ཤི་བོའི་རོ་བདག་ཐུབ་དགོས།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༨༠ སྟེང་གི་རྩོམ་སྒྲིག་པའི་གཏམ།

 
གནམ་ཟླ་སྟོན་མཇུག་བསླེབས་ཤིང་། སྡོང་ལོ་སེར་པོ་རླུང་གིས་འཁུར། མི་ཚང་མའི་སེམས་པའང་སྐྱོ་ལྷང་ལྷང་གི་དུས་འདིར། དྷ་རམ་ས་ལ་ནས་རྒྱ་གར་བ་ཁ་ཤས་ཀྱིས་བོད་མི་ན་གཞོན་ཞིག་ལ་གྲི་བཙུགས་ཏེ་བསད་སོང་། སྐྲང་འབུར་སྟེང་ལ་ཁུ་ཚུར་ཞེས་པའི་དཔེ་ལྟར། དྷ་རམ་ས་ལའི་བོད་པ་མང་པོ་ཞིག་ཕྱི་རྒྱལ་ཁག་ཏུ་བསྐྱོད་པ་དང་ཕྱིར་ཕ་ཡུལ་བོད་དུ་ལོག་པ། དྷ་རམ་ས་ལ་འདིར་ལོ་རེ་ནས་ཟླ་རེར་མི་ཇེ་ཉུང་དུ་ཕྱིན་ཏེ། ཤུལ་ལུས་དག་ཀྱང་སུན་སྣང་དང་དྲན་གདུང་གིས་གཟིར་བཞིན་པའི་སྐབས་ཤིག་ལ་སླར་ཡང་ཞེ་སྨེང་བའི་གནས་ཚུལ་འདི་བྱུང་སོང་།

 
སྤྱིར་བཏང་སྤྱི་ཚོགས་ཟེར་བ་དེ་མི་རེ་རེ་བ་ལས་གྲུབ་ཅིང་། མི་རེ་རེ་བ་དེའི་བསམ་སྤྱོད་ཐ་དད་ཡིན་པ་ཆོས་ཉིད་ཡིན་ལ། དྷ་རམ་ས་ལ་འདིར་དེ་ལས་ཀྱང་མི་རིགས་སྣ་ཚོགས་དང་སྐད་ཡིག་ཐ་དད། ཡུལ་ལུང་འདྲ་མིན་གྱི་མི་སྣས་གྲུབ་པའི་སྣེ་འཛིངས་སྤྱི་ཚོགས་ཤིག་ཡིན་སྟབས། རྙོག་གླེང་ཕྲན་བུ་རེ་འབྱུང་བ་རྒྱུན་ལྡན་རེད་ཟེར་ཆོག་ཀྱང་། ད་རེས་ཀྱི་གནས་ཚུལ་དེར་བསམ་བློ་ཕྲན་ཙམ་མི་གཏོང་ཐབས་མེད་རེད། བོད་པ་ཉམ་ཆུང་ལམ་འགྲོ་བ་ཞིག་ལ་བརྙས་བཅོས་བྱས་པའི་མཐའ་མར་གྲི་བཙུགས་ཏེ་དམར་གསོད་བཏང་བ་འདིས་དུས་རྒྱུན་གྱི་དཀའ་རྙོག་ཅིག་གི་ཟུར་མཐོང་ཐུབ།

 
གནད་དོན་དེ་བྱུང་རྗེས་བོད་པ་དང་རྒྱ་གར་བའི་གསར་འགོད་པ་མང་པོས་གནས་ཚུལ་རྒྱུས་ལོན་བྱེད་ཆེད། བོད་མིའི་སྒྲིག་འཛུགས་ལ་ནན་འདྲི་བྱས་ཀྱང་། ཅི་མི་སྙམ་པར་ཧ་ཅང་རྒྱུན་ལྡན་གྱི་རྣམ་པས། “ལྷིང་འཇགས་པོ།” དང་། “ཡུལ་མིར་མཐུན་ལམ།” ཞེས་པའི་ཐ་སྙད་འདི་དག་འདྲུད་ཡོང་སྟེ། ཧ་ལམ་ད་རེས་ཀྱང་བོད་པ་ཚོ་ལན་པ་ལྟ་བུའི་རྣམ་འགྱུར་ཞིག་བསྟན་པ་དེས་མི་མང་པོ་བློ་ཕམ་བྱུང་ཡོད། ལྷག་པར་དུ་དྷ་རམ་ས་ལ་ན་ཉི་མ་རེ་རེ་བཞིན་རྒྱ་གར་བའི་བརྙས་བཅོས་འཁུར་བཞིན་པའི་གསར་འབྱོར་བ་དག་ལ་བློ་ཕམ་ཆེན་པོ་བྱུང་ཡོད།

