དམངས་གཙོ་གཞོགས་ཕྱེད།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༠༡ སྟེང་གི་རྩོམ་སྒྲིག་པའི་གཏམ།

ལོ་རེའི་ཕྱི་ཟླ་དགུ་བའི་ཚེས་གཉིས་ཉིན་ནི་བོད་ལྗོངས་དམངས་གཙོའི་ཉིན་མོར་སྲུང་གཙི་བྱེད་ཀྱིན་ཡོད། བོད་པའི་གསར་ལམ་ཁག་དང་རྩོམ་པ་པོ་ཚོར་མཚོན་ནའང་ཉིན་མོ་འདིར་ཧ་ཅང་དོན་སྙིང་ལྡན། ༧གོང་ས་མཆོག་གིས་དམངས་གཙོ་གསོལ་བསྩལ་གནང་བའི་བཤད་སྒྲོས་དང་། མི་ལོ་ལྔ་བཅུར་དམངས་གཙོ་ལག་ལེན་བསྟར་བའི་མྱོང་བྱང་གི་ལམ་བུར་ཕྱིར་མིག་བལྟས་ན། བཙན་བྱོལ་བོད་མིའི་དམངས་གཙོ་འདི་ད་དུང་ཧ་ཅང་ཉམ་ཆུང་གི་དམངས་གཙོ་ཞིག་དང་། དབུལ་ཕོངས་ཀྱི་དམངས་གཙོ་ཞིག གཞོགས་ཆད་ཀྱི་དམངས་གཙོ་ཞིག་གི་དུས་རིམ་ན་གོག་འགྲོ་བྱེད་བཞིན་ཡོད།

        ངྷ་རམ་ས་ལར་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་བཙུགས་ཏེ་དམངས་གཙོ་དར་སྤེལ་གཏོང་གི་ཡོད་ལ། སྤྱི་འཐུས་ལྷན་ཚོགས་ཀྱིས་ག་ས་གང་དུ་དམངས་གཙོ་བསྒྲགས་ཤིང་ལོ་འཁོར་སྔོན་རྩིས་ནང་དུ་ཡང་དམངས་གཙོའི་འཕེལ་རིམ་སྐོར་ལ་མ་དངུལ་ཟུར་བཅད་བྱེད་ཀྱིན་ཡོད། དགོན་སྡེ་དང་སློབ་གྲྭ ཚོགས་པ་སྒྲིག་འཛུགས་དང་མཁས་པ་མི་སྒེར་སོགས་ཀྱིས་ཀྱང་དམངས་གཙོར་བགྲོ་གླེང་དང་དམངས་གཙོར་རྩོམ་ཡིག་སྤེལ་བ། མདོར་ན་བཙན་བྱོལ་སྤྱི་ཚོགས་ཀྱི་མགོ་མཇུག་བར་གསུམ་ནས་དམངས་གཙོ་རྒྱབ་ལ་གྱོན་ཞིང་དམངས་གཙོ་ཁ་ལ་བཟའ་བཞིན་ཡོད།   

        ང་ཚོར་སྒང་ནས་སྒྲིག་གཞིས་བཀག་སྟེ་དམངས་གཙོ་མ་སྤྲད་པའི་དཀའ་ངལ་ཡེ་ནས་མེད་ལ། འོག་ནས་དམངས་གཙོ་མ་གོ་མ་ཤེས་པའི་དཀའ་ངལ་ཡང་ཧ་ལམ་མེད། རྒྱལ་ཁབ་དང་མི་རིགས་གཞན་དང་བསྡུར་ན། བཙན་བྱོལ་བོད་པའི་དམངས་གཙོ་འདི་ཧ་ཅང་ལོ་གཞོན་མིན་ལ་དེ་ཙམ་བགྲེས་སོང་ཡང་མིན་མོད། ང་ཚོའི་དམངས་གཙོའི་དཀའ་ངལ་གཙོ་བོ་ཞིག་ནི། ཁྲིམས་ལུགས་དབང་འཛིན་དང་ཁྲིམས་བཟོ་ལྷན་ཚོགས། འཛིན་སྐྱོང་བཀའ་ཤག་སོགས་ཕྱི་ལྟར་དུ་དམངས་གཙོའི་ཆ་ལག་ཡོངས་སུ་ཚང་ཡོད་ཀྱང་། ནང་ལྟར་དུ་ཁྲིམས་ལུགས་དབང་འཛིན་རང་རྐྱ་བ་ཞིག་མེད་པ་དེས་བཙན་བྱོལ་བོད་པའི་དམངས་གཙོ་གཞོགས་ཕྱེད་ཆགས་ཡོད།

