དགུན་འཁྱག་གི་ཉེན་བརྡ་གཞན།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༡༥ སྟེང་གི་རྩོམ་སྒྲིག་པའི་གཏམ།

   དགུན་ཟླའི་གནམ་གཤིས་ཇེ་འཁྱག་ཏུ་ཕྱིན་པ་དང་བསྟུན་ཏེ་ངྷ་སའི་ཁྲོམ་གཞུང་གི་མི་ཚོགས་དག་ཀྱང་རིམ་བཞིན་ཇེ་ཉུང་དུ་འགྲོ་བཞིན་འདུག་ལ། ངྷ་སའི་ཚོང་ཁང་ཟ་ཁང་ཁག་གི་ལས་ཀ་བ་དག་ཀྱང་སྦྱིན་བདག་ངོ་སྡུག་ཚོའི་མིག་འོག་ནས་ལྷོད་ཡང་ཐོབ་སྟེ་ཉི་མར་ལྡེ་རྒྱུའི་གོ་སྐབས་ཐོབ་འདུག ངྷ་རམ་ས་ལའི་དགུན་འཁྱག་གི་ཁ་དོག་འདིའི་རྒྱབ་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་དབྱར་གཞུང་རྫོགས་ཏེ། གྲང་ངར་གྱི་དགུན་ཟླ་རིང་མོ་གཞན་ཞིག་གི་འཇབ་རྒོལ་ཉེ་སར་སླེབ་མེད་དམ་སྙམ་པའི་སེམས་ཚོར་ཞིག་གིས་བོད་པ་སྤྱི་སེམས་ཅན་དག་གི་བྲང་གཞུང་ཡང་ཡང་རྡུང་གི་ཡོད།

   འདས་པའི་ལོ་ངོ་གསུམ་བཞིའི་ཚུན་དུ་ངྷ་ས་ཁུལ་དུ་མི་འབོར་ཇེ་ཉུང་དུ་ཕྱིན་སོང་། ཕྱི་གླིང་མགོ་སེར་ཚོ་དང་བོད་ནས་ཕེབས་པའི་གསར་འབྱོར་བ་ལོ་རེ་བཞིན་ལྡབ་ནས་ལྡབ་ཇེ་ཉུང་དུ་འགྲོ་བཞིན་འདུག ངྷ་སའི་སྤྲང་ཚོགས་བྲི་བ་དང་བསྟུན་ཏེ་ངྷ་སའི་ཡུལ་མི་དང་སྐྱབས་བཅོལ་བོད་པའི་བར་གྱི་གླེང་རྙོག་དག་ཀྱང་རིམ་བཞིན་ཞི་འཇགས་སུ་ཕྱིན་སོང་ལ། གསར་འབྱོར་རྙིང་འབྱོར་གྱི་ལབ་གླེང་དག་ཀྱང་ཡལ་བཞིན་འདུག དེང་སྐབས་ངྷ་ས་གཡས་གཡོན་དུ་ཁང་པ་མ་རག་པའི་དཀའ་ངལ་མི་འདུག་ལ། རྒྱ་གར་ཚོང་བ་དང་ཡུལ་མི་ཁང་བདག་ཚོའི་རྣམ་འགྱུར་ཡང་ཇེ་ཡག་ཏུ་ཕྱིན་འདུག

   ངྷ་རམ་ས་ལའི་མི་འབོར་ཇེ་ཉུང་དུ་འགྲོ་བཞིན་པའི་སྣང་ཚུལ་འདི་བོད་མིའི་འདུས་སྡོད་ས་གནས་གཞན་དག་ཏུའང་མཐོང་རྒྱུ་ཡོད་ཅིང་། ལྷག་པར་དུ་དགོན་སྡེ་ཁག་དང་སློབ་གྲྭ་ཁག་ཏུ་ཧ་ཅང་མངོན་གསལ་རེད། དེང་སྐབས་སློབ་གྲྭ་རེ་ཟུང་གིས་སློབ་ཕྲུག་རྩོད་པ་དང་དགོན་པ་གྲྭ་ཚང་རེ་ཟུང་གིས་གྲྭ་རྒྱུན་རྩོད་གླེང་བྱེད་ཀྱིན་འདུག གནས་ཚུལ་འདི་དག་གིས་ངྷ་སའི་གཞུང་དང་ཚོགས་པ་ཁག་ལ་རིག་པ་བསྒྲིམ་དགོས་པའི་དྲན་སྐུལ་གཏོང་གི་ཡོད་ཅིང་། ༧གོང་ས་མཆོག་ངྷ་སར་བཞུགས་ཡུན་ཇེ་ཐུང་དུ་ཕྱིན་པ་དང་བསྟུན་ཏེ་ཕྱི་རྒྱལ་མགོ་སེར་ཚོ་ངྷ་ས་དང་ཁ་གྱེས་བཞིན་པ་འདིས་ཀྱང་འཇིགས་སུ་རུང་བའི་ཉེན་བརྡ་གཞན་ཞིག་ལ་དྲན་སྐུལ་གཏོང་གི་ཡོད།

