དེ་རིང་བོད་ཀྱི་དུས་བབ་གསར་ཁང་དབུས་ལས་ཁུངས་ནས་ཁ་པར་བརྒྱུད་དེ། ལ་དྭགས་དུས་འཁོར་དབང་ཆེན་ཐོག་གནས་ཚུལ་བསྡུ་རུབ་གནང་བཞིན་པའི་གསར་འགོད་པ་དོན་གོ་ལགས་སུ། དུས་དབང་ཐེངས་ ༣༣ པའི་སྐོར་གྱི་ད་ལྟའི་གནས་སྟངས་དང་ལ་དྭགས་སླེ་ཁུལ་གྱི་གནས་ཚུལ་སྐོར་ལ་བཅར་འདྲི་ཞུས།
 དྲི་བ། ད་ལྟའི་ཆར་ལ་དྭགས་སླེའི་དུས་འཁོར་དབང་ཆེན་དབུ་འཛུགས་ཀྱི་གནས་སྟངས་གང་འདྲ་འདུག
ལན། ད་ལྟ་ཕྱོགས་མཐའ་ཁག་ནས་ཆོས་ཞུ་བ་ཧ་ཅང་ཕོན་ཆེན་པོ་འཛོམས་འདུག གོ་སྒྲིག་ཚོགས་ཆུང་གིས་བརྗོད་པ་ལྟར་ན་ད་ལྟ་ཆོས་ཞུ་བ་ ༡༢༥༠༠༠ ཙམ་གྱིས་ཐོ་འགོད་བྱས་འདུག་ཟེར། གསུང་ཆོས་ར་བའི་ཕྱོགས་སོ་སོར་སྒོ་ཆེན་ ༡༢ ཙམ་བཟོས་འདུག སྐུ་མགྲོན་གཙོ་བོ་ཁག་ཕེབས་སྒོ་ཞིག་དང་། བོད་ནས་ཡོང་མཁན་ཚོར་ཕེབས་སྒོ། དེ་བཞིན་གསར་འགོད་པ་དང་ལ་དྭགས་ཡུལ་མི་བཅས་ཕེབས་སྒོ་སོ་སོར་གོ་སྒྲིག་བྱས་འདུག ཆོས་རྭའི་སྟེང་གི་བརྒྱ་ཆ་ ༥༠ ལྷག་ལ་གུར་ཕུབ་འདུག ཆོས་རྭའི་ནང་སྒྲ་སྒམ་དང་བརྙན་ཡོལ་ཆེན་པོ་མང་པོ་བཙུགས་ཏེ་ཆོས་ཞུ་བ་ཚོས་༧གོང་ས་མཆོག་གི་གསུང་ཐོས་རྒྱུ་དང་ཞལ་འཇལ་རྒྱུ་སོགས་ལ་དཀའ་ངལ་མི་འདུག
དྲི་བ། ཆོས་ཞུ་བ་ཚོར་ཞབས་ཞུ་དང་ཉིན་རེའི་མཛད་རིམ་ཇི་ལྟར་གོ་སྒྲིག་བྱས་འདུག
ལན། ད་རེབ་གོ་སྒྲིག་ཚོགས་ཆུང་དང་མཉམ་དུ་ལ་དྭགས་ས་གནས་བོད་ཀྱི་གཞོན་ནུ་དང་བུད་མེད། རྒྱ་གར་ལྷོ་ཕྱོགས་ཀྱི་ས་གནས་ཁག་ ༧ ཙམ་ནས་ཕེབས་པའི་གཞོན་ནུའི་རུ་ཁག་བཅས་ཀྱིས་མཉམ་རོབ་ཐོག་ཞབས་ཞུ་སྒྲུབ་བཞིན་འདུག ཅ་ལག་བོར་བརླག་དང་མི་འཚོལ་བ་སོགས་དྲིལ་བསྒྲགས་ཀྱི་ལས་དོན་ཡོངས་རྫོགས་ཁོ་རང་ཚོས་སྒྲུབ་བཞིན་འདུག དེ་ནས་ལ་དྭགས་ཁོ་རང་ཚོའི་གཞོན་ནུའི་རུ་ཁག་ཅིག་གིས་ཀྱང་ཆོས་ཞུ་བ་ཚོར་ཞབས་ཞུ་ཡག་པོ་སྒྲུབ་བཞིན་འདུག ༧གོང་ས་མཆོག་གི་གསུང་ཆོས་ལས་རིམ་དེ་ཞོགས་པའི་ཆུ་ཚོད་ ༧།༣༠ པ་ནས་ ༡༡།༣༠ བར་དང་། ཉིན་རྒྱབ་ཆུ་ཚོད་ ༡༢།༣༠ ནས་ ༣།༣༠ བར་རེད། ཞོགས་པ་སྔ་བོ་ཆུ་ཚོད་བཞི་བ་ལྔ་པ་ནས་ཆོས་ཞུ་བ་ཚོ་གསུང་ཆོས་རྭ་བའི་ནང་སྐྱོད་བཞིན་འདུག
དྲི་བ། ཉེ་ལམ་དུས་དབང་གོ་སྒྲིག་ཚོགས་ཆུང་གིས་གསལ་བསྒྲགས་གནང་བ་ལྟར་གྲ་སྒྲིག་གི་གནས་སྟངས་གང་འདྲ་ཡོད་པ་དང་ཆོས་ཞུ་བ་ཚོར་དཀའ་ངལ་གང་དག་འཕྲད་གྱི་འདུག
ལན། དུས་དབང་གོ་སྒྲིག་ཚོགས་ཆུང་གིས་ཉེ་ལམ་གསར་འགོད་གསལ་བསྒྲགས་གནང་བ་ལ་བརྒྱ་ཆ་ ༦༠ ཙམ་ཞིག་འགྲུབ་འདུག་བསམ་པ་བྱུང་། དཀའ་ངལ་ཟེར་ན་འདྲ། ལ་དྭགས་སླེ་ནས་ལྕོག་ལམ་ས་བར་ལམ་ཐག་རིང་བ་དང་རླངས་འཁོར་མེད་པའི་དཀའ་ངལ་ཆེན་པོ་འདུག དེ་ནས་ཆོས་ཞུ་བ་ཚོའི་སྡོད་གུར་ཡང་གུར་ཧྲིལ་བོ་ཞིག་མིན་པར་སྟེང་རས་དང་ཟུར་གཉིས་ཚགས་རས་ལྟ་བུ་ཞིག་ཡིན་སྟབས། སྔ་དགོང་ལ་གྲང་མོ་དང་ཉིན་གུང་ཚ་བ་ཆེན་པོ། རླུང་གཡུག་སྐབས་གུར་ནང་ལ་ས་རྡུལ་འཚུབ་ཡོང་གི་འདུག དེ་མ་གཏོགས་དཀའ་ངལ་མི་འདུག་བསམ་བསམ་བྱུང་སོང་། ད་ལོ་ཕྱོགས་མཐའ་ཁག་ནས་ཕེབས་མཁན་ཚོར་ས་ཚིགས་ཁག་ཏུ་དོན་རྐྱེན་བྱུང་བ་དང་། ལ་དྭགས་སུ་འབྱོར་རྗེས་ས་ཆ་དང་གནམ་གཤིས་མ་འཕྲོད་པའི་དཀའ་ངལ་སོགས་གོ་རྒྱུ་མི་འདུག
དྲི་བ། ཁྱེད་རང་སྔོན་མ་ལ་དྭགས་ལ་འགྲོ་མྱོང་ཡོད་དམ། ད་རེས་ཚོར་བ་གང་འདྲ་བྱུང་སོང་།
ལན། ང་ད་རེབ་ལ་དྭགས་ལ་སྐྱོད་པ་ཐེངས་དང་པོ་ཡིན། ལམ་བར་ནས་དཀའ་ངལ་གང་འཚམ་འཕྲད་སོང་། ལམ་ཐག་ཧ་ཅང་རིང་པོ་ཡིན་པའི་ཚོར་བ་ཞིག་བྱུང་སོང་། ཚུར་ལ་དྭགས་ནང་སླེབས་སྐབས་གངས་རི་དང་སྤང་ཐང་། དགོན་པ་སོགས་མང་པོ་མཐོང་རྒྱུ་འདུག དེ་དག་མཐོང་ཡོང་སྐབས་བོད་ནང་བསླེབས་པ་ལྟ་བུ་ཞིག་ཚོར་གྱི་འདུག ལམ་ཁ་གཡས་གཡོན་དུ་ནོར་ལུག་དང་། རྟ་དང་ར་མ་སོགས་ཀྱང་མཐོང་རྒྱུ་འདུག ས་གཤིས་དང་རི་ཐང་སོགས་སྟོད་མངའ་རིས་ཕྱོགས་དང་འདྲ་བོ་འདུག ལ་དྭགས་ཡུལ་མི་ཚོའི་གྱོན་ཆས་དང་རྒྱན་ཆ་འདོག་སྟངས་དེ་སོག་པོར་དང་འདྲ་བོ་ཞིག་མཐོང་སོང་། ཁང་པ་མང་ཆེ་བ་ས་ཕག་གིས་བཟོས་འདུག ཁང་པའི་སྒོ་སྒེའུ་ཁུང་སོགས་བཟོ་སྟངས་བོད་པ་དང་གཅིག་མཚུངས་རེད། དེ་ནས་ཁང་པ་མང་ཆེ་བའི་སྟེང་དུ་དར་ལྕོག་བཙུགས་འདུག གསང་སྤྱོད་ཀྱང་བོད་པའི་གྲོང་གསེབ་ལྟར་ས་ཁང་ལྟ་བུ་ཞིག་རེད། ལ་དྭགས་སྤྱི་ཡོངས་ཀྱི་ཆ་ནས་ཆུ་དང་ཤིང་ནགས་དཀོན་པ་དང་ཡུལ་མིའི་འཚོ་བའི་གནས་སྟངས་ཀྱང་སྐྱོ་བོ་འདུག་བསམ་པ་བྱུང་སོང་།
དྲི་བ། ཉེ་ལམ་མ་ན་ལི་བརྒྱུད་ནས་འགྲོ་སྐབས་ལམ་བར་ནས་དཀའ་ངལ་གང་འདག་འཕྲད་སོང་།