        དམངས་གཙོ་ཞེས་པ་མི་དམངས་ཀྱི་དབང་བསྒྱུར་ལ་གོ་དགོས་ན་ནི། དམངས་གཙོ་ལག་ལེན་བྱེད་མཁན་མི་དམངས་ལ་ཤེས་ཚད་ལོང་དགོས་པ་ཆ་རྐྱེན་དང་པོ་ཡིན། ཆོལ་ཁ་ཆོས་ལུགས་དང་མི་རིགས་སྐད་ཡིག་ཕྱོགས་འཐེན་གྱི་གཉེན་པོ་དམངས་གཙོ་ཡིན་ལ། རྒྱལ་ཁབ་དར་རྒྱས་དང་མི་མང་མཐུན་སྒྲིལ་གྱི་ཟམ་པ་ཡང་དམངས་གཙོ་ཡིན། བོད་མིའི་གཤིས་སུ་རང་ཆས་སུ་ཡོད་པའི་ལམ་དང་ལུགས་སྲོལ་ཁག་ཅིག་དང་། ལམ་ལུགས་དེ་དག་གིས་བསྐྱེད་པའི་ལས་སྣེ་རེ་ཟུང་གི་ཀུན་སྤྱོད། དེ་བཞིན་མང་ཚོགས་བྱིངས་ནང་དམངས་གཙོའི་འདུ་ཤེས་ཞན་པ་སོགས་ནི། གངས་ལྗོངས་དམངས་གཙོ་དར་རྒྱས་ཀྱི་བཀག་རྡོ་ཡིན།

        ཤེས་ཡོན་དང་བསམ་བློས་ཕོངས་པའི་སྤྱི་ཚོགས་ནང་དམངས་གཙོ་ནི་ཧ་ཅང་ཉེན་ཁ་ཆེ་ཞིང་། ཆབ་སྲིད་ནད་འབུ་འཛུལ་སའི་བརྒྱུད་ལམ་ཉག་གཅིག་ཀྱང་འདི་ཡིན། ཡང་དག་པ་དང་ཐུན་མོང་མ་ཡིན་པའི་ཟེར་སྒྲོས་རེ་ཞིག་ལོགས་སུ་བཞག་སྟེ་རྒྱལ་ཁབ་མེད་པའི་སྤྱི་ཚོགས་ཤིག་གི་ངོས་ཐད་ནས་གླེང་ན། འོས་འགན་དང་པོ་དང་ཁེ་དབང་གཉིས་པར་འཇོག་དགོས། སྤྱི་ཚོགས་དེའི་ནང་གི་མི་མང་ཚོས་དམངས་གཙོའི་རྒྱལ་ཁབ་གཞན་གྱི་མི་མང་ལས་ལྷག་གི་ལས་འགན་འཁྱེར་དགོས་པ་དང་། ལས་ཀྱི་སྣེ་མོར་གཏོགས་མཁན་ཚོས་ཀྱང་དམངས་གཙོའི་མགོ་ཁྲིད་གཞན་དག་ལས་ལྷག་གི་དཀྱེལ་ཡངས་གནང་དགོས། བོད་པའི་རྩ་དོན་འཐབ་རྩོད་ཁྲོད་དམངས་གཙོ་དགོས་མཁོ་ཆེ་ལ། བོད་པ་མི་སྒེར་རེ་རེའི་ཁེ་ཕན་ཐོག་ལ་ཡང་དམངས་གཙོ་མེད་ཐབས་མེད་དོ།།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply