་མང་གི་བརྒྱ་ཆའི་བརྒྱད་ཅུ་ལྷག་གི་ཁྲོད་ན་ལྐོག་ནས་སྲིད་གཞུང་གི་སྐྱོན་ཆ་འདི་དག་མི་བརྗོད་མཁན་གཅིག་ཀྱང་མེད་པས་ལྐོག་ནས་སྐྱོན་བརྗོད་བྱས་འདུག་པ་ལས་དཔའ་བོ་དཔའ་མོ་འདི་དག་བཞིན་དངོས་སུ་བཤད་ཐུབ་ན་ལེགས་པར་སྣང༌། དེའི་རྒྱུ་མཚན་ནི་ང་ཚོ་བོད་རིགས་མི་དམངས་ཡང་འགྲོ་བ་མི་ཡིན་ལ། འགྲོ་བ་མིའི་ཐོབ་ཐང་ཡོད་དགོས་པ་དང༌། མེད་ན་རྩོལ་ལེན་བྱེད་དགོས་པས་རེད། བོད་རིགས་སྤུན་ཟླ་ཚོ། ང་ཚོར་རང་གི་ས་གནས་ལ་རང་གིས་དོ་དམ་བྱེད་རྒྱུའི་དབང་ཆ་ཡོད། ང་ཚོར་རང་གི་དད་པ་ཡོད་སའི་བླ་མ་ལ་དད་པ་བྱེད་རྒྱུའི་དབང་ཆ་ཡོད། ང་ཚོར་ལྐོག་ཟ་རུལ་སུང་ལ་ངོ་རྒོལ་བྱེད་རྒྱུའི་དབང་ཆ་ཡོད། ང་ཚོར་ཆབ་སྲིད་ཀྱི་དབང་ཆ་འདྲ་མཉམ་བྱེད་རྒྱུའི་དབང་ཆ་ཡོད། ང་ཚོར་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ཡོད་པ་རེད། ང་ཚོར་རང་གི་སྐད་ཡིག་དང་རིག་གཞུང་ལ་སྲུང་སྐྱོབ་བྱེད་རྒྱུའི་དབང་ཆ་ཡོད། ང་ཚོར་ཚོང་ལས་ཀྱི་དབང་ཆ་འདྲ་མཉམ་བྱེད་རྒྱུའི་དབང་ཆ་ཡོད། ང་ཚོར་རང་གི་ཐོན་ཁུངས་ལ་རང་གིས་གཅེས་སྐྱོང་བྱེད་རྒྱུའི་དབང་ཆ་ཡོད། ང་ཚོ་ནམ་ཡང་སྲིད་གཞུང་གི་བཀོད་འདོམས་འོག་ནས་ལགས་སོ་ཞེས་འདུག་མི་དགོས་པའི་དབང་ཆ་ཡོད། ང་ཚོར་རྒྱལ་ཁབ་ཀྱི་ཆབ་སྲིད་ལ་རེ་བ་འདོན་རྒྱུའི་དབང་ཆ་ཡོད། ང་ཚོ་རང་གི་མི་རིགས་འདི་མི་རིགས་གཞན་དག་དང་མི་འདྲེས་པར་བོད་མི་རིགས་ཞེས་རང་སྐྱ་ཐུབ་པར་གནས་ཐུབ་པའི་ཐད་ལ་འབད་བརྩོན་བྱེད་རྒྱུའི་དབང་ཆ་ཡོད། འདི་ནི་ང་ཚོར་དུས་རབས་ཀྱིས་གནང་བའི་འགྲོ་བ་མིའི་ཐོབ་ཐང་ཡིན་ལ། ང་ཚོར་ཡང་ཐོབ་ཏུ་རུང་བ་ཞིག་ཡིན་པས། ང་ཚོས་ངེས་པར་དུ་རྩོལ་ལེན་བྱེད་དགོས། ང་ཚོས་མུ་མཐུད་དུ་རྩོལ་ལེན་བྱེད་དགོས། ང་ཚོའི་མགོ་བོ་ནམ་ཡང་གཞན་གྱི་རྐང་འོག་ནས་འདུག་མི་དགོས་པར་གཞན་གྱི་མགོ་བོ་དང་འདྲ་མཉམ་བྱས་ཆོག  ང་ཚོ་བོད་རིགས་སྤུན་ཟླ་ནི་བཙན་པོའི་གདུང་རྒྱུད་ཡིན་པས་བཙན་པོའི་སྙིང་སྟོབས་དེ་དར་སྤེལ་བྱེད་དགོས། དཔེར་ན། ད་ལོར་ཚེ་སྲོག་ཤོར་བ་དང༌། བཙོན་འཇུག་བྱས་པ། ཁྲོམ་སྐོར་མཛད་པའི་དཔའ་བོ་དཔའ་མོ་རྣམས་དང༌། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང༌། གུང་ཐང་བསྟན་པའི་དབང་ཕྱུག མཁན་ཆེན་འཇིགས་མེད་ཕུན་ཚོགས། བྱ་བྲལ་རིན་པོ་ཆེ། སྙན་ངག་པ་ཡི་དམ་ཚེ་རིང༌། སྐུ་ཞབས་རང་གྲོལ། མཚོ་ལྷོའི་ཁུལ་དཔོན་ཟུར་བ་སྐུ་ཞབས་དོན་འགྲུབ་རྒྱལ་ལྟ་བུ་སོགས་རེད།