ལན། ང་ཚོ་ཚུར་ལ་དྭགས་ལ་ཡོང་ས་དེ་མ་ན་ལི་བརྒྱུད་ནས་ཡོང་བ་རེད། སྤྱི་སྤྱོད་རླངས་འཁོར་ཞིག་ཏུ་ང་ཚོ་མི་ ༢༦ ཙམ་ཡོད། མ་ན་ལི་བརྒལ་ནས་རོ་ཐང་ཡར་མར་གྱི་ལམ་ཁ་ཧ་ཅང་སྡུག་པོ་འདུག རི་ངོས་ཀྱི་ལམ་ཁ་ཀྱག་ཀྱོག་ཆེ་བ་དང་ཞེང་ཚད་ཆུང་བ། ཕར་འགྲོ་ཚུར་འོང་གི་རླངས་འཁོར་མང་བ་བཅས་ལ་བརྟེན་ཏེ་ཆུ་ཚོད་གཅིག་གཉིས་རེར་སྒུག་དགོས་པ་མང་པོ་ཡོང་གི་འདུག ང་རང་སར་བབ་ནས་ཁོར་ཡུག་ལ་པར་རྒྱག་བཞིན་རྐང་ཐང་དུ་ཕྱིན་ནའང་རླངས་འཁོར་རྗེས་ཆོད་ཀྱི་མི་འདུག ལ་དྭགས་ལ་དབང་ཞུ་བར་འགྲོ་མཁན་གཅིག་པུ་མིན་པར་ཡུལ་སྐོར་སྤྲོ་འཆམ་པའང་ཧ་ཅང་མང་པོ་འདུག ལམ་འགྲོ་བ་མང་ཆེ་བ་རོ་ཐང་བརྒལ་ནས་འགྲོ་སྐབས་ཧ་ཅང་གྲང་བ་དང་། ས་མཐོ་བོ་ཡིན་སྟབས་ཡཱང་དབུགས་ཀྱིས་མ་འདང་བར་མགོ་ན་བ་དང་མགོ་ཡོམ་འཁོར་ས་སོགས་ཀྱི་དཀའ་ངལ་འཕྲད་བཞིན་འདུག ལམ་བར་དུ་གུར་ནང་ཟ་ཁང་ཐབས་ཆག་རེ་ཟུང་འདུག ཟ་མའི་རིན་གོང་ཧ་ཅང་མཐོ་བོ་རེད། སྒམ་ཐུག་ wai wai གཅིག་རེ་ཟོས་ན་སྒོར་ ༧༠ ཡས་མས་དང་། འབྲས་དྷ་ལིར་སྡེར་མ་གཅིག་རེར་སྒོར་ ༡༠༠ ཙམ་རེད། མཚན་གཅིག་ང་ཚོ་ལམ་བར་ནས་གུར་གྱི་མགྲོན་ཁང་ཞིག་ཏུ་སྡོད་དགོས་བྱུང་སོང་། ནང་དུ་ཉལ་ཆས་ཐབས་ཆག་ཤིག་ལས་མི་འདུག མི་གཅིག་ལ་སྒོར་ ༢༠༠ རེད་འདུག
དྲི་བ། དུས་དབང་སྐབས་རྒྱལ་སྤྱི་དང་བོད་པའི་གསར་འགོད་པ་ག་ཚོད་བསླེབས་ཡོད་པ་དང་། གོ་སྒྲིག་ཚོགས་ཆུང་གི་ངོས་ནས་གསར་འགོད་པ་ཚོར་མཐུན་འགྱུར་ག་འདྲ་བསྐྲུན་འདུག
ལན། གསར་འགོད་པ་ཧ་ཅང་མང་པོ་བསླེབས་འདུག ཨ་རི་དང་ཡུ་རོབ། དབྱིན་ཡུལ་སོགས་ཀྱི་གསར་འགོད་པ་མང་པོ་འདུག ཨེ་པེ་AP དང་། སི་ཨན་ཨན་ CNN སོགས་ཀྱང་བསླེབས་འདུག ཉི་ཧོང་དང་ཐེ་ཝན་སོགས་ཨེ་ཤ་ཡའི་ཕྱོགས་ནས་གསར་འགོད་པ་གང་འཚམ་ཡོད་ས་རེད། དེ་ནས་བོད་པའི་གསར་འགོད་པ་བཅོ་ལྔ་ཉི་ཤུ་ཞིག་འདུག རྒྱ་གར་གྱི་གསར་འགོད་པ་དང་ལ་དྭགས་ས་གནས་ཀྱི་གསར་འགོད་པ་སོགས་ཁྱོན་གསར་འགོད་པ་ ༡༥༠ ཙམ་གྱིས་ཐོ་འགོད་བྱས་ཡོད་ཟེར། སྤྱིར་བཏང་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ཆོས་རྭའི་ནང་གསར་འགོད་པ་ཚོར་སྡོད་ས་ཞིག་གོ་སྒྲིག་བྱས་འདུག་ཀྱང་། གསར་འགྱུར་གཏོང་སྤེལ་བྱེད་ས་གོ་སྒྲིག་ཡག་པོ་མི་འདུག ༢༠༡༢ ལོའི་རྡོར་གདན་དུས་དབང་དང་བསྡུར་ན་དྲིལ་བསྒྲགས་ཀྱི་མཐུན་རྐྱེན་སྐྱོ་བོ་རེད། དེ་ནས་མི་མང་གི་ངོས་ནས་ཀྱང་གསར་འགོད་པར་དོ་སྣང་མི་འདུག་བསམ་པ་བྱུང་སོང་།
དྲི་བ། ཁྱེད་རང་གསར་འགྱུར་མཁོ་སྒྲུབ་བྱེད་དུ་འགྲོ་སྐབས། དཀའ་ངལ་གང་དག་འཕྲད་ཀྱི་འདུག
ལན། དཀའ་ངལ་གཙོ་བོ་གློག་དང་དྲ་ལམ་ཡག་པོ་མེད་པ་དེ་རེད། མཚམས་རེར་ཉི་མ་ཕྱེད་ཀར་གློག་མི་འདུག གསར་འགོད་པ་ཚང་མས་དུས་ཐོག་ཏུ་གནས་ཚུལ་བརྒྱུད་གཏོང་བྱེད་དགོས་སྟབས། ལྕོག་ལམ་སར་དྲ་ཁང་གི་མཐུན་རྐྱེན་ཧ་ཅང་སྐྱོ་བོ་རེད། རྒྱལ་ས་སླེ་རུའང་དེ་ཙམ་ཡག་པོ་མི་འདུག གནས་ཚུལ་གཞན་ཞིག་ནི། དུས་དབང་གསུང་ཆོས་མ་ཡིན་པའི་༧གོང་ས་མཆོག་གི་མཛད་འཕྲིན་གཞན་རེ་ཟུང་སྟེང་། གསར་འགོད་པ་སོ་སོའི་ལག་འཁྱེར་དང་། དུས་དབང་གོ་སྒྲིག་ཚོགས་ཆུང་གི་ལག་འཁྱེར་སོགས་ངོས་ལེན་མི་བྱེད་པར། ངེས་པར་དུ་ཁོང་ཚོར་དེ་སྔོན་ནས་ཐོ་འགོད་བྱས་ཏེ་ལག་འཁྱེར་ལེན་དགོས་པ་དེ་འདྲ་འདུག དེ་རིགས་ཏོག་ཙམ་ཅ་ཟིང་པོ་འདྲ་ཞིག་འདུག ཉིན་འགའི་སྔོན་ལ་ལྕོག་ལམ་ས་དང་སླེ་བར་གྱི་ལམ་ཁ་གཡས་གཡོན་གྱི་ཚོང་པ་ཚོ་དང་དམག་མིའི་རྙོག་གྲ་ཕྲན་བུ་བྱུང་སྐབས། གསར་འགོད་པའི་སྟེང་ལའང་དམག་མིས་རྣམ་འགྱུར་མི་ལེགས་པ་བསྟན་འདུག
དྲི་བ། ད་རེབ་དུས་དབང་ཐོག་མངའ་སྡེ་གཞུང་དང་ཕྱི་རྒྱལ། དེ་བཞིན་བོད་པ་སོགས་ཀྱི་གནད་ཡོད་མི་སྣ་གང་དག་ཕེབས་འདུག
ལན། ཆོས་ཕྱོགས་ནས་དགའ་ལྡན་ཁྲི་རིན་པོ་ཆེ་དང་ས་སྐྱ་གདུང་སྲས། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ། རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བླ་སྤྲུལ་དགེ་བཤེས་མང་པོ་ཕེབས་འདུག ཇ་མུའི་ཀ་ཤི་མར་མངའ་སྡེའི་འཛུགས་སྐྲུན་བློན་ཆེན་རིག་འཛིན་ཇོ་ར་དང་། ལ་དྭགས་རྫོང་གི་རྫོང་དཔོན། མངའ་སྡེ་གཞུང་དང་ལ་དྭགས་རྫོང་གི་གྲོས་ཚོགས་འཐུས་མི་མང་པོ་ཕེབས་འདུག ཕྱི་རྒྱལ་ཁག་ནས་ང་རང་གི་ཤེས་ཚོད་ལ་༧གོང་ས་མཆོག་གི་གྲོགས་པོ་རྙིང་པ་གློག་བརྙན་འཁྲབ་སྟོན་པ་རེ་ཅཱར་གྷིར་ Richard Gere དང་རྩོམ་པ་པོ་རོ་བྷར་ཊི་ཏར་མིན་Robert Thurman སོགས་ཕེབས་འདུག དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་ཕེབས་འདུག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཀྱང་ཕེབས་འཆར་ཡོད་ས་རེད།
 དྲི་བ། ད་རེབ་དུས་དབང་སྟེང་རྒྱ་ནག་སྐམ་ས་ཆེན་མོ་དང་བོད་ནང་། དེ་བཞིན་ཧ་མ་ལ་ཡའི་རི་རྒྱུད་བཅས་ནས་མི་ག་ཚོད་ཅིག་ཕེབས་འདུག
ལན། དུས་དབང་གོ་སྒྲིག་ཚོགས་ཆུང་གིས་བསྒྲགས་པ་ལྟར་ན། ད་ལྟའི་ཆར་བོད་ནས་ཕེབས་པ་ ༡༢༠ དང་། རྒྱ་ནག་སྒམ་ས་དང་ཐེ་ཝན། ཧོང་ཀོང་སོགས་ནས་ཕེབས་པའི་རྒྱ་རིགས་ ༥༠༠ ལྷག ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཆོས་ཞུ་བ་ ༡༠༠༠ ལྷག་བཅས་ཁྱོན་ད་སྔ་ཐོ་འགོད་བྱས་ཟིན་པ་ ༡༢༥༠༠༠ ཙམ་ཡོད་ས་རེད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་གནས་མང་ཆེ་བ་ནས་ཆོས་ཞུ་བ་ཕེབས་ཡོད་ས་རེད། ས་ཐག་རིང་པོ་མོན་དང་འབྲུག འབྲས་ལྗོངས། རྟ་མང་། བལ་ཡུལ་སོགས་ནས་ཀྱང་ཕེབས་འདུག ད་རེབ་སྤྱི་ཡོངས་ནས་བོད་པ་ལས་ལ་དྭགས་སོགས་ཧི་མ་ལ་ཡའི་རི་རྒྱུད་གྱི་མི་མང་བ་འདུག་བསམ་པ་བྱུང་སོང་།
དྲི་བ། ད་རེབ་༧གོང་ས་མཆོག་གིས་ལ་དྭགས་མི་མང་ལ་དཀའ་སློབ་ལམ་སྟོན་གཙོ་བོ་ག་རེ་གནང་སོང་།
ལན། ༧གོང་ས་མཆོག་ཁོང་གིས་གིས་དུས་འཁོར་དབང་ཆེན་གསུང་སྐབས། སྔོན་འགྲོའི་གསུང་ཆོས་དེ་གལ་ཆེ་ཤོས་སུ་རྩི་བཞིན་ཡོད་གསུང་གི་འདུག དེ་ནས་ལ་དྭགས་དེ་ས་ཆ་སྤྱི་ཡོངས་ཀྱི་ཆ་ནས་ནང་པ་ཡིན་པ་དང་། བོད་པ་དང་ཆོས་དང་རིག་གཞུང་གཅིག་པ་ཡིན་སྟབས། སོ་སོའི་ཆོས་དང་རིག་གཞུང་ལ་བདག་པོ་རྒྱག་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་མང་པོ་གསུངས་སོང་། ལ་དྭགས་ནང་ཁ་ཆེ་དང་ཧིན་རྡུ་སོགས་ཆོས་ལུགས་སྣ་ཚོགས་དང་མི་རིགས་འདྲ་མིན་ཡོད་སྟབས། ཆོས་ལུགས་ཚང་མའི་དགོངས་དོན་མཐར་ཐུག་བྱམས་སྙིང་རྗེ་དང་གཞན་ལ་ཕན་འདོག་རྒྱུ་དེ་ཡིན་པ་དང་། མི་རིགས་ཁག་ཚང་མ་དང་། སེམས་ཅན་སྤྱི་ཡོངས་ཀྱི་ཆ་ནས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་སྟབས། མི་རིགས་དང་ཆོས་ལུགས་ཚང་མས་ཕན་ཚུན་སྒྲིལ་བྱེད་དགོས་པ་དང་། ལྷག་པར་དུ་ནང་པའི་ཆོས་བརྒྱུད་འདྲ་མིན་གྱིས་གསར་མ་རྙིང་མ་དང་། ས་སྐྱ་བཀའ་བརྒྱུད་ཅེས་ཕྱོགས་འཐེན་མི་བྱེད་པར། ཆོས་རྒྱུད་ཚང་མས་གཞུང་ཆེན་ཐོག་སློབ་གཉེར་གནང་བ་ཡིན་ན་རང་བཞིན་གྱིས་ཆོས་ལུགས་ཆོས་རྒྱུད་ཁག་གི་བར་མཐུན་ལམ་ཡོང་གི་ཡོད་པ་སོགས་གསུངས་སོང་།
དྲི་བ། བོད་པ་མ་ཡིན་པའི་ལ་དྭགས་ཡུལ་མི་ཚོས་ད་རེབ་དུས་འཁོར་དབང་ཆེན་ཐད་བསམ་ཚུལ་གང་འདྲ་འདུག
ལན། ལ་དྭགས་ཡུལ་མི་ཚོས་༧གོང་ས་མཆོག་ལ་དད་པ་དང་དུས་འཁོར་དབང་ཆེན་རྩ་ཆེན་པོར་རྩི་སྟངས་དེ་ཧ་ལས་པ་ཞིག་རེད། སྔོན་མ་གོ་སྒྲིག་ཚོགས་ཆུང་གིས་ལ་དྭགས་ཡུལ་མི་ཚོས་དུས་དབང་སྐབས། ཁོ་རང་ཚོ་ཚང་མ་ཆོས་ཞུ་བར་འགྲོ་གི་རེད། ཁྱེད་རང་ཚོས་ང་ཚོའི་ནང་སྲུང་མཁན་གཏོང་རོགས་ལབ་སོང་ཟེར། སྐབས་དེར་ག་འདྲ་ཡིན་ན་བསམ་སོང་། ད་ལྟ་བལྟས་ཡོང་ན་དངོས་གནས་རེད་འདུག མི་རྒན་འཁོགས་དང་ཕྲུ་གུ་ཆུང་ཆུང་ཚང་མ་དབང་ཞུ་བར་ཡོང་གི་འདུག ཐ་ན་རྒན་འཁོགས་དང་ནད་པ་སོགས་ཀྱང་ཤིང་རྟའི་ནང་ལ་འདྲུད་པ་དང་རྒྱབ་ལ་འཁུར་ནས་ཡོང་འདུག བོད་པ་ཚོས་དུས་འཁོར་དབང་ཆེན་དེ་ཚོང་གི་གོ་སྐབས་ཡག་ཤོས་ཤིག་ཏུ་རྩི་བཞིན་ཡོད་པ་རེད། ལ་དྭགས་པ་ཚོར་དེ་འདྲའི་བསམ་ཚུལ་རྩ་བ་ནས་མི་འདུག་བསམ་སོང་། དབང་གི་ཐོག་ཏུ་ཚོང་ཁང་ཟ་ཁང་ཕྱེ་མཁན་དང་། ཁྲོམ་སྟོན་མཁན་ལ་དྭགས་ཡུལ་མི་ཧ་ལམ་མཐོང་རྒྱུ་མི་འདུག མང་ཆེ་བ་བོད་པ་རེད།
དྲི་བ། ད་རེབ་མི་ཆིག་འབུམ་ཡས་མས་ལས་མེད་ན། དེ་གར་ཚོང་ཁང་ཟ་ཁང་གཉེར་མཁན་ཚོར་ཁེ་གྱོང་གང་འདྲ་ཡོད་ན།
ལན། ཟ་ཁང་ཚོང་ཁང་འཛིན་མཁན་མང་པོ་ཞིག་ལ་སེམས་འཚབ་ཡོང་བཞིན་འདུག ཁོ་རང་ཚོས་ཚོང་ཁང་ཟ་ཁང་འཛིན་སའི་ས་ཆའི་རིན་གོང་ཧ་ཅང་མཐོན་པོ་རེད། ཧིན་སྒོར་ལྔ་ཁྲི་ནས་ཆིག་འབུམ་ཉིས་འབུམ་ཤོར་ཡོད་པ་མང་པོ་འདུག དུས་དབང་དངོས་གཞིའི་སྐབས་ལ་མི་མང་དུ་འགྲོ་ན་མ་གཏོགས་ད་ལྟ་ཁེ་བཟང་ཆེན་པོ་མི་འདུག་ལབ་ཀྱི་འདུག སྔོན་མ་རྡོར་གདན་དུས་དབང་སྐབས་མང་ཚོགས་ལ་ཟ་མ་མ་རག་པའི་དཀའ་ངལ་དང་། ཟ་ཁང་ཚོང་ཁང་དག་ལ་ལས་ཀ་བྱེད་མཁན་མི་མ་འདང་བའི་དཀའ་ངལ་ཡོད་ཀྱང་། ད་རེབ་དེ་འདྲ་མི་འདུག་ལྷོད་ལྷོད་རེད་ལབ་ཀྱི་འདུག སྔ་དགོང་ལ་སྐད་བརྒྱབ་ནས་མགྲོན་པོ་འབོད་འགུག་བྱེད་བཞིན་འདུག