   ཉེ་ཆར་ཤེས་རིག་ཚོགས་ཆེན་ཐེངས་དྲུག་པའི་སྟེང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གཞིས་ཆགས་ཁག་དང་སློབ་གྲྭ་ཁག་ཏུ་མི་འབོར་ཇེ་ཉུང་དུ་འགྲོ་བཞིན་ཡོད་སྟབས། གཞས་ཆགས་དང་སློབ་གྲྭ་ཆུང་བ་ཁག་ཟླ་སྒྲིལ་བཏང་སྟེ་མ་འོངས་པའི་ལོ་བཅུ་ནས་བཅོ་ལྔའི་འཆར་གཞི་བསྒྲིག་དགོས་གསུངས་པ་དེ། བོད་པའི་གཏམ་དཔེ་ལ་གནམ་གང་ཉིན་རྟ་ཟོས་ཏེ་ཚེས་གཅིག་ཉིན་ཇག་ལ་ཕྱིན་ཟེར་བ་ཆགས་ཉེན་འདུག་ཀྱང་། ད་དུང་གཏམ་བཤད་ཀྱི་ཞོར་འཕྲོས་སུ་བཞག་སྟེ་ཅི་ཞིག་ལ་སྒུག་བསྡད་ན་རི་ལུག་པ་ཐག་པས་མི་འདོམ་པའི་ཉེན་ཁ་ཇེ་ཉེ་ཡིན་ལ། དུས་ཐུང་ནང་བོད་པ་བོད་དུ་ལོག་ཐུབ་པར་གདེང་ཚོད་མེད་ན། བསམ་བློ་བསྐྱར་དུ་བཏང་སྟེ་འཆར་གཞི་གསར་པ་བསྒྲིག་རྒྱུའི་དུས་ཚོད་བསླེབས་པའི་མི་ཚད་ཕྱི་ཡོད།

    སྔོན་མ་ཞིག་ལ་མི་རིགས་གཞན་ཡིན་པའི་བོད་པའི་གྲོགས་པོ་ཤེས་ཡོན་ཅན་ཞིག་གིས་ངྷ་སའི་གཞུང་ལ། བྷེ་བྷེ་སི་དང་སི་ཨན་ཨན་སོགས་རྒྱལ་སྤྱིའི་གསར་ཁང་ཆེ་ཁག་གིས་ཏཱ་ལའི་བླ་མ་སྐུ་གྲོངས་པའི་གསར་འགྱུར་གྱི་སྒྲོམ་གཞི་བཟོས་ཚར་འདུག ཁོང་ཚོའི་གསར་འགྱུར་ནང་གཅིག་རང་ཆད་ཡོད་པ་ནི། ག་དུས་གང་ནས་ཇི་ལྟར་གྲོངས་པ་ཁ་སྐོང་གི་ཚུལ་དུ་བཞག་ཡོད། ངྷ་རམ་ས་ལའི་གཞུང་དམངས་ལ་སེམས་ཚོར་གང་འདྲ་ཡོད་པ་དང་གྲ་སྒྲིག་ཅི་ཞིག་བྱས་ཡོད་དམ་ཞེས་དྲི་བ་བཏོན་པ་དེ་བོད་མི་ཚོར་མཚོན་ན་ཅི་འདྲའི་རྣོན་པོ་ཞིག་དང་། ཅི་འདྲའི་འཇིགས་སུ་རུང་བའི་དྲི་བ་ཞིག་རེད་ཨང་།།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply