དམངས་གཙོའི་འཕེལ་རིམ་ཁྲོད་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་ཧོལ་རྒྱུག

 

བཙན་བྱོལ་བོད་མིའི་བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་དང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་ཕྱི་ཟླ་ ༡༠ ཚེས་ ༡༨ ཉིན་གྲུབ་སྟེ། ད་ཆར་འབྱུང་འགྱུར་ཕྱི་ཟླ་ ༣ ཚེས་ ༢༠ ཉིན་གྱི་དངོས་གཞིའི་འོས་བསྡུར་གྲ་སྒྲིག་བྱེད་བཞིན་པའི་སྐབས་དང་བསྟུན་ཏེ། འདི་གས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་ཨ་རིར་གནས་སྡོད་རྩོམ་པ་པོ་མདོ་སྨད་སྤྱི་ཟུར་ཧོར་གཙང་འཇིགས་མེད་ལགས་སུ། བཙན་བྱོལ་བོད་མིའི་དམངས་གཙོའི་འཕེལ་རིམ་དང་འབྲེལ་ཏེ་ད་ལོའི་འོས་བསྡུའི་སྐོར་ལ་བཅར་འདྲི་ཞུས།

 

དྲི་བ། བཀའ་ཤག་སྐབས་བཅུ་བཞི་པའི་སྲིད་སྐྱོང་དང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོ་གནང་གྲུབ་སྟེ། ད་ཆར་དངོས་གཞིའི་འོས་བསྡུའི་མཚམས་སུ་བསླེབས་ཡོད་པ་རེད། ༡༩༦༠ ལོར་བཙན་བྱོལ་བོད་མིའི་དམངས་གཙོ་ཐོག་མར་དབུ་བརྙེས་པ་ནས་ད་ལྟའི་བར་གྱི་འཕེལ་རིམ་ལ་ཕྱི་མིག་བལྟས་ན། ཁྱོད་ལ་སེམས་ཚོར་གང་འདྲ་འདུག

 

920045_517130701656999_2066293033_oལན། སེམས་ཚོར་ཟེར་ན་རེད། གང་ལྟར། དམངས་གཙོ་དབུ་བརྙེས་ཏེ་ལོ་ངོ་ ༢༥ འཁོར་བའི་དུས་དྲན་སྐོར་གྱི་དཔེ་དེབ་དེ་ཚོར་བལྟས་པ་ཡིན་ན། ༡༩༩༡ ལོར་བཅའ་ཁྲིམས་གཏན་འབེབས་བྱས་པ་ནས་བཟུང་མི་མང་གིས་འོས་ཤོག་བླུགས་ཏེ་སྤྱི་འཐུས་འདེམ་པའི་ལམ་སྲོལ་འདི་ཐོག་མར་ཆགས་ཡོད་པའི་བཟོ་བོ་ཞིག་འདུག སྤྱི་འཐུས་སྐབས་བཅུ་བའི་བར་འོས་ཤོག་བླུགས་ཏེ་ཡོང་བ་དེ་འདྲ་ཧ་ལམ་ཡིན་ས་མ་རེད། ༧གོང་ས་མཆོག་གིས་ཕྱག་རྟགས་བསྩལ་ཏེ་ཐད་བསྐོས་གནང་བ་འདྲ། ༡༩༩༡ ལོར་བཅའ་ཁྲིམས་གཏན་འབེབས་གནང་སྟེ་ཆོལ་ཁ་རེ་ལ་སྤྱི་འཐུས་ ༡༠ རེ་དང་ཆོས་བརྒྱུད་རེ་ལ་སྤྱི་འཐུས་ ༢ རེ། ༧གོང་ས་མཆོག་གིས་ཐད་བསྐོས་སྤྱི་འཐུས་ ༣ ། བྱང་ཨ་རི་ལ་སྤྱི་འཐུས་ ༡ ། ཡུ་རོབ་ལ་སྤྱི་འཐུས་ ༢ བཅས་བོད་མི་མང་སྤྱི་འཐུས་ཀྱི་གྲངས་འབོར་ ༤༦ ལ་སྤར་འདུག

 