 དྲི་བ། གོ་སྒྲིག་ཚོགས་ཆུང་གིས་མགྲོན་ཁང་དང་གསོལ་མགྲོན་ཁང་སོགས་ཀྱི་གོང་ཚད་གཏན་འབེབས་བྱས་ཡོད་སྐོར་བསྒྲགས་སོང་། དེའི་གནས་སྟངས་གང་འདྲ་འདུག
ལན། དེ་གསལ་བོ་ཧ་གོ་མ་སོང་། གོ་སྒྲིག་ཚོགས་ཆུང་ཁོ་རང་ཚོའི་ཟ་ཁང་མགྲོན་ཁང་ཟེར་གྱི་ཡོད་ན་མ་གཏོགས་ད་ལྟ་མགྲོན་ཁང་དང་ཟ་མའི་རིན་ཁང་ཧ་ཅང་མཐོན་པོ་རེད། མགྲོན་ཁང་གོང་ཚད་དམའ་ཤོས་མི་གཅིག་ལ་མཚན་གཅིག་ལ་སྒོར་ ༡༠༠༠ རེད། ས་གནས་ཡུལ་མི་ཚོའི་ཁང་པ་གླས་ན་ཁང་པ་སྟོང་པ་ཐབས་ཆག་ཅིག་ལ་ཕྱི་ཟླ་ ༧ ཚེས་ ༡༤ བར་སྒོར་ ༢༠༠༠༠ ལྷག་རེད། ཐུག་པ་ཕོར་བ་གང་ལ་སྒོར་ ༩༠ རེད། མོག་མོག་སྡེར་མ་ཆུང་ཆུང་གཅིག་ལ་སྒོར་ ༡༢༠ རེད། ཇ་ཤེལ་ཕོར་གཅིག་ལ་སྒོར་ ༢༠ རེད། ཚོང་རྒྱག་མཁན་དེ་ཚོའི་ས་ནས་མི་གཉིས་ཤོང་བའི་གུར་ཆུང་ཆུང་ཞིག་གླས་ན་སྒོར་ ༢༥༠༠༠ རེད།
དྲི་བ། ཆོས་ཞུ་བའི་སྡོད་གུར་ཐད་དཀའ་ངལ་གང་དག་འདུག ཆུ་དང་གློག གསང་སྤྱོད་སོགས་ཀྱི་ཐད་དཀའ་ངལ་འདུག་གམ།
ལན། གོ་སྒྲིག་ཚོགས་ཆུང་གི་གུར་རེ་རེའི་ནང་མི་ ༨ རེ་སྡོད་དགོས་པ་རེད། གུར་ཚང་མའི་ནང་གློག་འཐེན་ཡོད་པ་ལས་གཞན་ཅ་དངོས་གང་ཡང་མི་འདུག གསང་སྤྱོད་ས་དུང་འདྲ་བོ་ཞིག་བཟོས་འདུག དེ་ནས་ཆུ་ས་འོག་ནས་ལྕག་སྡོང་གིས་འཐེན་དགོས་པ་དེ་འདྲ་རེད། བོད་ནས་ཕེབས་མཁན་ཚོར་བཞུགས་ས་ཁང་པ་དམིགས་བསལ་གོ་སྒྲིག་བྱས་འདུག སྔ་དགོང་ལ་ཟ་མ་གོ་སྒྲིག་དང་། སྡོད་གནས་དང་གསུང་ཆོས་རྭ་བའི་བར་ཕར་ཚུར་རླངས་འཁོར་གོ་སྒྲིག་བྱས་འདུག
དྲི་བ། ད་རེབ་ཆོས་ཞུ་བ་ཚོར་འཕྲོད་བསྟེན་ཐོག་མཐུན་འགྱུར་གང་འདྲ་གནང་འདུག
ལན། འཕྲོད་བསྟེན་ཐད་ལ་དྭགས་གཞུང་གི་བསོད་ནམས་ནོར་བུ་དྲན་རྟེན་སྨན་ཁང་ཆེན་པོ་ཞིག་འདུག དེ་བཞིན་བོད་ཀྱི་སྨན་རྩིས་ཁང་གིས་ཀྱང་མི་མང་གི་འཕྲོད་བསྟེན་ཐོག་ལྟ་རྟོག་བྱེད་ཀྱི་ཡོད་ས་རེད། སྤྱིར་བཏང་ད་རེབ་མི་མང་གི་འཕྲོད་བསྟེན་ཐོག་དཀའ་ངལ་ཆེན་པོ་མི་འདུག གནམ་གཤིས་དང་མཁའ་དབུགས་མ་འཕྲོད་པའི་ནད་པོ་དེ་འདྲ་མང་པོ་ཡོད་ས་མ་རེད། ཕྱོགས་མཐའ་ཁག་ནས་ཕེབས་མཁན་ཚོར་ལམ་བར་ནས་དོན་རྐྱེན་བྱུང་བའང་ཉུང་ཉུང་རེད། དྷ་རམ་ས་ལ་ནོར་གླིང་ནས་ཕེབས་མཁན་རླངས་འཁོར་ཞིག་མ་ན་ལི་ནས་གཡང་ལ་ཟེགས་ནས་མི་ཤི་བའི་དཀྲོག་གཏམ་ཞིག་ཁྱབ་སོང་ཡང་། དེ་བདེན་པ་མ་རེད། རླངས་འཁོར་ཟེགས་པ་བདེན་པ་ཡིན་ཡང་མི་ལ་རྨས་སྐྱོན་བཟོས་པ་ལས་ཤི་རྨས་ཚབས་ཆེན་བྱུང་མི་འདུག འདིའི་སྐོར་ངས་གོ་སྒྲིག་ཚོགས་ཆུང་དང་བོད་མིའི་སྒྲིག་འཛུགས་བདེ་སྲུང་སོགས་ལའང་སྐད་ཆ་དྲིས་པ་ཡིན།
 དྲི་བ། ཚོགས་པ་སྒྲིག་འཛུགས་དང་། བོད་གཞུང་། མི་སྒེར་བཅས་ཀྱིས་ལས་འགུལ་རིགས་སྤེལ་གྱི་འདུག་གམ།
ལན། ལ་དྭགས་ས་གནས་རང་གི་ལས་འགུལ་དེ་འདྲ་མཐོང་རྒྱུ་མི་འདུག བོད་པའི་ཚོགས་པ་སྒྲིག་འཛུགས་རེ་ཟུང་གིས་ལས་འགུལ་ཆུང་ཚགས་རེ་གྲ་སྒྲིག་ཡོད་ས་རེད། ད་ལོ་སྤྱིར་བཏང་ལས་འགུལ་དང་ཁྱབ་བསྒྲགས་སོགས་ཉུང་ཉུང་རེད། བོད་མིའི་སྒྲིག་འཛུགས་དྲིལ་བསྒྲགས་ལས་ཁུངས་ཀྱིས་འགྲེམས་སྟོན་ཁང་ཞིག་ཕྱེ་འདུག དེ་བཞིན། བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གིས་ཐ་སྙད་གསར་པ་ཁྱབ་བསྒྲགས་བྱེད་ཀྱིན་འདུག དགུ་བཅུ་གསུམ་ལ་ལས་འགུལ་ཞིག་ཡོད་ས་རེད། ད་སྔ་སྤེལ་མ་སོང་། དེ་ནས་གཞས་དང་ཞབས་བྲོ་རིགས། ལ་དྭགས་རང་གི་རིག་གཞུང་འཁྲབ་སྟོན་ཞིག་དང་། བོད་ཀྱི་ཟློས་གར་ཚོགས་པའི་རིག་གཞུང་འཁྲབ་སྟོན་ཞིག་འདུག དྷ་རམ་ས་ལ་དང་ཕྱི་རྒྱལ་ཁག་ནས་ཕེབས་པའི་གཞས་པ་གཞས་མ་ཁག་གིས་གླུ་གཞས་གཏོང་གི་འདུག དེ་བཞིན་རྣམ་རྒྱལ་གྲྭ་ཚང་གིས་དཀར་འཆམ་ཞིག་ཀྱང་འདུག
དྲི་བ། ཉེ་ལམ་གོ་སྒྲིག་ཚོགས་ཆུང་གིས་ད་རེབ་ཞལ་འདེབས་སོགས་བསྡུ་སློང་བྱེད་མི་ཆོག་ཚུལ་བསྒྲགས་སོང་། དེའི་གནས་སྟངས་གང་འདྲ་འདུག
ལན། སྦྱིར་བཏང་ད་ལོ་ཞལ་འདེབས་བསྡུ་མཁན་མང་པོ་མི་འདུག ཡིན་ནའང་རེ་ཟུང་འདུག ང་རང་གིས་ཞལ་འདེབས་བསྡུ་མཁན་བཅུ་གྲངས་ཤིག་མཐོང་སོང་། མང་ཆེ་བ་ལ་དྭགས་རང་གི་དགོན་པ་དང་ཆོས་ཚོགས་དེ་འདྲས་བསྔོ་རྟེན་སྐྱབས་རྟེན་བསྡུ་བཞིན་མེད་ན་བསམ་པ་ཞིག་བྱུང་སོང་།
དྲི་བ། དྭགས་རྒྱལ་ས་སླེ་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་གྱི་ས་ཚིགས་དང་བོད་པའི་གནས་རི་རྩ་ཆེན་དེ་འདྲ་མང་པོ་འདུག་གམ།