ང་ཚོས་ནམ་ཡང་གཉོམ་ཆུང་དུ་བསྡད་ན་ང་ཚོ་ནམ་ཡང་འགྲོ་བ་མིའི་ཐོབ་ཐང་ཐོབ་མི་སྲིད་པ་རེད། ང་ཚོས་ནམ་ཡང་སྲིད་གཞུང་གི་སྐྱོན་ཆ་གོ་ཁ་ནས་བཤད་དེ་བསྡད་ན་ང་ཚོ་ནམ་ཡང་འགྲོ་བ་མིའི་ཐོབ་ཐང་ཐོབ་མི་སྲིད་པ་རེད། ང་ཚོས་ནམ་ཡང་སེམས་ཀྱི་ན་ཟུག་ཁོག་ཏུ་བཅུག་ནས་བསྡད་ན་ང་ཚོ་ནམ་ཡང་ཞི་བདེ་དང་འཆམ་མཐུན་ཡོང་མི་སྲིད། ང་ཚོས་ཤ་འཁོན་དེ་ནམ་ཡང་ཁོག་ཏུ་བཅུག་ནས་བསྡད་ན་ང་ཚོ་ནམ་ཡང་བདེ་སྐྱིད་ཀྱི་འཚོ་བ་ཡོད་མི་སྲིད། དེའི་ཕྱིར་ང་ཚོས་སྡུག་བསྔལ་དང་ཞེ་འཁོན་ཡོད་ཚད་གནས་ལུགས་དང་ཞི་བདེའི་སྒོ་ནས་ཕྱི་རུ་བསྒྲགས་ནས་ཐོབ་ཐང་རྩོལ་ལེན་བྱེད་དགོས་པ་དང༌། ང་ཚོས་སྡུག་བསྔལ་དང་ན་ཟུག་ཡོད་ཚད་གནས་ལུགས་ཀྱི་སྟེང་ནས་ཕྱི་རུ་བསྒྲག་དགོས། ང་ཚོས་སྤུན་ཟླ་མི་རིགས་གཞན་དག་ལ་འཚེ་བ་མེད་པའི་སྒོས་རང་དབང་རྩོལ་ལེན་བྱས་ན། ང་ཚོས་འཚེ་བ་མེད་པའི་སྒོས་ཐོབ་ཐང་རྩོལ་ལེན་བྱས་ན་མིག་དང་ལྡན་པའི་སྐྱེ་བོ་ཀུན་གྱིས་ང་ཚོར་རྒྱབ་སྐྱོར་གནང་དང་གནང་སྲིད་པ་རེད། གནས་ལུགས་བརྩི་བའི་སྐྱེ་བོ་ཀུན་གྱིས་ང་ཚོར་རྒྱབ་སྐྱོར་གནང་དང་གནང་སྲིད་པ་རེད། མིག་དང་ལྡན་པའི་སྲིད་གཞུང་ཀུན་གྱིས་ང་ཚོར་རྒྱབ་སྐྱོར་གནང་དང་གནང་སྲིད་པ་རེད། གནས་ལུགས་བརྩི་བའི་སྲིད་གཞུང་ཀུན་གྱིས་ང་ཚོར་རྒྱབ་སྐྱོར་གནང་དང་གནང་སྲིད་པ་རེད། མིག་དང་ལྡན་པའི་དབུ་ཁྲིད་ཀུན་གྱིས་ང་ཚོར་རྒྱབ་སྐྱོར་གནང་དང་གནང་སྲིད་པ་རེད། གནས་ལུགས་བརྩི་བའི་དབུ་ཁྲིད་ཀུན་གྱིས་ང་ཚོར་རྒྱབ་སྐྱོར་གནང་དང་གནང་སྲིད་པ་རེད། ནམ་ཞིག་ང་ཚོར་ཡང༌། འགྲོ་བ་མིའི་ཐོབ་ཐང་ཡོད་པའི་མི་རིགས་གཞན་དང་གཅིག་མཚུངས་སུ་འགྱུར་ངེས་རེད།

གསལ་བཤད། རྩོམ་ཡིག་འདི་དང་མཇུག་གཏམ་གཉིས་བཙན་པོའི་སྙིང་སྟོབས་དེབ་དང་བོའི་སྟེང་དུ་བཀོད་ཡོད་ནའང་ད་ཐེངས་ཀློག་མཁན་གྲོགས་པོ་གང་མང་གི་རེ་འདོད་བཞིན་ཡང་བསྐྱར་དེབ་འདིར་བཀོད་དེ་པར་སྐྲུན་བྱས་པ་ཡིན་ལ་འོན་ཀྱང་བསྐྱར་བཅོས་ཕྲན་བུ་ཞིག་བྱས་ཡོད།