བོད་མི་མང་སྤྱི་འཐུས་ཀྱི་བྱུང་རིམ་ལ་ཕྱི་མིག་བལྟས་པ་ཡིན་ན། ཐོག་མར་༡༩༥༩ ལོའི་ལོ་མཇུག་བཙན་བྱོལ་དུ་འབྱོར་བའི་བོད་མི་རྣམས་རྡོ་རྗེ་གདན་དུ་འཛོམས་ཏེ་གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་འབྲེལ་མནའ་གན་ཐུ་མོ་ཆེ་བཞག་སྐབས་ཐོག་མ་ ༡༩༦༠ ལོར་རྡོ་རྗེ་གདན་ནས་བོད་མི་མང་སྤྱི་འཐུས་ཐོག་མར་དབུ་བརྙས་ཏེ་མནའ་གན་མཐུ་མོ་ཆེ་བཞག་སྐབས། ༧གོང་ས་མཆོག་གིས་སྤྱི་ཚོགས་དང་དུས་ཚོས་ལ་འགྱུར་བ་ཤུགས་ཆེན་ཐེབས་ཡོད་སྟབས་ཕ་ཤུལ་བུ་འཛིན་གྱི་ལམ་ལུགས་དེ་ཡོང་གི་མ་རེད་ལ། ཆོས་ལུགས་པས་མགོ་འཁྲིད་པ་དེའང་ཡོང་གི་མ་རེད། དེང་རབས་ཀྱི་འགྲོ་སྟངས་ལྟར་མི་མང་དང་མི་མང་གི་སྐུ་ཚབ་ཀྱིས་གཞུང་འཛིན་དགོས་ཀྱི་འདུག སྤྱི་མི་ལྷག་བསམ་ཅན་དེ་འདྲའི་མིང་ཐོ་འཁྱེར་ཤོག་གསུངས་པ་ལྟར་༧གོང་ས་མཆོག་གིས་ཕྱག་རྟགས་བསྩལ་ཏེ་ ༡༩༦༠ ཟླ་ ༩ ཚེས་ ༢ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཐོག་མར་དབུ་བརྙེས་ཏེ་དམངས་གཙོའི་གཞུང་གསར་པ་བཙུགས་པ་རེད། སྐབས་དེ་ནས་བཟུང་བོད་མི་སྤྱི་འཐུས་སྐབས་ཁ་ཤས་རིང་སྤྱི་འཐུས་ལྷན་ཚོགས་ལ་ལས་ཁུངས་ལོགས་སུ་མེད་པར་ལྷན་ཁང་ཁག་ལ་ཆ་བགོས་བྱས་ཏེ། ལྷན་ཁང་ཁག་ཏུ་ཉམས་མྱོང་གསོག་པ་དང་ལས་བྱེད་ཚོའི་ལས་ཀ་བྱེད་ཕྱོགས་ལ་སྟངས་འཛིན་འདྲ་བོ་བྱས་ནས་བསྡད་པ་ཡིན་ས་རེད།

 

སྤྱི་སྡོམ་འདྲ་བོ་བརྒྱབ་ན། ༡༩༦༠ ནས་ ༡༩༩༡ ལོའི་བར་བཙན་བྱོལ་བོད་མིའི་དམངས་གཙོའི་འཕེལ་རིམ་དུམ་བུ་གཅིག་རེད། གང་ཡིན་ཟེར་ན། དེའི་ཡར་སྔོན་སྤྱི་འཐུས་དང་བཀའ་བློན་དེ་ཚོ་༧གོང་ས་མཆོག་གིས་ཕྱག་རྟགས་བསྩལ་ཏེ་བསྐོ་བཞག་གནང་གི་ཡོད་ས་རེད། སྐབས་དེར་མི་ཤེས་འཇོན་ལྷག་བསམ་ཅན་དེ་འདྲའི་མིང་མཐོ་༧གོང་ས་མཆོག་ལ་ཕུལ་ནས་སྤྱི་འཐུས་སུ་བསྐོ་མཁན་༧གོང་ས་མཆོག་ཡིན་པ་དང་། གལ་སྲིད་སྐྱོན་དང་ནོར་འཁྲུལ་དེ་འདྲ་བྱུང་ན་ཡར་ཞུས་ན་སྤྱི་འཐུས་ནས་མར་འཕུད་རྒྱུ་ཡང་༧གོང་ས་མཆོག་གི་སྐུ་དབང་ཆགས་ཀྱི་ཡོད་ས་རེད།

 

༡༩༩༡ ནས་ ༢༠༠༡ ལོའི་བར་བཙན་བྱོལ་བོད་མིའི་དམངས་གཙོའི་འཕེལ་རིམ་དུམ་བུ་གཉིས་པ་འདྲ་བོ་རེད། ༡༩༩༡ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དེ་ཁྲིམས་བཟོ་ལྷན་ཚོགས་ཀྱི་ངོ་བོར་བསྒྱུར་ཏེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་བྱས་པ་དང་། བཙན་བྱོལ་བོད་གཞུང་གི་ལྷན་ཁང་མ་ལག་དང་བཅས་པའི་སྒྲིག་གཞི་ ༢༡ ཙམ་གཏན་འབེབས་གནང་བ་རེད་ལ། བཙན་བྱོལ་བོད་གཞུང་གི་དངུལ་རྩིས་བཀའ་འཁྲོལ་གཏན་འབེབས་དང་སྟངས་འཛིན་བསྐྱར་ཞིབ་ཡོངས་རྫོགས་ཀྱི་འགན་དབང་ཁྱེར་གྱིན་ཡོད་པ་དེ་རེད།

 

༢༠༠༡ ནས་ ༢༠༡༡ ལོའི་བར་དེ་བཙན་བྱོལ་བོད་མིའི་དམངས་གཙོའི་འཕེལ་རིམ་གྱི་དུམ་བུ་གསུམ་པ་རེད། ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམ་བྱེད་པའི་ལམ་སྲོལ་བཙུགས་ཏེ། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པ་དང་པོ་དེ་ཆགས་ཡོད་པ་རེད། སྐབས་དེ་ནས་གོང་ས་མཆོག་ཕྱེད་བགྲེས་ཡོལ་གྱི་རྣམ་པར་བཞུགས་ཤིང་། ༢༠༡༡ ལོར་༧གོང་ས་མཆོག་དེ་སྔ་རྒྱལ་ཁབ་དང་གཞུང་(Head of the state and head of the government) གི་དབུ་ཁྲིད་ཀྱི་མཚན་གནས་ཡོད་པ་དེ་མི་མང་གིས་བདམས་པའི་དབུ་ཁྲིད་ཚོར་བགོ་བཤའ་བརྒྱབ་སྟེ་བགྲེས་ཡོལ་ཆ་ཚང་གནང་བ་དེ་རེད།

 

དྲི་བ། ད་ལོའི་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་གྲུབ་སྟེ་ད་ཆར་ས་གནས་ཁག་གི་འོས་གྲངས་སླེབ་ཡོང་གི་འདུག་ལ། མི་འགྱངས་པར་དབུས་འོས་བསྡུ་ལས་ཁང་གིས་ཕྱོགས་བསྡོམས་འོས་གྲངས་གསལ་བསྒྲགས་གནང་རྒྱུ་རེད། སྐུ་ཉིད་ཀྱིས་ད་ལོའི་འོས་བསྡུའི་ལས་རིམ་ཐོག་སྤྱི་ཡོངས་ནས་གཟིགས་ཚུལ་ག་འདྲ་བྱུང་སོང་།

 