ལན། དགོན་པ་རྙིང་པ་རྩ་ཆེན་པོ་མང་པོ་ཡོད་ས་རེད། རྩ་ཆེ་ཤོས་གཅིག་ལ་དྭགས་ཨ་ལྕི་དགོན་པ་ཟེར་བ་དེ་རེད། དགོན་པ་དེ་ལོ་ཙ་བ་རིན་ཆེན་བཟང་པོའི་སྐབས་སུ་བཞེངས་པ་ཞིག་ཡིན་ས་རེད། ལོ་ངོ་ ༡༢༠༠ ལྷག་འགྲོ་བཞིན་ཡོད་པའི་སྐད་ཆ་འདུག སྤྱིར་བཏང་དགོན་པ་མང་པོ་འདུག ཀླུ་འཁྱིལ་དགོན་པ་ལྟ་བུར་མཚོན་ན་བོད་ནང་གི་དགོན་པ་དག་དང་མི་འདྲ་བར་བཟོ་སྐྲུན་དེང་རབས་ཅན་དང་ཆ་རྐྱེན་ཧ་ཅང་ཡག་པོ་རེད། དེ་ནས་ལ་དྭགས་དང་བོད་ཀྱི་ས་མཚམས་སུ་སྦང་ཀོང་མཚོ་ཟེར་བ་ཞིག་འདུག མཚོ་དེའི་རིང་ཚད་སྤྱི་ལེ་ ༤༠༠ ཙམ་ཡོད་པ་རེད་ཟེར། མཚོ་དེའི་ཕྱེད་ཀ་བོད་ནང་དང་ཕྱེད་ཀ་ལ་དྭགས་ནང་ཁེལ་ཡོད་ས་རེད། མཚོ་དེ་སྐད་གྲགས་ཆེན་པོ་དང་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་འགྲོ་ས་ཞིག་རེད་འདུག དེ་ནས་ལ་དྭགས་རྒྱལ་བོ་རིམ་བྱོན་གྱི་མཁར་དང་ཕོ་བྲང་འགའ་རེ་འདུག ལ་དྭགས་རྒྱལ་བོ་ཐོག་མ་དཔལ་གྱི་མགོན་ཟེར་བ་དེའི་མཁར་རྫོང་ལ་དྭགས་ལྕོག་ལམ་སའི་ཕར་ངོས་སུ་འདུག ལ་དྭགས་རྒྱལ་བོ་སེང་གེ་རྣམ་རྒྱལ་གྱི་ཕོ་བྲང་ལ་དྭགས་སླེ་ཡི་ཐག་ཉེ་སར་འདུག
དྲི་བ། ལ་དྭགས་སླེ་ཁུལ་དུ་བོད་པའི་གཞིས་ཆགས་དང་སློབ་གྲྭ་སོགས་གང་འདྲ་འདུག
ལན། ལ་དྭགས་ལྕོག་ལམ་སར་བོད་པའི་གཞིས་ཆགས་བསོད་ནམས་གླིང་ཟེར་བ་དེ་འདུག ཁོང་ཚོས་བཤད་སྟངས་བྱས་ན་གཞིས་ཆགས་དེར་བརྒྱ་ཤོག་ ༡༢ ཡོད་པ་དང་། བརྒྱ་ཤོག་རེར་མི་ཚང་བརྒྱ་དང་ཉི་ཤུ་ཡས་མས་ཡོད་ས་རེད། ཁྱོན་བོད་མི་ཆིག་ཁྲི་མ་ཟིན་ཙམ་ཡོད་ལབ་སོང་། དེ་ནས་ལ་དྭགས་བོད་ཁྱིམ་སློབ་གྲྭ་འདུག
བོད་ཀྱི་དུས་བབ་ཚང་གི་གསར་འགྱུར་གྱི་སྤུས་ཚད་སྔོན་མ་དང་བསྡུར་ན་ཧ་ཅང་ཚད་གཞི་མཐོ་ནས་མཐོ་རུ་ཕྱིན་འདག བཙན་བྱོལ་སྤྱི་ཚོགས་ནང་གི་གསར་འགྱུར་རྒྱུད་ལམ་ཁག་གིས་བོད་ཀྱི་དུས་བབ་ཚགས་ཤོག་གི་གསར་འགྱུར་འབྲི་སྟེངས་དང་བརྗོད་པ་སྤེལ་སྟེངས་སོགས་ལ་སློབ་སྦྱོང་བྱས་ཏེ་གསར་འགྱུར་འབྲི་སྤེལ་གྱི་གནས་ཚད་ཇེ་མཐོ་རུ་གཏོང་ཐུབ་ན་སྤྱི་ཚོགས་ནང་ཆེ་མཐོང་དང་བརྩི་བཀུར་ཡོང་གི་རེད་བསམ་གྱི་འདུག ད་ལྟའི་ཆར་གསར་འགྱུར་རྒྱུད་ལམ་གཞན་ལ་མཚོན་ན་གོ་རྒྱུ་ཚོར་རྒྱུ་གང་ཡང་མེད་པའི་གསར་འགྱུར་རྐྱང་རྐྱང་བྲིས་འདུག བཅར་འདྲི་འདི་ལྟ་བུར་མཚོན་ནས་བཤད་ན་ཚིག་རྐང་རེ་རེ་ནང་དོན་དག་ཆེན་པ་སྟོན་གྱི་ཡོད་པ་མ་ཟད་ཚིག་བརྗོད་རེ་རེ་ནང་དོན་དག་རེ་རྫོགས་པར་བྱས་འདུག ཚིག་གི་སྨྲ་དག་པོ་དང་དོན་དག་ཁ་གསལ་བ་བཅས་ཀྱི་ལེགས་ཆ་མང་པོ་འདུག
དོན་གོ་གསར་འགོད་པ་མ་རེད་རྩོམ་སྒྲིག་ལས་རོགས་རེད། བཙན་བྱོལ་ནང་གསར་འགྱུར་བརྒྱུད་ལམ་མང་ཐག་ཆོད་ཡོད་ཀྱང་ང་རང་ནམ་རྒྱུན་བོད་ཀྱི་དུས་བབ་ཀྱི་གསར་འགྱུར་ཀློག་རྒྱུར་ཧ་ཅང་དགའ་བོ་ཡོད། སྔོན་མ་གསར་འགོད་པ་དོན་གྲུབ་བཀྲ་ཤིས་ལགས་ནས་ཀྱང་གསར་འགོད་སྐོར་སྐྱོད་ཟིན་ཐོ་དང་འབྲེལ་བའི་གསར་འགྱུར་སྙན་པོ་ཞིག་སྤེལ་ཡོད་པ་འདི་ལ་གཟིགས་གནང་རོགས། https://tibettimes.net/wordpress/news.php?id=1917
ཧ་ཅང་ལེགས་པོ་བཀོད་འདུག བཀའ་དྲིན་ཆེ། ཡིད་དབང་འཕྲོགས་དགོས་པའི་གནད་དོན་གཅིག་ནི༼ ལ་དྭགས་ཡུལ་མི་ཚོས་༧གོང་ས་མཆོག་ལ་དད་པ་དང་དུས་འཁོར་དབང་ཆེན་རྩ་ཆེན་པོར་རྩི་སྟངས་དེ་ཧ་ལས་པ་ཞིག་རེད། སྔོན་མ་གོ་སྒྲིག་ཚོགས་ཆུང་གིས་ལ་དྭགས་ཡུལ་མི་ཚོས་དུས་དབང་སྐབས། ཁོ་རང་ཚོ་ཚང་མ་ཆོས་ཞུ་བར་འགྲོ་གི་རེད། ཁྱེད་རང་ཚོས་ང་ཚོའི་ནང་སྲུང་མཁན་གཏོང་རོགས་ལབ་སོང་ཟེར། སྐབས་དེར་ག་འདྲ་ཡིན་ན་བསམ་སོང་། ད་ལྟ་བལྟས་ཡོང་ན་དངོས་གནས་རེད་འདུག མི་རྒན་འཁོགས་དང་ཕྲུ་གུ་ཆུང་ཆུང་ཚང་མ་དབང་ཞུ་བར་ཡོང་གི་འདུག ཐ་ན་རྒན་འཁོགས་དང་ནད་པ་སོགས་ཀྱང་ཤིང་རྟའི་ནང་ལ་འདྲུད་པ་དང་རྒྱབ་ལ་འཁུར་ནས་ཡོང་འདུག བོད་པ་ཚོས་དུས་འཁོར་དབང་ཆེན་དེ་ཚོང་གི་གོ་སྐབས་ཡག་ཤོས་ཤིག་ཏུ་རྩི་བཞིན་ཡོད་པ་རེད། ལ་དྭགས་པ་ཚོར་དེ་འདྲའི་བསམ་ཚུལ་རྩ་བ་ནས་མི་འདུག་བསམ་སོང་། དབང་གི་ཐོག་ཏུ་ཚོང་ཁང་ཟ་ཁང་ཕྱེ་མཁན་དང་། ཁྲོམ་སྟོན་མཁན་ལ་དྭགས་ཡུལ་མི་ཧ་ལམ་མཐོང་རྒྱུ་མི་འདུག མང་ཆེ་བ་བོད་པ་རེད༽ཅེས་པ་འདི་རེད་དྲན་་་་་
རྒྱ་གར་བྱང་ཕྱོགས་སུ་ཡོད་པའི་ལ་དྭགས་ཡུལ་ནི་བོད་དང་ས་འབྲེལ་ཡིན་པ་མ་ཟད་ལོ་རྒྱུས་ཐོག་བོད་དང་འབྲེལ་བ་གཏིང་ཟབ་པོ་ཡོད་པ་ཞིག་རེད་། ཡུལ་དེའི་མིང་ཐོག་མ་ནི་མར་ཡུལ་ཟེར་གྱི་ཡོད་འདུག དེ་ཡང་ལ་དགས་པ་མཁས་དབང་བཀྲིས་རབ་རྒྱས་ལགས་ཀྱི་ ༼མར་ཡུལ་ལ་དྭགས་ཀྱི་སྔོན་རབས་ཀུན་གསལ་མེ་ལོང་ཞེས་བྱ་བ་བཞུགས་སོ།། ནང་༽མིང་དེ་བཞིན་ཡུལ་དེའི་རི་བརྒྱུད་ཀྱི་མདོག་དམར་པོ་ཡོད་པ་ནས་བྱུང་བ་དང་། དམར་ཡུལ་དེ་ཟུར་ཆག་ནས་མར་ཡུལ་ཆགས་པ་རེད་གསུངས་འདུག
