དགྲ་ཁ་ནང་འཁོར།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༩༧ སྟེང་གི་རྩོམ་སྒྲིག་པའི་གཏམ།

བོད་རང་བཙན་དང་རང་སྐྱོང་གཉིས་བོད་མི་ཚོའི་མངོན་འདོད་དང་ཕུགས་བསམ་རེད། འདི་བོད་མི་ཚོའི་ཐོབ་ཐང་དང་བདེན་དོན་ཞིག་ཀྱང་རེད། མངོན་འདོད་འདི་གཉིས་ད་ལྟ་ད་དུང་རྒྱ་ལག་ཏུ་ལྷག་ཡོད། ང་ཚོས་འཐབ་རྩོད་བྱེད་ས་དང་ལས་འགུལ་གྱི་ཁ་རྒྱ་ནག་ལ་གཏོད་དགོས། མངོན་འདོད་འདིའི་ཆེད་དུ་བོད་མི་མང་པོ་བཙན་བྱོལ་དུ་གྱར་ནས་མི་ལོ་ལྔ་བཅུར་འཐབ་རྩོད་བྱས་པར་གྲུབ་འབྲས་མ་སོན་ཡང་། འདིའི་ལས་ཁག་ཡོངས་རྫོགས་རྒྱ་གཞུང་ལ་དཀྲི་དགོས། བོད་རང་བཙན་མི་སྤྲོད་མཁན་བོད་པ་ནང་ཁུལ་མིན་ལ། བོད་རང་སྐྱོང་མ་ཐོབ་པའི་བཀག་རྡོ་ཡང་བོད་པ་ནང་ཁུལ་ན་མེད། བོད་མི་ཚོས་འདི་ལ་ངོས་ཟིན་གསལ་བོ་གནང་སྟེ་འཐབ་རྩོད་དང་རྒྱལ་ཕམ་རྒྱ་ནག་ལ་རྩོད་པའི་སྙིང་སྟོབས་དང་ཆོད་སེམས་བརྟན་པོ་འཛིན་དགོས།   

        ཁ་ཞེ་གཉིས་མེད་ཀྱིས་རང་བཙན་ལ་ཡིད་ཆེས་དང་རེ་སྨོན་བྱེད་མཁན་ཚོར་ཅི་ཁག གཞོན་དུས་དགའ་བའི་ཆུང་མ་མ་བླངས། རྒས་དུས་སྐྱིད་པའི་ཁྱིམ་གཞིས་མ་བསྐྱངས། དུས་རབས་ཕྱེད་ལྷག་རིང་རང་བཙན་རུམ་ནས་མི་ཚེ་རྫོགས་པར་འཁྲེང་སེམས་ལོས་ཡོད། ཁྱིམ་མཚེས་རྒྱལ་ཁབ་དང་ཉེ་འབྲེལ་མི་རིགས་ཚང་མས་རང་དབང་རང་བཙན་ལོངས་སུ་སྤྱོད་བཞིན་པར་ཡིད་སྨོན་ལོས་ཤོར། ལུས་ངག་ཡིད་གསུམ་ནས་དབུ་མར་དད་འདུན་ཡོད་མཁན་ཚོར་ཅི་ཁག གཞིས་བྱེས་གཉིས་སུ་གྱེས་ཏེ་མི་ལོ་ལྔ་བཅུ་ཕྱིན་ཤུལ་ན། རྒྱ་མི་སྔོན་པོས་ཕ་ས་སྔོག་ནས་ཚར་གྱི་ཡོད། མ་སྐད་གཏོར་ནས་ཉམས་ཀྱི་ཡོད་པའི་བྲེལ་ཤ་ལོས་འདར། འཛམ་གླིང་ཤར་ནུབ་འདྲེས་ཏེ་གོ་ལ་གཅིག་གྱུར་དང་། རྒྱལ་ཁབ་བར་གྱང་གཏོར་ནས་སྤྱི་མཐུན་མཉམ་འབྲེལ་ཆགས་ཀྱིན་ཡོད་པར་རེ་སྨོན་ལོས་ཤོར།