ལན། འོས་བསྡུའི་ལས་རིམ་གང་ལ་གང་འཚམ་ཡག་པོ་བྱུང་སོང་བསམ་གྱི་ཡོད། ཡིན་ནའང་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མིར་བཞེངས་མཁན་དང་། མང་ཚོགས་ཀྱིས་དེ་ལ་ཆ་ཤས་ལེན་སྟངས་ཀྱི་ཐད་ནས་སེམས་འཚབ་སྐྱེ་དགོས་པ་མང་པོ་ཞིག་ཆགས་སོང་། ད་ལོའི་སྲིད་སྐྱོང་འོས་བསྡུ་དེ་བཙན་བྱོལ་ཀྱི་མི་ལོ་ལྔ་བཅུ་ང་ལྔའི་ལོ་རྒྱུས་ནང་གི་འཁྲུག་ཆ་དོད་ཤོས་ཆགས་སོང་། དམངས་གཙོའི་འཕེལ་རིམ་གྱི་སྐད་ཆ་ཤོད་མཁན་ཞིག་ཡིན་ན། ད་ལོའི་སྲིད་སྐྱོང་འོས་བསྡུ་དེ་ཧ་ཅང་ཡག་པོ་བྱུང་སོང་ཟེར་གི་རེད། དེ་བཞིན། ཕྱི་ལོགས་ནས་ལྟ་སྡོད་མཁན་མི་རིགས་གཞན་པ་དེ་ཚོར་མཚོན་ནའང་ད་ལོར་དམིགས་བསལ་ཁྱད་ཆོས་འདུག་དྲན་ཡོད་རྒྱུ་རེད། ཡིན་ནའང་བོད་པར་ཤ་ཚ་ལྷག་བསམ་ཡོད་མཁན་དང་། བོད་པའི་དངོས་ཡོད་སྤྱི་ཚོགས་ཧ་གོ་མཁན་ཞིག་ཡིན་ན། ད་ལོའི་འོས་བསྡུ་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དེ་ཆབ་སྲིད་འཁྲབ་སའི་སྡིངས་ཆ་ཞིག་དང་། ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་བྱེད་ཡུལ་ཞིག་ཆགས་སོང་བསམ་གྱི་ཡོད།

 

གནས་ཚུལ་འདི་ཐོག་མ་བཀའ་ཤག་སྐབས་བཅུ་བཞི་པ་དང་བོད་མི་མང་སྤྱི་འཐུས་སྐབས་བཅུ་བཅོ་ལྔ་པའི་འོས་བསྡུའི་སྐབས་ནས་མགོ་བཙུགས་སོང་། ང་ལ་འོས་ལྡུག་རོགས། ངས་འདི་དང་དེ་བྱེད་ཐུབ་ཀྱི་ཡོད་ཟེར་ནས་ལམ་སྲོལ་གསར་གཏོད་འདྲ་བོ་བྱས་སོང་། ད་བར་ཕར་རྒྱ་ཕྱོགས་ལ་ཁུ་སིམ་མེར་གྲག་འགུལ་གཅིག་ཀྱང་བཟོ་ཐུབ་ཀྱི་མེད་པར། ཚུར་བོད་པ་ནང་ལ་འཁོར་ནས་དབང་ཆའི་རྐུབ་སྟེགས་ཀྱི་ཆེད་དུ་ཕྱོགས་ཁག་དཔུང་བསྒྲིགས་ནས་ཡོང་གི་ཡོད་པ་དེ་ཡག་པོ་མ་རེད། གནས་སྟངས་འདི་མ་འོངས་པར་དཀའ་ངལ་དང་རྙོག་དྲ་ཆེན་པོ་འོང་རྒྱུའི་རྐྱེན་རྩ་ཞིག་ཆགས་མི་སྲིད་པ་མ་རེད།

 