མཇུག་གཏམ།

ངས་རང་གི་མི་རིགས་ལ་ཚོང་ལས་དཔལ་འབྱོར་གྱི་ཁོར་ཡུག་འདྲ་མཉམ་ཞིག་ཐོབ་པའི་བར་དུ་སེམས་ཀྱི་ན་ཟུག་བརྗོད་ངེས། ངས་ལྐོག་ཟ་རུལ་སུང་གི་དཔོན་ངན་གྱི་རྒྱུད་ཆད་པའི་བར་དུ་འདི་ལྟར་སེམས་ཀྱི་ན་ཟུག་བརྗོད་ངེས་ཡིན། ངས་རང་གི་མི་རིགས་ལ་དད་འདུན་ངོ་མ་ཞིག་ཐོབ་པའི་བར་དུ་འདི་ལྟར་སེམས་ཀྱི་ན་ཟུག་བརྗོད་ངེས་ཡིན། ངས་རང་གི་མི་རིགས་ལ་ཆབ་སྲིད་གོ་གནས་འདྲ་མཉམ་ཞིག་ཐོབ་པའི་བར་དུ་འདི་ལྟར་སེམས་ཀྱི་ན་ཟུག་བརྗོད་ངེས་ཡིན། ངས་རང་གི་མི་རིགས་ལ་སྨྲ་བརྗོད་རང་དབང་ངོ་མ་ཞིག་ཐོབ་པའི་བར་དུ་འདི་ལྟར་སེམས་ཀྱི་ན་ཟུག་བརྗོད་ངེས་ཡིན། ངས་མི་རིགས་རང་སྐྱོང་ས་ཁུལ་གྱི་སྲིད་གཞུང་གིས་རང་གི་སྐད་ཡིག་བཀོལ་སྤྱོད་གཙོ་བོར་བྱེད་པའི་བར་དུ་འདི་ལྟར་སེམས་ཀྱི་ན་ཟུག་བརྗོད་ངེས་ཡིན། ངས་ཟི་ལིང་གྲོང་ཁྱེར་གྱི་ཚོང་ལས་དཔལ་འབྱོར་གྱི་ཁོར་ཡུག་གི་ལྔ་ཆའི་གཅིག་བོད་རིགས་ཀྱིས་ཟིན་པའི་བར་དུ་འདི་ལྟར་སེམས་ཀྱི་ན་ཟུག་བརྗོད་ངེས་ཡིན། ངས་ཟི་ལིང་གྲོང་ཁྱེར་གྱི་ལས་བྱེད་པའི་ལྔ་ཆའི་གཅིག་བོད་རིགས་ལས་བྱེད་པའི་ཟིན་པའི་བར་དུ་འདི་ལྟར་སེམས་ཀྱི་ན་ཟུག་བརྗོད་ངེས་ཡིན། ངས་ཟི་ལིང་གྲོང་ཁྱེར་ནས་བོད་ཡིག་སློབ་ཆུང་དང་སློབ་འབྲིང་འགའ་འཛུགས་པའི་བར་དུ་འདི་ལྟར་སེམས་ཀྱི་ན་ཟུག་བརྗོད་ངེས་ཡིན། མདོར་ན་ངས་བོད་རིགས་མི་དམངས་ལ་འགྲོ་བ་མིའི་ཐོབ་ཐང་ངོ་མ་ཞིག་ཐོབ་པའི་བར་དུ་འདི་ལྟར་སེམས་ཀྱི་ན་ཟུག་བརྗོད་ངེས་ཡིན། བྱ་བ་འདི་མ་འགྲུབ་ན་ངས་རང་གི་ཚེ་སྲོག་མ་འགག་བར་དུ་བོད་རིགས་མི་དམངས་ཀྱི་དཀའ་སྡུག་བརྗོད་ངེས་ཡིན། འོན་ཀྱང༌། ངས་སྨྱུ་གུ་དང་བསྒྲགས་དར་བཟུང་ནས་བརྗོད་པ་ལས་མེ་མདའ་དང་འགད་རྫས་བཟུང་ནས་གཏན་ནས་བརྗོད་མི་སྲིད། མདོར་ན། ངས་ད་ལོའི་སྤྱི་ཟླ་དགུ་བའི་ནང་དུ་བུན་སྲིན་བློན་གྱིས་རྒྱལ་སྤྱིའི་ཚོགས་ཆེན་ཞིག་གི་སྟེང་དུ། ཀྲུང་གོས་གནས་ལུགས་དང་དྲང་བདེན་ལ་མཐོང་ཆེན་བྱེད་ངེས་ཡིན། ཞེས་བཤད་པ་འདི་ང་ཚོའི་བོད་མི་རིགས་ཀྱི་ཐོག་ལའང་ལག་ལེན་མིག་མཐོང་ལག་ཟིན་ཞིག་ཐོན་པའི་བར་དུ་སེམས་ཀྱི་ན་ཟུག་བརྗོད་ངེས་ཡིན།

༄༅། ངའི་སེམས་གཏམ་དངཔེ་ཅིན་སྲིད་གཞུང༌།

གཅིག  ང་ལ་གནས་ལུགས་བརྗོད་རྒྱུའི་དབང་ཆའང་མེད་སོང་ན། ངས་མི་ལུས་བླངས་པ་དོན་མེད་ཡིན་པས་ང་མ་ཤི་བར་དུ་གནས་ལུགས་བརྗོད་རྒྱུ་ཡིན། དེའི་ཕྱིར་ངས་བོད་མི་རིགས་ཀྱི་སེམས་ཀྱི་བདེ་སྡུག་ངོ་མ་དེ་གནས་ལུགས་ཀྱི་ལམ་ནས་རང་ནུས་ཅི་ལྕོགས་ཀྱིས་པེ་ཅིན་སྲིད་གཞུང་ལ་བརྗོད་རྒྱུ་ཡིན། ངས་གོང་དུ་བཤད་པ་བཞིན་ང་ཚོའི་བོད་མི་རིགས་ལ་དཀའ་སྡུག་མནར་གཅོད་གཏོང་མཁན་པེ་ཅིན་སྲིད་གཞུང་ཡིན་པ་དེ་བཞིན། དཀའ་སྡུག་འདི་སེལ་མཁན་ཡང་པེ་ཅིན་སྲིད་གཞུང་ཁོ་ན་ཡིན་པས་ངས་པེ་ཅིན་སྲིད་གཞུང་ལ་མིག་ཆུ་དང་ངུ་སྐད་ཀྱིས་དཀའ་སྡུག་འདི་ངེས་པར་དུ་སེལ་དགོས་ཞེས་སེམས་གཏམ་འབོད་སྐུལ་གྱི་རེ་ཞུ་བྱས་པ་ཡིན།