ཁོང་ནས་། “ལོ་ཙ་བ་རིན་ཆེན་བཟང་པོའི་རྣམ་ཐར་ལས་ཀྱང་མར་ཡུལ་དུ་ཉར་གྱི་གཙུག་ལག་ཁང་བཞེངས་ནས་སྤུ་རངས་ཀྱི་མཐོ་ལྡིང་། གུ་གེའི་ཁ་རྩེ་སྒོ་ཁར་དང་མར་ཡུལ་གྱི་གཙུག་ལག་ཁང་གསུམ་ལ་ཉི་མ་གཅིག་ལ་རབ་གནས་གནང་བ་ཡིན་ཞེས་བརྗོད་ཡོད་དོ།”ང་རང་ལ་དྭགས་སུ་བསྐྱོད་མྱོང་ན་ས་ཆ་དེའི་མདོག་ད་དུང་ཡང་དམར་པོ་དངོས་ནས་རེད་འདུག
ལ་དྭགས་ཟེར་བའི་མིང་དེ་རྗེས་སུ་ཐོབ་པ་ཞིག་ཡིན་པ་དང་དེ་བྱུང་ཚུལ་སྐོར་བཀྲིས་རབ་རྒྱས་ལགས་ནས་ཡུལ་དེ་ “ལ་མང་པོའི་མདུན་ནམ་འདབས་སུ་ཡོད་པ་ན་ལ་དྭགས་ཟེར།” གསུངས་འདུག ཁོང་ནས་དེ་ཡིན་དགོས་དོན་རྒྱུ་མཚན་དེ་དཔེ་ཞིག་བརྒྱུད་སྙིང་རྗེ་པོ་བཀོད་འདུག དེ་ཡང་ཁོང་གིས། “དཔེར་ན། དུས་རྒྱུན་རི་ལ་སྡོད་པ་ན་རི་དྭགས་ཟེར་ཞིང་། ལྟོག་སྐོམ་གཉིས་ཡིད་ལ་བཏགས་ཏེ་གནས་པ་ན་ཡིད་དྭགས་ཞེས་མིང་བཏགས་པ་ཡིན་ནོ།” གསུངས་འདུག
ལ་ དྭགས་པ་ཚོས་སྐད་བེད་སྥྱོད་གནང་བཞིན་པ་དེ་ནི་བོད་སྐད་བརྡ་རྙིང་པ་ལྟར་ཡིན་པ་དེ་མང་པོས་གསུངས་ཀྱི་འདུག ང་རང་སྐད་ཐོག་མཁས་པ་མིནའང་ལ་ དྭགས་པ་ཚོས་ཐ་སྙད་འགའ་ཞིག་བེད་སྦྱོད་གནང་སྟངས་དེར་བསམ་བློ་བཏང་རྒྱུ་འདུག་བསམས། ཁོང་ཚོས་ཚིག་གི་དག་ཆ་ཇི་མ་ཇི་བཞིན་སྒྲ་སྟོན་གྱི་ཡོད་པ་ལྟ་བུ་འདུག དཔེར་ན། “བདེ་སྐྱིད་”ལ་ “དེ་སི་ཀྱིད་” དང་། “སྟོབས་ལྡན་”ལ་ “ས་ཏོབ་དན་” ལྟ་བུ་རེད་། འགའ་ཞིག་གིས་བོད་ཀྱི་ཨ་མདོའི་ཁུལ་དུ་དེ་ལྟར་སྒྲ་ཚིག་འབོད་སྲོལ་ཡོད་རེད་གསུངས་ཀྱི་འདུག
ལ་དྭགས་ཀྱི་བླ་མ་སྐད་གྲགས་ཆེ་བ་རྒྱལ་སྲས་བ་ཀུ་ལ་དམ་པ་དེ་ནི་ཆོས་ཕྱོགས་ཙམ་མིན་སྲིད་ཕྱོགས་སུའང་མཛད་རྗེ་ཆེན་པོ་བཞག་གནང་མཁན་ཞིག་བྱུང་བ་རེད་། ཁོང་ནས་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་མི་གནང་བ་དང་། སོག་པོའི་ཡུལ་དུ་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་ལོ་མང་གནང་བ་རེད་།
ལ་དྭགས་ཀྱི་དུས་དབང་སྐབས་ཀྱི་གནས་ཚུལ་མིག་ལམ་ལ་འཆར་བ་ནང་བཞིན་གྱི་ཚོར་བ་ཞིག་སླེབས་སོང་། གསར་འགོད་པ་ལགས་ཀྱིས་དོ་སྣང་གནང་བ་ཧ་ཅང་ལེགས་པོ་འདུག བཀའ་དྲིན་ཆེ། མུ་མཐུད་དུ་འདི་ལྟ་བུའི་གསར་འགྱུར་རེ་གཏོང་རོགས།
《ལ་དྭགས་རྒྱལ་རབས》 བོད་ཀྱི་ཆོས་འབྱུང་ལོ་རྒྱུས་རྣམས་ནས་འབྱུང་བ་གོ་བསྡུར་ནས་བྲིས་པ་ན། ལ་དྭགས་ཀྱི་རྒྱལ་པོ་སེང་གེ་རྣམ་རྒྱལ་(འདིའི་སྐོར་གཤམ་དུ་སེང་གེ་རྣམ་རྒྱལ་ཞེས་པར་གཟིགས)གྱི་བུ་ཆེ་བ་བདེ་ལྡན་རྣམ་རྒྱལ་གྱི་བུ་བདེ་ལེགས་རྣམ་རྒྱལ་ལ་ཟེར་བ་ཡིན་ཏེ། དེ་ཡང་སྔར་རྒྱལ་པོ་གླང་དར་མ་བསད་པའི་རྗེས་སུ། དེའི་བཙུན་མོ་ཆུང་བ་ལ་བུ་གཅིག་སྐྱེས་པ་ན། བཙུན་མོ་ཆེ་བས་ཕྲག་དོག་བྱས་ནས་སྤྲང་པོའི་བུ་གཅིག་ཉོས་ཏེ་མདང་ང་ལ་བུ་འདི་སྐྱེས་སོ་ཞེས་སྨྲས་ནས་བུར་བཟུང་བ་ཡུམ་བརྟན་དང་བཙུན་མོ་ཆུང་བའི་བུ་གནམ་ལྡེ་འོད་སྲུང་གཉིས་ལས་(དེ་གཉིས་ཀྱི་ཕྱོགས་ལ་བློན་འབངས་ཐ་དད་དུ་གྱེས་ནས། འོད་སྲུང་གིས་གཡོ་རུ་བཟུང་། ཡུམ་བརྟན་གྱིས་དབུ་རུ་བཟུང་ནས་འཁྲུག་པ་བྱུང་། དེ་རྗེས་བུ་གཉིས་ལོ་ཉེར་གསུམ་ཐམ་ལོན་པ་ས་གླང་ནས་བཟུང་འབངས་ཀྱི་ཁེང་ལོག་སྟེ། དེང་སང་གྱེན་ལངས་སུ་གྲགས་པ་བྱུང་ཞིང་། དེ་ཡང་དང་པོ་དབས་ཁོ་བཞེར་ལེགས་སྟོང་གི་གཙོ་བོ་བྱས་ཏེ་ཁམས་ནས་ངོ་ལོག དེ་ནས་དབུས་སུ་དབལ་ལོ་ཕོ་ལོ་ཆུང་གིས་གཙོ་བོ་བྱས་ཏེ་གྱེན་ལོག དེ་ནས་གཡོ་རུར་མཆིམས་ཀོང་མི་དྲུག་གིས་གཙོ་བོར་བྱས་ཏེ་གྱེན་ལོག་བྱུང)༡.མངའ་བདག་པོ་འོད་སྲུང་གི་སྲས་མངའ་བདག་དཔལ་འཁོར་བཙན། ༢.འདི་ཡི་བཙུན་མོ་ཆེ་བའི་སྲས་སྐྱིད་ལྡེ་ཉི་མ་མགོན་དང་། ཆུང་བའི་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་གཉིས་ལས། ཡབ་མངའ་བདག་དཔལ་འཁོར་བཙན་བློན་པོ་སྟག་རྩེ་གཉགས་ཀྱིས་བཀྲོངས་པའི་སྐབས་སྲས་ཉི་མ་མགོན་མངའ་རིས་སུ་བྲོས། བློན་པོ་སྣང་པ་ཚབ་རིན་ཆེན་དང་ཅོག་རོ་ལེགས་སྒྲ་ལྷ་ལེགས་གཉིས་ཀྱི་བུ་མོ་བཙུན་མོར་བླངས་ནས་བཙུན་མོ་ཅོག་རོ་བཟའ་ལ་བུ་གསུམ་བྱུང་སྟེ། དཔལ་ལྡེ་རིག་པ་མགོན། བཀྲ་ཤིས་ལྡེ་མགོན། ལྡེ་གཙུག་མགོན་གསུམ་བྱུང་། ཐབས་མཁས་ཀྱི་སྤྱོད་པས་མངའ་རིས་སྐོར་གསུམ་དབང་དུ་བསྡུས། སྲས་ཆེ་བ་དཔལ་ལྡེ་རིག་པ་མགོན་ནས་ལ་དྭགས་ཀྱི་རྒྱལ་བརྒྱུད་རྣམས་བྱུང་ཞིང་། (འབྲིང་པོ་བཀྲ་ཤིས་ལྡེ་མགོན་ལས་བརྒྱུད་པ་བྱུང་མིན་མི་གསལ)ཆུང་བ་ལྡེ་གཙུག་མགོན་ལས་མངའ་རིས་ཡ་ཚེའི་རྒྱལ་བརྒྱུད་རྣམས་བྱུང་བ་ཡིན། ༣.