གང་ཡིན་ཟེར་ན། བོད་མིའི་སྒྲིག་འཛུགས་འདི་རྒྱལ་ཁབ་ཡོད་པའི་གཞུང་དེ་འདྲ་མ་རེད། བཙན་བྱོལ་གྱི་གཞུང་ཞིག་ཡིན་སྟབས་འཁྱག་པའི་སྟེང་གི་ཁང་པ་ལྟ་བུ་རེད། འདི་སྐྱོང་སྟངས་གཉོར་སྟངས་མ་ཤེས་པར་དཀྲུག་དཀྲུག་ཞེ་དྲགས་བཏང་ན་རྨང་ནས་འཐོར་རྒྱུའི་ཉེན་ཁ་ཡོད་པ་རེད། ཁ་གསལ་བོ་བྱས་ཏེ་ཞུས་ན། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་རྐུབ་སྟེགས་དེ་ཚོར་ཐོབ་གོ་སར་དགའ་མཁན་དང་། མཚན་སྙན་གྲགས་འདོད་མཁན། རྒྱུ་ཁེ་ཕན་ལ་རྔམ་མཁན་དེ་ཚོས་སོ་སོའི་མངོན་འདོད་སྒྲུབ་བྱེད་ཀྱི་སྡིངས་ཆ་ཞིག་ལ་བེད་སྤྱོད་བཏང་བ་ཡིན་ན། མ་འོངས་པར་བོད་མིའི་སྒྲིག་འཛུགས་འདི་ག་ཚོད་ཅིག་ལ་གནས་ཐུབ་མིན་བཤད་དཀའ་མོ་རེད། ལྷག་པར་དུ་༧གོང་ས་མཆོག་ཞལ་བཞུགས་མིན་གྱི་གནས་ཚུལ་དེ་འདྲ་བྱུང་སྐབས། སྒྲིག་འཛུགས་འདིར་ཡང་གནས་ཚུལ་ཐབས་སྐྱོ་བོ་ག་རེ་ལྷག་མིན་ཐད་སེམས་ཚབ་བྱེད་དགོས་པ་ཞིག་རེད།

 

དྲི་བ། ད་ལོའི་སྤྱི་འཐུས་འོས་བསྡུར་མཚོན་ན། སྐབས་སྔོན་མ་དག་དང་མ་འདྲ་བར། ཆོལ་ཁ་སོ་སོའི་སྤྱི་འཐུས་འོས་མིར་བཞེངས་མཁན་ཧ་ཅང་མང་པོ་འདུག འདི་དམངས་གཙོའི་འཕེལ་རིམ་དང་སྤྱི་དོན་ལ་འགན་འཁུར་ལེན་པའི་སེམས་ཤུགས་ཤིག་ལ་ངོས་འཛིན་གནང་གི་ཡོད་དམ། ཡང་ན། བོད་མི་མང་སྤྱི་འཐུས་ཀྱི་རྐུབ་སྟེགས་ལ་ལྟ་ཚུལ་དམའ་དྲགས་པ་དང་སོ་སོ་སྒེར་གྱི་མཚན་དང་གོ་གནས་ཆེད་ཡིན་པ་ཞིག་ལ་མཐོང་གི་ཡོད།

 

ལན། དེར་རྒྱུ་མཚན་ཁ་ཤས་ཡོད་པ་རེད་བསམ་གྱི་འདུག སྔོན་མ་ཡིན་ན་མི་མང་ནང་སྤྱི་འཐུས་དེ་ཚོར་དོ་སྣང་ཡོད་པ་མ་རེད། སྤྱི་འཐུས་ལ་སྡོད་མཁན་ཚོའི་ངོས་ནས་༧གོང་ས་མཆོག་གི་བཀའ་དང་མི་མང་གི་རེ་སྐུལ་ཟློག་མ་ཐུབ་པར་སྡོད་ཀྱི་ཡོད་པ་མ་གཏོགས་དགའ་བཞིན་སྤྲོ་བཞིན་བོད་མི་མང་སྤྱི་འཐུས་ཀྱི་རྐུབ་སྟེགས་དེ་དབང་ཆ་དང་ཁེ་ཕན་རྩོད་པའི་སྡིངས་ཆ་ཞིག་ལ་ངོས་འཛིན་བྱེད་མཁན་ཧ་ལམ་ཡོད་པ་མ་རེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་བྱས་པ་ནས་བཟུང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དེར་དབང་ཆ་ཧ་ཅང་ཆེན་པོ་ཆགས་པ་རེད། སྤྱི་འཐུས་ལྷན་ཚོགས་དེ་ཁྲིམས་དང་སྒྲིག་གཞི་བཟོ་མཁན་དང་། བཙན་བྱོལ་བོད་གཞུང་གི་དངུལ་རྩིས་གཏན་འབེབས་བྱེད་མཁན། བོད་གཞུང་གི་ལས་ཁུངས་ཡོངས་རྫོགས་ལ་ལྟ་རྟོག་སྟངས་འཛིན་བྱེད་མཁན་ཆགས་པ་རེད།  ཟམ་གདོང་རིན་པོ་ཆེ་སྤྱི་འཐུས་ཚོགས་གཙོ་ཡིན་པའི་སྐབས་ལ་དབང་ཆ་ཡོངས་རྫོགས་གྲོས་ཚོགས་འོག་བསྒྲིལ་སོང་ཟེར་མཁན་དེ་འདྲ་གཞུང་ཞབས་ནང་བྱུང་བ་རེད། དེ་རྒྱུ་མཚན་གཅིག་རེད་བསམ་གྱི་འདུག