གནས་ལུགས་འདི་གསལ་བཤད་མདོར་བསྡུས་ཤིག་ཡང་བསྐྱར་བྱས་ན། རྒྱའི་མཁས་པ་གྲགས་ཆེན་ཅེ་ཞེན་ལེན་གྱིས་འཆམ་མཐུན་སྤྱི་ཚོགས་བསྐྲུན་ན་སེམས་ཀྱི་འཆམ་མཐུན་བསྐྲུན་དགོས་པ་རེད་ཅེས་བཤད་པ་ནང་བཞིན། མིའི་རིགས་ལ་འཆམ་མཐུན་དང༌། ཞི་བདེ་ཡོང་དགོས་ན་ཐོག་མར། མི་དང་མིའི་བར། མི་རིགས་དང་མི་རིགས་ཀྱི་བར། རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་བར།ལྷག་པར་དུ་རྒྱལ་ཁབ་དང་མི་དམངས་ཀྱི་བར་དུ་སེམས་སྟེང་ནས་ཕན་ཚུན་ལ་ཡིད་ཆེས་ཡོད་པ། བརྩི་བཀུར་ཡོད་པ། སེམས་གཏམ་ཡོད་པ། རོགས་རམ་ཡོད་པ། ཕན་ཚུན་གྱི་སྐྱིད་སྡུག་ཤེས་པ་བཅས་བྱེད་དགོས་པ་ལས། དེ་ལྟ་མིན་པར་ཕན་ཚུན་ལ་དྲག་གནོན་དང་དྲག་རྒོལ། དམོད་མོ་དང་འཕྱ་སྨོད་བྱས་ནས་བསྡད་ན་འཆམ་མཐུན་ཡོང་སྲིད་པ་མ་རེད། དཔེར་ན་ཆུ་དང་མེ་བཞིན་རེད།

རྒྱུ་མཚན་དེའི་དབང་གིས་མི་དང་མིའི་བར་གྱི་ཞེ་འཁོན་དང་འཁྲུག་རྩོད། མི་རིགས་དང་མི་རིགས་བར་གྱི་ཞེ་འཁོན་དང་འཁྲུག་རྩོད། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་ཞེ་འཁོན་དང་འཁྲུག་རྩོད། སྲིད་གཞུང་དང་མི་དམངས་བར་གྱི་ཞེ་འཁོན་དང་འཁྲུག་རྩོད་ནི། འཆམ་མཐུན་པར་གྱུར་ཅིག་ཅེས་བརྗོད་ན་མཐུན་འགྲོ་བ་ཞིག་དང༌། ཞི་བདེ་བར་གྱུར་ཅིག་ཅེས་བརྗོད་ན་ཞི་བ་དང་བདེ་བར་གྱུར་འགྲོ་བ་ཞིག་གཏན་ནས་མ་རེད། རྒྱུ་མཚན་དེའི་དབང་གིས་པེ་ཅིན་སྲིད་གཞུང་གིས་ཀྱང་དུས་རྒྱུན་ཏཱ་ལའི་ཇག་ཚོགས་དང་ཁ་བྲལ་ཞེས་གོང་ས་མཆོག་ལ་དམོད་མོ་བྱས་ནས་འདུག་པ་ལས་ཐབས་ཤེས་སྣ་ཚོགས་ཀྱིས་རྒྱ་བོད་གཉིས་ཀྱི་གནད་དོན་འདི་ཐག་གཅོད་ལེགས་པོ་བྱས་ན་བཟང་བར་སྣང༌། དཔེར་ན། ནད་དང་མེ་ཕུང་ཆུང་དུས་སུ་བདག་བྱས་ན་ལེགས་པ་བཞིན་རེད་སྙམ། འདི་ནི་ངས་བསམ་སྦྱོར་བཟང་བོའི་ཀུན་སློང་གི་ངང་ནས་བརྗོད་པ་ཡིན།

གཉིས་པ། དོན་དངོས་ཀྱི་ལོ་རྒྱུས་ལ་གཡོ་འགེབ་ཅི་ལྟར་བྱས་ཀྱང་ནམ་ཞིག་རྫུན་ཡིན་པ་ལྷང་ལ་འབུད་ངེས་རེད། དུས་རབས་ཉེར་གཅིག་པའི་དུས་འདིར་བོད་མི་རིགས་ཀྱི་བསམ་གཞིག་གི་ནུས་མཐུ་ཡང་ཟླ་རེ་ནས་ལོ་རེ་བཞིན་གོང་ནས་གོང་དུ་འཕེལ་བཞིན་ཡོད་པས་ཕན་ཚུན་ལ་མགོ་སྐོར་གཏོང་རྒྱུའི་གོ་སྐབས་ནི་ཇེ་ཕྲ་ནས་ཇེ་ཕྲར་འགྱུར་བཞིན་ཡོད་པ་རེད། རྒྱུ་མཚན་འདིའི་དབང་གིས། རྒྱལ་ཁབ་ཡིན་ནའང་ཆོག དབུ་ཁྲིད་ཡིན་ནའང་ཆོག མགོ་ཁྲིད་ཡིན་ནའང་ཆོག མི་དམངས་ཡིན་ནའང་ཆོག ཚང་མས་དོན་དངོས་དང་གནས་ལུགས་ཕན་ཚུན་ལ་བརྗོད་ནས་ཚང་མས་སྟོབས་གས་གཅིག་འདུས་བྱེད་པ་ལས་ཕན་ཚུན་ལ་མགོ་སྐོར་དང་གཡོ་སྒྱུའི་བྱ་བས་སྟོབས་ཤུགས་གཅིག་འདུས་བྱེད་ཐུབ་པ་མ་རེད། ཕན་ཚུན་ལ་ཡིད་ཆེས་བྱ་ཐུབ་པ་མ་རེད། འདི་ལྟར་གནས་ལུགས་ཀྱི་སྟེང་ནས་བསམ་བློ་རེ་བཏང་ན་བོད་མི་རིགས་ཀྱི་སེམས་ཀྱི་ན་ཟུག་འདི་ཡང་དོན་དངོས་ཀྱི་ལོ་རྒྱུས་ཡ་ང་བ་དང༌། དོན་དངོས་ཀྱི་སྤྱི་ཚོགས་སྐྱུག་བྲོ་བའི་ཁྲོད་ནས་བྱུང་བ་ཞིག་ཡིན་པ་ར་སྤྲོད་བྱེད་ཐུབ་པ་རེད། དེ་ལྟ་མིན་པར་རྫུན་དང་གཡོ་སྒྱུའི་སྐུལ་སློང་གིས་མི་ཁྲི་སྟོང་མང་བོ་ལ་དུས་གཏན་དུ་མགོ་སྐོར་གཏོང་ཐུབ་པ་མ་རེད།