ཉི་མ་མགོན་གྱི་སྲས་ཆེ་བ་དཔལ་ལྡེ་རིག་པ་མགོན་(འདིའི་མངའ་རིས་མང་ཡུལ། འབངས་གཏུ་ནག་ཅན། ཤར་རུ་ཐོགས། གསེར་ཁ་འགོག་ལད་ཀྱི་ལྡེ་མཆོག་དཀར་པོ། མཚམས་ཀྱི་རྭ་བ་དམར་པོ། ལྤམ་ལེ་ཡི་མིག་གི་ཕ་བོང་ལ་མགོ་བར། ནུབ་ཁ་ཆེའི་ལ་རྩ། ལྷོ་བུག་པ་ཅན་ཡན་ཆད། བྱང་གཡེར་ཁ་གོག་པོ་ཚུན་ཆད་ལ་མངའ་བསྒྱུར)(བཀྲ་ཤིས་མགོན་གྱིས་གུ་གེ་པུ་ཧྲེངས་དང་བཅས་པ། ལྡེ་གཙུག་མགོན་གྱིས་བྲངས་དཀར་སྒོ་གསུམ། སྤི་ཏི། སྤི་ལྕོག་བཅས་ལ་མངའ་བསྒྱུར་བ་ཡིན)༤.དཔལ་ལྡེ་རིག་པ་མགོན་གྱི་སྲས་འགྲོ་མགོན་དང་ཆོས་མགོན་གཉིས། ༥.འགྲོ་མགོན་གྱི་ལྷ་ཆེན་གྲགས་པ་ལྡེ། ༦.དེའི་སྲས་ལྷ་ཆེན་བྱང་ཆུབ་སེམས་དཔའ། ༧དེའི་ལྷ་ཆེན་རྒྱལ་པོ(འདིའི་དུས་མངའ་རིས་སུ་དགོན་པའི་དང་པོ་ལི་ཀིར་ཆོས་སྡེ་བཏབ)དེའི་སྲས་ལྷ་ཆེན་ཨུཏྤལ(འདིའི་དུས་སུ་ལ་དྭགས་ཀྱི་དམག་འཁྲིད་ནས་ཞུང་ཏིའི་ཡུལ་བླངས། གཞན་ཡང་གླ་བོ། པུ་ཧྲེངས་མན་ཆོད། ལྷོ་ཕྱོགས་བྲེ་སང་གི་ཡུལ་ཆུ་ལ་མེ་འབར་ཚུན་ཆད། ནུབ་ར་གན་འགྲེང་ཤིང་སྟག་ཁུ་ཚུར་ཡན་ཆོད། བྱང་ཆོགས་ཀ་ཤུས(ཀ་བྲུས)མན་ཆད་མངའ་ངོག་ཏུ་བསྡུས་ནས་ལོ་ལྟར་ཁྲལ་ལེན) ༨.དེའི་སྲས་ལྷ་ཆེན་ནག་ལུག(དེས་སྟག་གི་ལོ་ལ་ལྤན་ལར་མཁར་བརྩིགས། འབྲུག་གི་ལོ་ལ་ཁ་ལ་རྩེ་བརྩིགས) ༩.དེའི་སྲས་ལྷ་ཆེན་དགེ་བྷེའམ་དགེ་བ་འབུམ། ༡༠.དེའི་སྲས་ལྷ་ཆེན་ངོ་ལྡོར། ༡༡.དེའི་སྲས་བཀྲ་ཤིས་མགོན། ༡༢.དེའི་སྲས་ལྷ་རྒྱལ། ༡༣.དེའི་སྲས་ལྷ་ཆེན་ཇོ་དཔལ། ༡༤.དེའི་སྲས་ལྷ་ཆེན་དངོས་གྲུབ། (འདིའི་དུས་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོ་དང་འབྲེལ་བ་བྱུང་། བཀའ་འགྱུར་དང་། དཀྱིལ་འཁོར་བཞེངས། དབུས་གཙང་གཉིས་སུ་རབ་བྱུང་བ་སློབ་གཉེར་ལ་འགྲོ་བའི་སྲོལ་དར) ༡༥.དེའི་སྲས་ལྷ་ཆེན་རྒྱལ་བུ་རིན་ཆེན། ༡༦.དེའི་སྲས་ལྷ་ཆེན་ཤེས་རབ། (འདིའི་དུས་སུ་བུའི་ཧང་རྩེ་མོ་ཞེས་པའི་ཁར་གྲོང་ཁྱེར་སེང་གེ་སྒང་ཞེས་པ་བརྩིགས། མང་ཡུལ་ས་བུ་ལྗང་མཁར་ཡང་ཟེར) ༡༧.དེའི་སྲས་ལྷ་ཆེན་ཁྲི་གཙུག་ལྡེ། ༡༨.དེའི་སྲས་ལྷ་ཆེན་གྲགས་འབུམ་སྡེ་དང་གྲགས་པ་འབུམ་གཉིས(དང་པོའི་སྐབས་རྗེ་ཙོང་ཁ་པའི་སློབ་མ་ལྷ་དབང་བློ་གྲོས་བྱོན་ནས་དཔེ་ཐུབ་མགོན་པ་བཏབ) ༡༩.དེའི་སྲས་བློ་གྲོས་མཆོག་ལྡན། (འདིས་མངའ་རིས་སྐོར་གསུམ་ཕལ་ཆེ་བ་མངའ་ངོག་ཏུ་བསྡུས) (༡)དེ་ནས་སྲས་ཆུང་བ་ལྷ་ཆེན་གྲགས་འབུམ་སྡེ་གྱི་སྲས་ལྷ་ཆེན་བྷ་ར་དང་། དེའི་བུ་ལྷ་ཆེན་གྷ་གན་གཉིས་ཀྱི་ཕྱི་མ་དེས་གཅེན་པོའི་བུ་དང་སྲིད་དབང་བཅས་ཕྲོགས་པ་ཡིན། (༢)ལྷ་ཆེན་བྷ་གན་གྱི་སྲས་ལྷ་ཆེན་ལྷ་དབང་རྣམ་རྒྱལ་དང་བཀྲ་ཤིས་རྣམ་རྒྱལ་གཉིས་ལས་(བཀྲ་ཤིས་རྣམ་རྒྱལ་གྱིས་རང་གི་གཅེན་པོ་ལྷ་དབང་རྣམ་རྒྱལ་གྱི་མིག་བཏོན་ནས་བཙོན་ལ་བཞག རང་ཉིད་རྒྱལ་པོར་འཁོད། པུ་རིག་དང་། གྲོ་ཤོད་མན་ཆད་མངའ་འོག་ཏུ་བསྡུས། ལ་དྭགས་སླེལ་མཁར་རྣམ་རྒྱལ་རྩེ་མོ་དང་ཆུ་འབིས་གྲོང་ཁྱེར་བཏབ) (༣)བཀྲ་ཤིས་རྣམ་རྒྱལ་གྱི་བུ་གསུམ་སྟེ། ཚེ་དབང་རྣམ་རྒྱལ། རྣམ་རྒྱལ་མགོན་པོ། འཇམ་དབྱངས་རྣམ་རྒྱལ་དང་གསུམ།(འདིའི་དུས་སུ་མངའ་རིས་པའི་ངོ་ལོག་བྱུང) (༤)འཇམ་དབྱངས་རྣམ་རྒྱལ་གྱི་བུ་སེང་གེ་རྣམ་རྒྱལ་དང་ནོར་བུ་རྣམ་རྒྱལ་གཉིས་ལས་སེང་གེ་རྣམ་རྒྱལ་འདི་དམག་ཐབས་མཁས་པའི་སྟོབས་ཀྱི་གུ་གེ་ཕྱི་ནང་རྩ་གྲངས་ལོར་ལོང་བཅས་ལ་དམག་དྲངས་ཏེ་དབང་འོག་ཏུ་བསྡུས། ལ་དྭགས་ཀྱི་རྒྱལ་པོ་ཀུན་གྱི་ནང་ནས་མངའ་ཐང་དར་ཤོས་ཤིག་ཡིན། དགེ་ལུགས་པ་སོགས་གྲུབ་མཐའ་ཀུན་ལ་ཕྱོགས་རིས་མེད། (༥)འདིའི་བུ་བདེ་ལྡན་རྣམ་རྒྱལ། ཨིནྡྲ་བྷོ་ངྷི་རྣམ་རྒྱལ། བདེ་མཆོག་རྣམ་རྒྱལ་གསུམ་ལས། གཉིས་པ་རབ་ཏུ་བྱུང་། གསུམ་པའི་སྐལ་བར་སྤི་ཏི་དང་ཟངས་དཀར་གཏད། བདེ་ལྡན་རྣམ་རྒྱལ་གྱིས་ས་དགའ་གྲོ་ཤོད། སྐར་རྡོ། ཤི་གར་སོགས་ལ་དམག་དྲངས་ཏེ་བླངས། (༦)དེ་ནས་དེའི་བུ་བདེ་ལེགས་རྣམ་རྒྱལ་གྱིས་སྲིད་བཟུང་སྐབས། རབ་བྱུང་བཅུ་གཅིག་པའི་ལྕགས་བྱ(༡༦༨༡)ལོར་ས་གནས་སྲིད་གཞུང་ནས་སོག་པོ་དགའ་ལྡན་ཚེ་དབང་བཏང་ནས་དམག་དྲངས་ཏེ་ལ་དྭགས་མངའ་འོག་ཏུ་བསྡུས་མཚམས་འབྲུག་པ་ཐམས་ཅད་མཁྱེན་པ་པདྨ་དཀར་པོའི་སྤྲུལ་སྐུ་དམག་གི་དཔང་པོར་ཕེབས་ནས་ལ་དྭགས་དང་ཆིངས་སྒྲིགས་བྱས། བོད་ནས་ལོ་ལྟར་གཞུང་ཚོང་པ་ནས་ཇ་ཁལ་མ་ཉིས་བརྒྱའི་འབབ་གཏོང་རྒྱུ་དང་། ལ་དྭགས་ནས་ས་གནས་སྲིད་གཞུང་གི་བླ་བྲང་ཕྱག་མཛོད་ལ། གསེར་ཐུར་ཞོ་བཅུ། (ཐུར་ཞོ་དོ་ལ་ཏོ་ལ་བཅུ) དྲི་བཟང་སྲང་བཅུ(གུར་ཀུམ) ཧོར་ཟོག་བུག(ཡུག)དྲུག