 

གཉིས་ནས་ཁྱོད་རང་གིས་གོང་དུ་གསུངས་པ་ལྟར། རང་ཉིད་ལ་ཤེས་ཡོན་འཇོན་ཐང་ག་ཚོད་ཡོད་མེད་དང་། སྤྱི་ཚོགས་ནང་མཐོང་དང་ཆ་འཇོག་ག་ཚོད་ཡོད་མེད་ལ་མ་ལྟོས་པར་སྤྱི་འཐུས་ལ་ལང་གི་ཡོད་པ་མང་པོ་ཞིག་འདུག དེ་ཚོས་མགོ་བདེ་བོ་བྱས་ཏེ་སྤྱི་འཐུས་ནང་སླེབས་ཐབས་བྱེད་པ་དང་། སྒེར་གྱི་ཁེ་ཕན་ཁོ་ནའི་ཆེད་དུ་མང་ཚོགས་ལ་མགོ་སྐོར་གཏོང་གི་ཡོད་མཁན་མང་པོ་ཞིག་ཡོང་གི་ཡོད་པ་གསལ་བོ་རེད།

 

གནས་ཚུལ་གཙོ་བོ་གཞན་ཞིག་གདན་ས་ཁག་ལ་ཆབ་སྲིད་ཀྱི་ཚོར་བ་ཤུགས་ཆེན་པོ་བསླེབས་པ་དེ་རེད། སྒོ་མང་བསྟན་པ་ལགས་ཀྱིས་འདི་འདྲ་ཞིག་གསུང་གི་ཡོད་པ་ངས་གོ་མྱོང་ཡོད། སྔོན་ཆད་གདན་ས་ཁག་ཏུ་དགེ་ལུགས་སྤྱི་འཐུས་ལ་འགྲོ་མཁན་རག་གི་ཡོད་པ་མ་རེད། དགེ་ལུགས་སྤྱི་འཐུས་དེ་གྲྭ་བ་ཚོར་ཁྲལ་ལྟ་བུ་ཞིག་ཆགས་ཡོད་པ་རེད། གྲྭ་ཚང་ཁག་གི་བླ་མ་དགེ་བཤེས་ཚོས་ང་ལ་ཁྱོད་རང་གིས་སྐད་ཆ་ཡག་པོ་བཤད་ཤེས་ཀྱི་འདུག ཁྱོད་རང་སྤྱི་འཐུས་ལ་འགྲོ་རོགས་བྱོས་གསུངས་ཏེ་ཨུ་ཚུགས་བརྒྱབ་ནས་ཡོང་བ་རེད། རྗེས་སུ་ ༡༩༩༤ ལོར་ལི་ཐང་ཨ་ཐར་གྱི་དོན་རྐྱེན་བྱུང་བའི་རྗེས་ལ་དགེ་འདུན་པ་ཚོར་ཆབ་སྲིད་ཀྱི་ཚོར་བ་ཤུགས་ཆེན་པོ་བསླེབས་ཏེ། དགེ་ལུགས་སྤྱི་འཐུས་ཀྱི་རྐུབ་སྟེགས་དེ་འཕྲོག་རྩོད་བྱེད་པའི་གནས་ཚུལ་ཞིག་བྱུང་སོང་གསུང་གི་འདུག སྐད་ཆ་དེར་རྒྱུ་མཚན་མེད་པ་མ་རེད་བསམ་གྱི་འདུག ཡིན་ནའང་ད་ཆ་གནས་སྟངས་དེར་འགྱུར་བ་ཤུགས་ཆེན་ཐེབས་ནས་སྤྱི་འཐུས་སུ་ལང་རྒྱུ་དེར་བསྐུལ་སློང་བྱེད་མི་དགོས་པར་རང་ངོས་ནས་དང་བླང་ཐོན་ཡོང་གིན་ཡོད་པ་དེ་ཡག་པོ་ཡིན་ཀྱང་། སྤྱི་ཚོགས་ཞབས་ཞུའི་རྣམ་པ་ལྡན་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཆབ་སྲིད་རྐྱང་བ་འཁྲབ་སའི་སྡིངས་ཆ་ཞིག་ཆགས་པ་ཡིན་ན་ཁེ་ཉེན་ཇེ་ཆེར་འགྲོ་བཞིན་ཡོད་པ་ཞིག་ཀྱང་རེད་བསམ་གྱིན་འདུག