གསུམ། ལྔ་བཅུ་ང་བརྒྱད་དང་རིག་གནས་གསར་བརྗེ་ཡི་སྐབས་སུ་བོད་རིགས་མི་དམངས་ཁྲི་སྟོང་མང་བོ་དམར་གསོད་བཏང་བ་དང༌། བཙོན་ལ་བཅུག་པ། མུ་གེས་ཤི་བ་ནི་དོན་དངོས་ལོ་རྒྱུས་ཡིན་པས་དོན་དངོས་ལོ་རྒྱུས་དེ་མི་སུས་ཀྱང་བསུབ་ཐབས་གཏན་ནས་ཡོད་པ་མ་རེད། ད་དུང་དུས་རབས་ཉེར་གཉིས་པའི་སྐབས་འདིར་ཡང་སྐད་ཡིག་བཀོལ་སྤྱོད༌། ཚོང་ལས། ཁོར་ཡུག ཆབ་སྲིད་དབང་ཆ་སོགས་ཀྱི་ཕྱོགས་ནས་མི་རིགས་འདི་ལའང་འདྲ་མཉམ་གྱི་ཐོབ་སྐལ་ཞིག་ཐོབ་མེད་པའང་མིག་མཐོང་ལག་ཟིན་ཡིན་པས་འདི་དག་ནི་བོད་རིགས་མི་དམངས་ཀྱི་སེམས་ཀྱི་ན་ཟུག་ཆེན་པོར་གྱུར་ཡོད་པས་ཉིས་སྟོང་བརྒྱད་ནས་ད་ལྟའི་བར་བོད་ཁམས་ཡོངས་ཀྱི་ཞི་རྒོལ་ཆེན་མོ་རིམ་པར་བྱུང་བ་དང༌། ལྷག་པར་དུ་ད་ལྟའི་བར་དུ་བོད་མི་དགུ་བཅུ་ལྷག་གིས་རང་ལུས་སྦྱིན་སྲེག་གནང་སྟེ་ཞི་རྒོལ་བྱས་པའི་དོན་རྐྱེན་ཡ་ང་བ་འདི་ཡང་བྱུང་བ་རེད། རྒྱུ་མཚན་དེའི་དབང་གིས། པེ་ཅིན་སྲིད་གཞུང་གིས་བོད་རིགས་མི་དམངས་ཀྱི་སེམས་ཀྱི་ན་ཟུག་དེ་ཞི་བྱེད་ཀྱི་ཐབས་ཤེས་ལེགས་པོ་ཞིག་འཚོལ་བ་ལས། མེ་མདའ་དང་མེ་སྒྱོགས། གཅར་རྡུང་བཙོན་འཇུག་འཕྱ་སྨོད་སྐུར་འདེབས་སོགས་ཀྱིས་ན་ཟུག་དེ་གཏན་ནས་ཞི་བར་བྱེད་ཐུབ་པ་མ་རེད། རྒྱུ་མཚན་འདིར་དམིགས་ནས་ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་ཉིས་སྟོང་བཞི་ལོར་གནས་ཚུལ་འདི་འདྲ་འབྱུང་རྒྱུ་ཡིན་པས་དོན་རྐྱེན་སྔོན་འགོག་གི་སྙན་ཞུ་གང་ལེགས་ཞིག་བྲིས་ཏེ་སྲིད་འཛིན་ཧོའུ་ལ་ཕུལ་བར་ཧོའུ་ཡིས་དོ་སྣང་ཕྲན་བུ་ཡང་མ་བྱས་པས་ད་ལྟའི་གནས་བབ་འདི་འདྲ་ཞིག་ཡིན་པ་ཀུན་གྱིས་ཤེས་གསལ་ལྟར་རེད།

བཞི། མི་སུས་ཀྱང་རང་གི་ལྟོ་གོས་དང༌། ཁྱད་པར་དུ་ཚེ་སྲོག་མི་བསམ་མཁན་ཡོད་པ་མ་རེད། ཡིན་ནའང་དེ་དག་ཚང་མ་རྒྱབ་ཏུ་བསྐྱུར་ནས་ནུས་ཤུགས་འདོན་བཞིན་པ་འདི་ནི་སེམས་སུ་བཟོད་དཀའ་བའི་ན་ཟུག་ཅིག་ཡོད་པའི་དན་རྟགས་ངོ་མ་རེད། ན་ཟུག་གང་ཡིན་ཡང་དེ་ཞི་བར་བྱེད་པའི་སྨན་ཡོད་ངེས་རེད། སྨན་དེ་བཙལ་ན་ལེགས་པོ་རེད་སྙམ། རྒྱུ་མཚན་འདིའི་དབང་གིས། ངས་འདི་ལྟར་རང་ཉིད་བོད་རིགས་ཞིག་ཡིན་པའི་ཆ་ནས། ད་ལྟ་སྤྱི་མཐུན་རྒྱལ་ཁབ་འདིའི་དམངས་མི་ཞིག་ཏུ་གྱུར་ཡོད་པའི་ཆ་ནས། ང་དང་ངའི་མི་རིགས་ཀྱི་སེམས་ཀྱི་ན་ཟུག་ངོ་མ་དེ་པེ་ཅིན་སྲིད་གཞུང་ལ་བརྗོད་པ་ཡིན། སྙན་ཞུ་བྱས་པ་ཡིན། དེ་ལྟ་མིན་པར། ཡར་འཁོར་ནས་གོང་རིམ་མགོ་ཁྲིད་ལ་ངོ་དགའི་རྫུན་གཏམ་མང་བོ་བཤད། མར་འཁོར་ནས་མི་དམངས་ལ་རྫུན་གཏམ་མང་བོ་བཤད་བཞིན་པའི་མི་དེ་དག་ནི་ངས་གཡོ་སྒྱུ་ཅན་གྱི་ཝ་འདྲེ་སྐོར་ཞིག་ཏུ་ངོས་འཛིན་བྱས་ཡོད། ཁོ་ཚོས་སྲིད་གཞུང་གི་སྒོར་མོ་ཟ་ཐུབ་བྱེད་ལ། མི་དམངས་ཀྱི་རྔུལ་ཁྲག་འཐུང་ཐུབ་བྱེད་བཞིན་གང་ལའང་ཕན་པའི་བྱ་བ་ཅི་ཡང་མི་སྒྲུབ་པར་རང་དོན་བདག་གཅེས་ཁོ་ན་ལ་འབད་བཞིན་རྫུན་དང་གཡོ་སྒྱུའི་དུས་འདའ་བར་བྱེད་བཞིན་འདུག་སྙམ། མི་འདི་དག་གི་ཁྲོད་ན་བོད་ཀྱི་བླ་སྤྲུལ་སྐོར་ཞིག་ཀྱང་ཡོད་ལ། བོད་རིགས་མགོ་ཁྲིད་སྐོར་ཞིག་ཀྱང་ཡོད། ཁོ་ཚོས་མི་དམངས་ཀྱི་སྐྱིད་སྡུག་ངོ་མ་དེ་གོང་རིམ་ལ་ཡར་ཞུ་མི་བྱེད། གོང་རིམ་གྱི་སྲིད་ཇུས་ངོ་མ་དེ་མི་དམངས་ལ་ཐོབ་ཏུ་མི་བཅུག་པའི་མཇུག་འབྲས་ཤིག་ཀྱང་དོན་རྐྱེན་འདིའི་ནང་དུ་འདྲེས་ཡོད།