 
སྤྱིར་བཏང་རྒྱ་གར་བཀའ་དྲིན་ཆེན་པོ་ཡིན་པ་དང་། ཡུལ་མིར་མཐུན་ལམ་བྱེད་དགོས་པ་བོད་མི་ཚང་མས་ཤེས་ཀྱི་ཡོད་ལ། ཤེས་པ་བཞིན་ལག་ལེན་ཡང་བསྟར་གྱི་ཡོད། དྷ་རམ་ས་ལ་ཁུལ་གྱི་རྒྱ་གར་བ་ཚོས་བོད་ནས་གསར་དུ་འབྱོར་བ་ཚོར་ཐུབ་ཚོད་བརྙས་བཅོས་ཅི་ཙམ་གཏོང་གི་ཡོད་པ་སྲིད་སྐྱོང་མཆོག་གིས་མཐོང་གི་མེད་ལ། བདེ་སྲུང་བཀའ་བློན་དང་སྤྱི་འཐུས་ཚོགས་གཙོས་ཀྱང་ཧ་ལམ་ཐོས་ཐུབ་མེད། སློབ་གྲྭའི་སློབ་ཕྲུག་དང་དགོན་པའི་བཙུན་མ་ཚུན་ལ་བཙན་གཡེམ་དང་། ཟ་ཚོང་ཁང་གི་གཡོག་པོར་གཡོག་གླ་མི་སྤྲོད་པ་དང་ཁང་པ་གླ་མཁན་ཚོར་སུན་གཙེར་བྱེད་པ། ཐ་ན་ཚོང་ཁང་ནས་ཅ་དངོས་ཉོས་པ་དང་རླངས་འཁོར་ལ་བསྡད་པའི་དངུལ་ལྷག་ཕྱིར་མ་བསློགས་ཀྱང་མགོ་བསྐུར་ནས་འགྲོ་དགོས།

 
འདས་ཟིན་པ་འདས་ཟིན་པ་རེད། ད་རེས་ཀྱི་གནས་ཚུལ་འདིའི་ཐད་བོད་མིའི་སྒྲིག་འཛུགས་ཀྱིས་བསྒྲུབ་དགོས་པའི་ལས་འགན་ཉག་གཅིག་ཡོད་པ་ནི། རྒྱ་གར་ལག་དམར་བ་དེ་དག་ལ་ཁྲིམས་ལྟར་ཉེས་ཆད་ལྕི་མོ་ཞིག་གཅོད་དུ་འཇུག་རྒྱུ་དང་། བྱུང་ན་འདས་པོའི་ཤུལ་གྱི་ནང་མི་ཚོར་བོད་པའི་ལམ་སྲོལ་ལྟར་ཆོས་བྱེད་པར་དངུལ་སྒོར་གྱ་ནོམ་པ་ཞིག་ལེན་རྒྱུ་དེ་རེད། འདི་འདས་པོའི་ཤུལ་གྱི་གསོན་པོ་དག་གི་ཐབས་ཟད་འུ་ཐུག་གི་རེ་བ་ཙམ་རེད་ལ། མ་འོངས་པར་དྷ་རམ་ས་ལ་རུ་ཡང་བསྐྱར་གནས་ཚུལ་འདི་ལྟ་བུ་མི་འབྱུང་ཐབས་ཡིན། གལ་སྲིད་ལས་འགན་དེ་ཡང་བསྒྲུབ་མ་ཐུབ་ན། དྷ་རམ་ས་ལ་ནས་མི་གསོན་པོར་བདག་པོ་རྒྱག་མ་ཐུབ་པའི་མི་ཚད་མི་ཤི་བོའི་རོ་བདག་ཀྱང་མ་ནུས་པའི་ཉེས་པ་ཡོད།

བསྐྱར་བཅོས།: ༢༠༡༥/༡༡/༢༤

Leave a Reply