བབ་སྟ་འབུབ་གཅིག་བཅས་འབུལ་རྒྱུ། གཞུང་ཚོང་ལ་དྭགས་སུ་སྡོད་རིང་ཕོགས་ཐོན་དང་། ལམ་ཐོག་དོས་ཁལ་ཉིས་བརྒྱ། རྟ་ཞོན་ཉེར་ལྔ། རྟ་ཐབ་གཡོག་བཅུ། རྟ་འུལ་བཅོ་ལྔ། ཞོན་པ་བཅུ། རྟ་ཐབ་ཡོང་མི་གསུམ། དེར་རྟ་ལ་རྩ་ཁ་བཀལ་མེད། འབྲོག་སྡེ་འགོ་ཕིབས་གཅིག་བཞུགས་ཐབ་མཛོད་བཅས་ལ་གུར། རྟ་ཁལ་རྣམས་རྟ་ཟམ་ཐོག་དང་། རྫོང་སྐྱེལ་ཕལ་ཕྱིར་གཉིས། ལོ་རེ་བཞིན་ལོ་ཕྱག་གཏོང་རྒྱུ(ལོ་གསར་སྐབས་ཏླ་ལའི་བླ་མ་དང་ས་གནས་སྲིད་གཞུང་ལ་མཇལ་ཕྱག་ཞུ་མི་ཞིག་གཏོང་གི་ཡོད་པ་དེ་ལ་ལ་དྭགས་ལོ་ཕྱག་པ་ཟེར)བྱས། དེ་དང་མཉམ་དུ་ཁ་ཆུལ་རྒྱལ་པོ་ལ་དགོས་བྱེད་མངའ་རིས་ནས་ཡོང་དགོས་པ་རྣམས། ཁ་ཆུལ་རང་ལ་གཏོང་རྒྱུ་ལས་ཡུལ་གཞན་ལ་འཆོང་མི་ཆོག་པ་དང་། ཁ་ཆུལ་དང་ཁ་ཆེའི་ཚོང་པ་རྣམས་དཔེ་ཐུབ་བརྒལ་ནས་ཡོང་མི་ཆོག་པ་སོགས་བྱས་ནས་ཆིངས་ཡིག་བཞག ཆིངས་ཡིག་ངོ་མ་ཟུར་དུ་ཡོད་ཚོད། (ཆིངས་ཡིག་འདིའི་ནང་ས་གནས་སུ་ཚོང་རྒྱག་ཕྱོགས་སྐོར་མ་གཏོགས་ས་མཚམས་ཀྱི་སྐོར་གང་ཡང་བྲིས་མེད) སྐབས་དེར་འབྲུག་པ་སྤྲུལ་སྐུས་ས་གནས་སྲིད་གཞུང་ལ་མངའ་རིས་སྐོར་གསུམ་གྱི་ནང་ནས་གཅིག་དགོས་ཞེས་ཞུས་པ་མ་སྤྲད་ཀྱང་། དེའི་ཚབ་གཞིས་ཁ་གསུམ་འབྲུག་པ་སྤྲུལ་སྐུར་སྤྲད་ཅེས་གསལ། འདི་རྣམས་ནི《ལ་དྭགས་རྒྱལ་རབས》ནས་གལ་ཆེ་བ་རྣམས་དྲངས་ཏེ་བཀོད་པ་ཡིན་ལ་ཞིབ་པར་གཟིགས་འདོད་ན་དེར་གཟིགས་པར་ཞུ།
གསར་འགྱུར་འདི་ཧ་ཅང་སྤྲོ་ཉམས་དོད་པོ་ཞིག་འདུག ང་རང་གསར་འགོད་པའི་ལས་རིགས་འདི་ལ་ཧ་ཅང་དགའ་བོ་ཡོད། རང་དབང་ཅན་གྱི་གསར་འགོད་འགྲུལ་བཞུད་པ་ཞིག་བྱེད་རྒྱུ་དེ་ང་རང་གི་རྨི་ལམ་ཨང་དང་པོ་དེ་ཡིན།
BBC སྦེ་སྦེ་སི་གསར་འགྱུར་ལས་ཁུངས་ཀྱི་གསར་འགོད་པ། John Simpson
CNN སི་ཨིན་ཨིན་གསར་འགྱུར་ལས་ཁུངས་ཀྱི་གསར་འགོད་པ། Rechard quest
TibetTime བོད་ཀྱི་དུས་བབ་གསར་འགྱུར་ལས་ཁུངས་ཀྱི་གསར་འགོད་པ། Tonko
ཆོས་ཞུ་བ་ཚོར་གྲ་སྒྲིག་གནང་ཕྱོགས་ཐོག་བརྒྱ་ཆ་ ༦༠ ལྷག་ལས་འགྲུབ་མེད་པ་དེ་འགྲིག་གི་ཡོད་མ་རེད།
ཉེ་སྔོན་གོ་སྒྲིག་ཚོགས་ཆུང་གི་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་ཆོས་ཞུ་བ་ཚོར་ཞབས་ཞུ་དང་གོ་སྒྲིག་མང་པོ་ཞིག་གནང་ཡོད་པ་ཁྱབ་བསྒྲགས་བྱས་སོང་། ད་ལྟ་དུས་འཁོར་དབང་ཆེན་དངོས་གཞི་མགོ་འཛུགས་གནང་རྒྱུར་ཉིན་གསུམ་བཞི་ཞིག་ལས་མི་འདུག
གསར་འགོད་པ་དོན་གོ་ལགས་ཀྱི་ཐེངས་འདིའི་གསར་འགོད་སྐོར་སྐྱོད་དེ་ཧ་ཅང་རླབས་ཆེན་གྱི་འགྲུལ་བཞུད་ཐེངས་གཅིག་རེད། ཁྱེད་ཀྱི་བྱ་བ་ཧ་ཅང་ལེགས་འགྲུབ་བྱུང་འདུག འདི་ལྟར་གསར་འགོད་བྱེད་སྟངས་དེ་ཧ་ཅང་མཐུན་མོང་མ་ཡིན་པ་ཞིག་དང་། རྒྱལ་སྤྱིའི་ཐོག་གི་གསར་འགྱུར་ལས་ཁུངས་ཚད་དང་ལྡན་པ་དག་གི་འགྲོ་ལུགས་ཀྱི་རྗེས་ཟིན་པའི་རྟགས་མཚན་ཞིག་རེད་བསམ་གྱི་འདུག། བོད་ཀྱི་དུས་བབ་གསར་ཁང་གི་ལས་འཛིན་པ་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། མུ་མཐུད་འབད་བརྩོན་གནང་རོགས་ཞུ་བཞིན་ཡོད། ལྷག་པར་དུ་གསར་འགོད་པ་དོན་གོ་ལགས་ཀྱིས་གསར་འགྱུར་འབྲི་སྤེལ་གནང་བ་ཁག་གི་ཐོག་ཏུ་ཧ་ཅང་དཀའ་ལས་ཆེན་པོ་བརྒྱབ་ནས་བྲིས་པ་ཡིན་པ་ཟུར་དང་ཤུགས་ནས་ཚོར་གྱི་འདུག སྔགས་བརྗོད་ཡིད་རངས་བརྒྱ་ཕྲག་ཞུ་བཞིན་ཡོད།
ངོ་མ་གསར་འགོད་པ་ཞིབ་ཚག་ཅན་ཞིག་རེད། ལ་དྭགས་ཀྱི་གནས་སྟངས་གང་ཙམ་ཞིག་རྟོག་སོང་། ཐུགས་རྗེ་ཆེ།
ཚད་རིམ་ཅན་གྱི་གསར་ཁང་ཞིག་གི་གནང་སྟངས་ལ་གཞོལ་འདུག ཡི་རངས་ཞུ།
ཧྲིལ་བོ་ཐེངས་གཅིག་ཀློག་ཡིན། རང་ཉིད་ལ་དྭགས་ནང་འབྱོར་ཡོད་པ་ལྟ་བུའི་ཚོར་སྣང་ཞིག་སྤྲད་སོང་། གནས་ཚུལ་མང་ཙམ་མཁོ་སྤྲོད་གནང་རྒྱུར་རེ་སྒུག་བྱས་ཡོད།
གསར་འགོད་པས་ཧ་ཅང་གསལ་གསལ་ཐང་ཐང་གསུངས་གནང་འདུག མི་མང་དཀྱུས་མ་ཞིག་དང་གསར་འགོད་པ་གཉིས་བར་གྱི་མཐོང་སྣང་ལ་ཁྱད་པར་ཆེན་པོ་འདུག གསར་འགོད་པ་ཟེར་བ་དེ་ཚོར་བ་རྣོ་བ་དང་མིག་བར་ཞིབ་པ། གནད་འགག་འཇུ་ཐུབ་པ། དོན་དག་རྟོགས་པ་བཅས་ཀྱི་ཁྱད་ཆོས་འདུག་བསམ་སོང་། ཁ་གསལ་བོ་དོན་འདུས་པ་ཞིག་གསུངས་པར་ཐུགས་རྗེ་ཆེ་སོ་།།