ངའི་རེ་བ་ནི་ཁོ་ཚོས་ཀྱང༌། ཡར་འཁོར་ནས་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོར་ཁ་ཡག་གི་མགོ་སྐོར་བཏང༌། མར་འཁོར་ནས་མི་དམངས་ལ་གཉའ་གནོན་གྱི་མནར་གཅོད་གཏོང་བ་ལས། ཡར་འཁོར་ནས་མི་དམངས་ཀྱི་ལུས་སེམས་ཀྱི་སྐྱིད་སྡུག་ངོ་མ་དེ་ཡར་ཞུ་བྱས། རེ་ལྟོས་ངོ་མ་དེ་ཡར་ཞུ་བྱས། དད་འདུན་ངོ་མ་དེ་ཡར་ཞུ་བྱས། མར་འཁོར་ནས་བཅའ་ཁྲིམས་ངོ་མ་དེ་ལག་བསྟར་བྱས་ན་དོན་རྐྱེན་ཆུང་དུ་འགྲོ་སྙམ་མོ།

ལྔ། ང་ཚོ་བོད་རིགས་མི་དམངས་ལ་མཚོན་ན། བརྒྱ་ཆའི་གོ་དགུ་ཡན་གྱི་སེམས་ཁོང་ན་རྒྱལ་བ་རིན་པོ་ཆེ་ནི་ཉི་འོད་བཞིན་བཞུགས་ཡོད་པས་ཁོང་ལ་རྒྱུན་དུ་དམོད་མོ་དང་དམའ་འབེབ་བྱས་ན་བོད་འབངས་སུ་ཞིག་གིས་དགའ་བསུ་མི་བྱེད་པ་མ་ཟད། སུས་ཀྱང་སེམས་ཀྱིས་བཟོད་ཐབས་བྲལ་བ་ཞིག་ཡིན་པས་རང་ནུས་ཅི་ཡོད་ཀྱིས་ཕྱིར་མི་དགའ་བའི་རྣམ་འགྱུར་སྟོན་ངེས་རེད། ངོ་མ་དམངས་གཙོ་ཟེར་བ་ཞིག་ཡོད་ན་བོད་རིགས་མི་དམངས་ཀྱི་བརྒྱ་ཆའི་གོ་དགུ་ཡན་ཀྱི་འདོད་བློ་དང་དགའ་ཕྱོགས་འདིར་པེ་ཅིན་སྲིད་གཞུང་གིས་ཀྱང་ཞིབ་འཇུག་དང་བསམ་གཞིག་གནང་ནས་གོང་ས་མཆོག་དང་ཡང་ན་ཁོང་གི་སྐུ་ཚབ་ལ་གྲོས་མོལ་གནང་སྟེ་ཁོང་ཕ་ཡུལ་དུ་གདན་ཞུ་བྱས་ན་ད་གཟོད་དོན་རྐྱེན་ཚབས་ཆེན་འདི་ཆུང་དུ་འགྲོ་སྲིད་སྙམ།