        རང་བཙན་ཁ་འཁྱེར་དང་སྒེར་དོན་ཁོག་བཅུག་བྱེད་མཁན་ཚོས་རྒྱ་གཞུང་གིས་བོད་དོན་སྲིད་ཇུས་མཁྲེགས་འཛིན་དང་བོད་ནང་དམ་དྲག་བྱེད་པ། ༸གོང་ས་མཆོག་དང་བཙན་བྱོལ་བོད་མིར་དམའ་འབེབས་མཐོང་ཆུང་ཅི་ཙམ་བྱས་ན། དེ་ཙམ་གྱིས་དབུ་མའི་སྲིད་བྱུས་ཕམ་ཉེས་སུ་འགྲོ་བཞིན་ཡོད་པའི་དགའ་བ་སྒོམ་པ་དང་། རང་བཙན་ལངས་ཕྱོགས་ཇེ་བརྟན་དང་རྒྱབ་དཔུང་ཇེ་མཐུག་ཏུ་འགྲོ་བཞིན་ཡོད་པའི་འཁྲུལ་སྣང་སྐྱེ་བཞིན་འདུག དབུ་མར་དད་པ་དག་སྣང་ཡོད་མཁན་ཚོས་ཀྱང་རྒྱ་གཞུང་གིས་འདས་པའི་བོད་རྒྱའི་ལོ་རྒྱུས་ལ་འཁྱོག་བཤད་དང་དངོས་ཡོད་གནས་ཚུལ་ལ་ལོག་འགྲེལ་ཇི་ལྟར་བརྒྱབ་ཀྱང་མགོ་བོ་ལྕོག་ལྕོག་གིས་བདེན་ཁ་སྟེར་བ་དང་། གཏོར་རྒོལ་གཏུམ་སྤྱོད་ཀྱི་བཤད་སྤྱོད་ཅི་ཙམ་སྤེལ་ཡང་རང་བཙན་ཕམ་པར་རྒྱག་ཐབས་ལ་སྦ་གསང་བྱེད་པ་དང་། ཐ་ན་ཕྱི་ཐུམ་མཛེས་པོ་རེ་གཡོགས་ཏེ་མི་མང་ལ་མགོ་སྐོར་གཏོང་བའི་ཉེན་ཁ་ཡང་མེད་པ་མ་རེད། 

        ལྷ་བདུད་དུ་བབ། གཉེན་གཤེད་དུ་བབ་ཟེར་བ་བཞིན། སྐབས་འཚོལ་རིང་ལུགས་པ་འདི་དག་གིས་ཁ་ནང་ལ་འཁོར་ནས་ཆབ་སྲིད་ལངས་ཕྱོགས་འདི་གཉིས་ཀྱི་ས་མཚམས་ཇེ་གསལ་དང་། སེར་ཁ་ཇེ་ཟབ་ཏུ་གཏོང་ཐབས་ལ་འབད་ཀྱིན་འདུག ཁུ་སིམ་སིམ་དབུ་མ་དང་རང་བཙན་ནང་ཁུལ་ལ་གཡུལ་བཤམས་ཏེ་འཐབ་རྭ་སྒྲིག་གི་འདུག རྒྱལ་ཕམ་ཐག་གཅོད་ཀྱི་འཐབ་རྩོད་འདིར་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་དཔུང་སྒྲིག་གི་འདུག འདི་གཉིས་བར་ན་ཞེ་འཁོན་དང་ཆོལ་ཁ་ཆོས་ལུགས་ཀྱི་སྐྱག་དྲི་ཞིག་ཀྱང་ཁ་ཡོང་གི་འདུག སྐྱུག་བྲོ་བའི་འགྲན་རྩོད་འདིའི་ཁྲོད་ནས་རང་བཙན་དང་དབུ་མ་སུ་ཞིག་རྒྱལ་ཡང་བོད་རྒྱལ་མེད་ལ། སུ་ཞིག་ཕམ་ཡང་ཕར་ངོས་ན་དགྲ་བོ་སྔར་བཞིན་སྟོབས་ཀྱིས་འགྱངས་ཡོད་པ་ཤེས་དགོས།    

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply