ཁ་གསལ་ཁུངས་དག་གི་གསལ་བཤད།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༧༨ སྟེང་གི་རྩོམ་སྒྲིག་པའི་གཏམ།

 
ད་ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དེ་ཧ་ཅང་ཁྲུག་ཆ་ཆེ་ལ་རྙོག་འཛིང་ལྡན་པ་ཞིག་ཆགས་ཡོད། འོས་འཕེན་པའི་གྲངས་འབོར་སྐབས་སྔ་མ་དག་ལས་མང་བ་འདུག་ལ། ཁྱོན་ཡོངས་ནས་མང་ཚོགས་ཀྱིས་དོ་སྣང་བྱེད་སྟངས་དང་མི་མང་གི་ལབ་གླེང་ནང་དོན་ཡང་སྔར་ལས་རྣོ་ངར་ལྡན་ལ་ཚོར་བ་སྐྱེན་པོ་འདུག འདི་ཕྱོགས་གཅིག་ནས་མང་ཚོགས་ཀྱིས་ཆབ་སྲིད་ལ་དོ་སྣང་། དམངས་གཙོའི་ཁེ་དབང་ལོངས་སུ་སྤྱོད་ཀྱིན་པའི་བཟང་ལྟས་ཤིག་ཡིན་ཡང་། སྣེ་དང་ཟུར་མང་པོ་ན་ཆོལ་ཁ་ལུང་ཚན་གྱི་འཐེན་འཁྱེར་དང་ལྟ་བ་ལངས་ཕྱོགས་ཀྱི་འགྲན་རྩོད་ཅིག་ཀྱང་མངོན་ཡོང་གི་འདུག

 
ད་ལོ་ཆོལ་ཁ་སོ་སོའི་སྤྱི་འཐུས་འོས་མིར་བཞེངས་མཁན་མང་པོ་འདུག་ལ། སྲིད་སྐྱོང་འོས་མི་དག་གི་ཁྲོད་དུའང་ལ་ཁའི་ལུག་རྫི་དང་སྲིད་སྐྱོང་ལས་ཐོག ལམ་དབུ་མའི་ལངས་ཕྱོགས་འཛིན་མཁན་དང་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་སོགས་སྣ་ཚོགས་རེད། འདིས་བཙན་བྱོལ་བོད་མིའི་དམངས་གཙོའི་ཡང་དག་གི་ཆ་དང་གུ་ཡངས་རང་དབང་གི་ཆ་མཚོན་ཐུབ་པ་མ་ཟད། རྒྱ་ནག་གཞུང་ལ་ཁ་གསལ་ཁུངས་དག་གི་བརྡ་ལན་ཞིག་དང་། རང་རེའི་སྤྱི་ཚོགས་ནང་ནམ་རྒྱུན་འདོད་པ་མ་ཁེངས་པ་དང་། ཁ་གཏོང་ས་དང་སྐྱོན་འཛུགས་ཡུལ་མ་རྙེད་པར་སྡོད་མཁན་ཚོར་ཡང་གསལ་འགྲེལ་བྱས་ཡོད།

 
དབུས་འོས་བསྡུ་ལས་ཁང་ལ་ཉམས་མྱོང་མི་འདུག་ཟེར་ན། ད་བར་བཀའ་ཤག་སྐབས་བཅོ་ལྔ་དང་སྤྱི་འཐུས་སྐབས་བཅུ་དྲུག་འོས་བླུགས་ནས་ཡོང་བ་རེད། ཁ་སང་དྷ་རམ་ས་ལའི་བཀའ་སྤྱིའི་འོས་བསྡུའི་སྐབས། འོས་སྒམ་འཇོག་སྟངས་དང་མི་མང་བང་སྒྲིག་སྟངས། འོས་འཕེན་པར་ལྟ་རྟོག་བྱེད་སྟངས་གང་ཅིར་སྐྱོན་གནས་མི་ཉུང་བ་ཞིག་མཐོང་སོང་། དྷ་རམ་ས་ལ་འདིར་ཆབ་སྲིད་གོ་རྟོགས་དང་ཤེས་ཡོན་ཉམས་མྱོང་སོགས་གང་ཐད་ནས་ཡག་པོ་ཡོད་པར་ངོས་འཛིན་བྱེད་དགོས་ཀྱང་། འདི་གར་དེ་ལྟ་བུའི་སྐྱོན་གནས་མང་པོ་ལྷག་ཡོད་ན། གཞིས་ཆགས་ཁག་དང་ས་གནས་ཁུག་ཀྱོག་དག་ཏུ་ཡ་མཚན་གྱི་གནས་ཚུལ་འདི་ལས་མང་བ་སྨོས་མེད་རེད།

 
རྫབ་ཆེ་ཤོས་གཅིག་ནི་ཁ་སང་འོས་འཕེན་པ་མང་པོ་ཞིག་གི་ལག་ཏུ་སྲིད་སྐྱོང་འོས་མི་འཁོད་པའི་ཤོག་བུ་ཞིག་བཟུང་འདུག ཤོག་བུ་དེའི་སྟེང་གི་སྲིད་སྐྱོང་འོས་མི་མི་གཅིག་རེད་ལ། འོས་བསྡུའི་སྦྱིལ་བུ་ཁ་ཤས་ནང་དུའང་མི་གཅིག་གིས་མི་གཞན་པ་མང་པོའི་འོས་ཤོག་འབྲི་བཞིན་འདུག འདིའི་ཐད་གངས་སྐྱིད་དུ་འོས་བསྡུ་མགོ་འཛུགས་གནང་མ་ཐག་རྙོག་གླེང་ཞིག་ཀྱང་བྱུང་སོང་། ལྡི་ལི་སོགས་ས་གནས་ཁ་ཤས་ནང་སྲིད་སྐྱོང་འོས་བསྡུའི་འགེངས་ཤོག་ཕྱི་གྱར་ཕྱིན་ཏེ། མི་མང་པོ་ཞིག་གི་ལག་ཏུ་སྲིད་སྐྱོང་འོས་བསྡུའི་འགེངས་ཤོག་བཅུ་གྲངས་རེ་བསྐུངས་ཡོད་པའི་གཏམ་ཡན་ཞིག་ཀྱང་ཐོས་རྒྱུ་འདུག

 
དེ་བཞིན། རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་ནས་ཀྱང་རྙོག་གླེང་ཞིག་བྱུང་རབས་འདུག སྤྱིར་བཙན་བྱོལ་བོད་མིའི་དམངས་གཙོ་འདི་ནར་གསོན་བཞིན་པའི་ཕྲུ་གུ་པྲ་ཚགས་ཤིག་དང་འདྲ་བར། མང་ཚོགས་ཀྱི་ཕྱོགས་སུ་ཆ་མ་ཆོ་རིགས་དང་ཡ་མ་བརླ་རིགས་མང་པོ་འབྱུང་སྲིད་ཀྱང་། དབུས་འོས་བསྡུ་ལས་ཁང་དང་ས་གནས་ཁག་གི་འོས་བསྡུའི་ཚོགས་ཆུང་དག་གི་དོ་དམ་སྟངས་འཛིན་ཐོག་འཐུས་ཤོར་འགྲོ་བཞིན་པ་འདི་ཉམས་མྱོང་གིས་མ་འདང་བ་རེད་དམ། ཡང་ན། བསམ་བཞིན་དུ་གོ་སྐབས་སྤྲད་པ་གང་ཡིན་དོགས་གནས་རེད་ལ། འདིར་བོད་མིའི་སྒྲིག་འཛུགས་དང་དབུས་འོས་བསྡུ་ལས་ཁང་གིས་ཞིབ་འཇུག་གཏིང་ཟབ་བྱེད་དགོས་པའི་དོན་གནས་གལ་ཆེན་ཞིག་ཀྱང་རེད་དོ།།

བསྐྱར་བཅོས།: ༢༠༡༥/༡༡/༠༤

Leave a Reply