དྲུག ང་རང་བོད་པ་ཞིག་ཡིན་པའི་ཆ་ནས། ལྷག་པར་བོད་ཀྱི་གྲྭ་བ་ཞིག་ཡིན་པའི་ཆ་ནས། ངའི་རང་གི་སེམས་གཏམ་དེ་དག་རྫུན་དང་གཡོ་སྒྱུས་མ་བསླད་པར་དེ་རིང་པེ་ཅིན་སྲིད་གཞུང་ལ་སེམས་གཏམ་རླུང་བསྐུར་གྱི་ལམ་ནས་དྲང་མོར་བཤད་པ་ཡིན། ངས་རང་གི་མི་རིགས་ཀྱི་སེམས་ཀྱི་སྡུག་བསྔལ་དེ་རིང་དྲང་མོར་བཤད་པ་ཡིན། ངས་བོད་རིགས་མི་དམངས་ཀྱི་བརྒྱ་ཆའི་གོ་དགུའི་སེམས་ཀྱི་ན་ཟུག་ངོ་མ་དེ་མཚོན་པའི་རྩོམ་ཡིག་འགའ་བྲིས་པ་ཡིན། ངས་མ་དངུལ་རང་ཉིད་ཀྱིས་བཏང་ནས་ན་ཟུག་དེ་མཚོན་པའི་རྩོམ་ཡིག་འགའ་པར་སྐྲུན་བྱས་པ་ཡིན། ངས་གནས་ལུགས་མི་མཐོང་ཞིང་ཁྲིམས་ལུགས་མི་བརྩི་བའི་མུན་ནག་གི་ཁོར་ཡུག་གིས་རང་ཉིད་ལ་བཙོན་འཇུག་དང༌། ཡང་ན་གཅར་རྡུང་གི་མནར་གཅོད་གཏོང་བ་དང༌། མཐའ་ན་ཚེ་སྲོག་གི་ཉེན་ཁ་ཡོད་པར་བསམ་བློ་མ་བཏང་བར་བྱ་བ་འདི། འདི་ལྟར་བསྒྲུབས་དགོས་དོན་ཡང༌། ཞེ་འཁོན་དང་འཁྲུག་རྩོད་མེད་པའི་ཞི་བདེ་ངོ་མ་ཞིག་ལ་རེ་སྨོན་བྱས་ཡོད་པས་ཡིན། དམར་འཛིང་གི་འཐབ་འཁྲུག་མེད་པར་འཆམ་མཐུན་ངོ་མ་ཞིག་ལ་རེ་བཅོལ་བྱས་ཡོད་པས་ཡིན། དཔེ་དེབ་འདི་པར་དུ་བསྐྲུན་སྐབས་ང་ལ་ན་ཟུག་གང་མང་ཞིག་དང༌། མིག་ཆུ་གང་མང་ཞིག་གིས་སེམས་ཁམས་ཡོངས་སུ་བརླན་མྱོང༌། གང་ལྟར་ངས་གནས་ལུགས་ངོ་མ་ཞིག་གི་ཆེད་དུ། དྲང་བདེན་ངོ་མ་ཞིག་གི་ཆེད་དུ། ཐོབ་ཐང་ངོ་མ་ཞིག་གི་ཆེད་དུ། འདྲ་མཉམ་ངོ་མ་ཞིག་གི་ཆེད་དུ། ཞི་བདེ་ངོ་མ་ཞིག་གི་ཆེད་དུ། མཛའ་མཐུན་ངོ་མ་ཞིག་གི་ཆེད་དུ། ཡོད་ཚད་བསྐྱུར་ནས་འདི་ལྟར་བྱེད་དགོས་བྱུང་སོང༌། འདི་ནི་ངའི་དགའ་ཕྱོགས་ཡིན་ལ། ཕུགས་འདུན་ཡང་ཡིན། འདི་ནི་ངས་རང་ཉིད་དཔའ་བོ་ཞིག་ཡིན་པའི་དཔང་རྟགས་སུ་བཞག་པ་གཏན་ནས་མ་ཡིན་པར། ཡབ་མེས་ཚོའི་དཀའ་སྡུག་གི་མནར་གཅོད་དེའི་ཆེད་དུ་མིག་ཆུ་ཐེངས་ཤིག་བཏོན་པ་ཡིན། འདི་ནི་ངས་རང་ཉིད་མཁས་པ་ཞིག་ཡིན་པའི་འབྲས་རྟགས་སུ་ཕུལ་བ་གཏན་ནས་མ་ཡིན་པར་སྤུན་ཟླ་ཚོའི་ན་ཟུག་གི་ངུ་འབོད་དེའི་ཆེད་དུ་ངུ་ཤུམ་ཐེངས་ཤིག་བྱས་པ་ཡིན། དོན་ངོ་མར་ང་ནི་དཔའ་བོ་ཞིག་མིན། མཁས་པ་ཞིག་མིན། ཕྱུག་པོ་ཞིག་མིན། ཅི་ཡང་མིན་ནའང༌། གནས་ལུགས་དང་དྲན་བདེན་ཀྱི་ཀློང་ནས། སྤུན་ཟླ་མི་རིགས་ཀྱི་དཀའ་སྡུག་གི་གནས་བབ་དང་ལྷན་དུ་མིག་ཆུ་དང་ངུ་འབོད་ཐེངས་གཅིག་བྱས་པ་ཡིན།

མདོར་ན་ངས་པེ་ཅིན་སྲིད་གཞུང་ལ་མིག་གིས་ལྟ་མི་བཟོད་པ་དང༌། རྣ་བས་ཉན་མི་བཟོད་པའི་ད་ལྟའི་བོད་ཁམས་ཀྱི་དོན་རྐྱེན་ཡ་ང་བ་འདིར་པེ་ཅིན་སྲིད་གཞུང་གིས་འཕྱ་སྨོད་དང་སྐུར་འདེབས་བྱས་ཏེ་མི་འདུག་པར་དོན་རྐྱེན་གྱི་འབྱུང་རྩ་ངོ་མ་འདིར་ཀུ་ཡངས་དཀྱིལ་ཡངས་དང་རྒྱུ་འབྲས་དྲང་བདེན་གྱི་ཞིབ་འཇུག་ཅིག་བྱས་ཏེ། གོང་ས་མཆོག་དང་གྲོས་མོལ་གྱིས་བོད་མི་ཧ་ཅང་མང་བོས་རང་སྲོག་བློས་བཏང་གིས་སྐད་འབོད་གནང་བཞིན་པའི་རེ་བ་ནི་མདོར་ན་གཉིས་ཡོད་དེ། ༡གོང་ས་མཆོག་ཕ་ཡུལ་གདན་འདྲེན་ཞུས་ཏེ་མཇལ་ཁ་ཞིག་ཞུ་རྒྱུ། ༢བོད་འབངས་ཡོངས་ལ་རང་སྐྱོང་ཁེ་དབང་གཙང་མ་ཞིག་ཐོབ་རྒྱུ་དེ་གཉིས་ཡིན་པས་རེ་བ་ཕྲན་བུ་འདི་གཉིས་པེ་ཅིན་སྲིད་གཞུང་གིས་བསྐངས་ན་བོད་ཀྱི་ཡ་ང་བའི་དོན་རྐྱེན་འདི་མྱུར་ཏུ་སེལ་འགྲོ་བར་ང་ལ་ཡིད་ཆེས་བརྟན་པོ་ཡོད། དེ་ལྟ་མིན་པར་སྲིད་གཞུང་གིས་དྲག་གནོན་དང་དབང་ཤུགས་ཁོ་ན་བཀོལ་སྤྱོད་བྱས། མི་དམངས་ཀྱིས་ངོ་རྒོལ་དང་དམོད་མོ་ཁོ་ན་བྱས་ཏེ། དོན་རྐྱེན་ཇེ་ཆེ་ནས་ཇེ་ཆེར་སོང་ན་ནམ་ཞིག་སྤྱི་ཚོགས་ཁྲོད་དུ་ཆེས་གདུག་རྩུབ་ཆེ་བའི་དམར་འཛིང་གི་དོན་རྐྱེན་ཡང་འབྱུང་སྲིད་པས་ངས་སྔ་ས་ནས་སྔོན་འགོག་གི་ཕྱིར་ཏུ་པེ་ཅིན་སྲིད་གཞུང་ལ་མིག་ཆུ་དང་ངུ་སྐད་ཀྱིས་ཁེངས་པའི་སེམས་གཏམ་འདི་རླུང་བསྐུར་སྙན་ཞུའི་ཚུལ་དུ་ཕུལ་བ་ཡིན་ནོ།

ཟུར་ཞུ།

ངས་དཔེ་དེབ་འདི་ཐོག་མར་འབྲི་དུས་བོད་ཕྱི་ནང་གཉིས་ནས་བོད་མི་དྲུག་ཅུ་ལྷག་གིས་བོད་བསྟན་སྲིད་ཕྱིར་ཏུ་རང་ལུས་ཞུགས་འབུལ་གནང་ཡོད་ལ། དཔེ་དེབ་ལ་ཞུ་དག་བྱེད་སྐབས་སུ་བརྒྱད་ཅུ་  ལྷག་གིས་རང་ལུས་ཞུགས་འབུལ་གནང་ཡོད། འོན་ཀྱང་དཔེ་དེབ་དཔར་སྐྲུན་བྱེད་ལ་ཉེ་དུས་དགུ་བཅུ་ལྷག་གིས་རང་ལུས་ཞུགས་འབུལ་གནང་ཡོད་པས་དེབ་ཀྱི་ནང་དུ་བདུན་ཅུ་འམ་བརྒྱད་ཅུ་ཞེས་བྲིས་ཡོད་ན་ཡིག་ནོར་ཡིན།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

3 thoughts on “བཙན་པོའི་སྙིང་སྟོབས། – འགར་རྩེ་འཇིགས་མེད།

  1. དོན་འགྲུབ་བཀྲ་ཤིས།

    འགར་རྩེ་འཇིགས་མེད་ལགས་ཀྱིས་འདི་ལྟར་བཤད་འདུག “ང་རང་བོད་པ་ཞིག་ཡིན་པའི་ཆ་ནས་རང་གི་མི་རིགས་ཀྱི་ཐོབ་ཐང་རྩོལ་ལེན་ལ་རྡོག་བརྫུས་གཏན་ནས་མི་གཏོང༌། ང་རང་ཆོས་ལུགས་པ་ཞིག་ཡིན་པའི་ཆ་ནས་རང་གི་ཆོས་ལུགས་ཀྱི་དབུ་ཁྲིད་ལ་སྐུར་འདེབས་གཏན་ནས་མི་བྱེད། ང་རང་སྨྱུག་ཐོགས་པ་ཞིག་ཡིན་པའི་ཆ་ནས་དྲང་བདེན་དང་གནས་ལུགས་ཤུགས་ཀྱིས་སྒྲོག་ངེས། འདི་ནི་ངས་རང་རིགས་སྤུན་ཟླ་ཚོར་རང་སྲོག་གཏའ་མར་བཞག་ནས་དམ་བཅས་པ་ཡིན།”

  2. གསེར་འབྲུག་སྡེར་ལྔ་

    དོན་ངོ་མའི་བཙན་པོའི་སྙིང་སྟོབས་ཟེར་ན་འདི་འདྲ་ཡིན་རྒྱུ་རེད། མི་རིགས་ཀྱི་ལ་རྒྱ། མི་རིགས་ཀྱི་གདུང་ཞེན། མི་རིགས་ཀྱི་འདུ་ཤེས་སོགས་མདོར་ན་བཙན་པོའི་སྙིང་སྟོབས་དང་ཁྲག་རྒྱུན་ཞུར་བཞིན་པའི་མི་རིགས་ཀྱི་དཔའ་བོ་ཁྱོད་འདྲ་བ་གང་མང་བྱོན་པའི་སྨོན་འདུན་ཡོད་ལ། མནར་གཅོད་དང་བརྡུང་བརྡེག་ཚ་ནན་འོག་ནས་ཐར་བའི་རེ་བས་བལྟས་ཡོད།

  3. རྩོམ་པ་པོའི་སྙིང་སྟོབས་དང་རྣམ་དཔྱོད་ལ་ཡི་རངས་སྔགས་བརྗོད་ཞུ་རྒྱུ་ཡིན། སྒང་གི་དཀར་ཆག་ལ་བལྟས་པ་ཡིན་ན་དེབ་འདི་ལ་ཤོག་ཕྲེང་ 151 ཙམ་འདུག ག་ལེར་དུས་ཚོད་ཡོད་སྐབས་རྩོམ་ཡིག་རེ་རེ་བཞིན་ཞིབ་ཏུ་ཀློག་རྒྱུ་ཡིན།