 

དྲི་བ། ད་ལོའི་སྤྱི་འཐུས་འོས་མིར་བཞེངས་མཁན་རེ་ཟུང་གིས་ཆོལ་ཁའི་ཞེན་ཁོག་གི་སྐད་ཆ་དང་རྣམ་འགྱུར་དེ་འདྲ་སྟོན་མཁན་ཡོང་གི་འདུག དེ་མང་ཚོགས་ནང་རང་གི་ཆོལ་ཁར་ཞེན་ཁོག་ཅན་ལ་འོས་ལྡུག་གི་ཡོད་མཁན་རེ་ཟུང་ཡོད་པས་ཡིན་སྲིད་ཀྱང་། བོད་སྤྱི་དོན་ལ་བསམ་བློ་བཏང་ན་བཤད་སྤྱོད་དེ་རིགས་ཉེན་ཁ་ཆེ་པོ་མ་རེད་དམ།

 

ལན། ཆོལ་ཁའི་ཞེན་ཁོག་གི་དར་ཆ་འཁྱེར་ནས་རྐུབ་སྟེགས་འཐོབ་ཐབས་བྱེད་མཁན་དེ་ཚོ་ཧ་ཅང་ཐབས་སྐྱོ་བོ་རེད། མི་དེ་འདྲའི་རིགས་ལ་མཐུན་འགྱུར་བྱེད་མཁན་དེ་ཚོ་ཡང་ནམ་རྒྱུན་གྱི་སྤྱི་ཚོགས་ནང་གི་མི་ཡག་པོ་ལྷག་བསམ་ཅན་དེ་ཚོ་མ་རེད། ནམ་རྒྱུན་ཆོལ་ཁ་ལུང་ཚན་གྱི་ཕྱོགས་རིས་འཐེན་འཁྱེར་བྱས་ཏེ་སྤྱི་ཚོགས་དཀྲུག་སྡོད་མཁན་དེ་ཚོ་རེད། མི་དེ་འདྲའི་རིགས་ཀྱིས་ཆོལ་ཁའི་ཞེན་ཁོག་ཡོད་མདོག་མདོག་བསྟན་ན་དེ་ཚོའི་ལག་ནས་འོས་ཤོག་ལེན་སླ་བོ་ཡོད་པ་རེད། མི་མགོ་བདེ་བོ་དག་གིས་གནད་འགག་དེ་ཧ་གོ་ནས་སྤྱི་ཚོགས་ལ་མགོ་སྐོར་གཏོང་གི་ཡོད་པ་རེད། འདི་ཧ་ཅང་ཉེན་ཁ་ཆེན་པོ་རེད། སོ་སོ་སྒེར་གྱི་ཁེ་ཕན་ཆུང་ཆུང་གི་ཆེད་དུ་ཡར་༧རྒྱལ་དབང་མཆོག་གི་ཡང་དག་ལམ་སྟོན་ལ་བརྩི་མཐོང་མེད་པ་དང་། མར་མི་མང་ཉམ་ཆུང་ཚོའི་བདེ་སྡུག་མདུན་ལམ་ལ་བསམ་ཤེས་མེད་པར་སྤྱི་ཚོགས་དཀྲུག་བསྡད་ན་མཇུག་འབྲས་པོ་ཡོད་པ་མ་རེད།

 

འོན་ཀྱང་ང་ཚོས་གསལ་བོར་ཤེས་དགོས་པ་ཞིག་ནི། ཆོལ་ཁའི་སྐད་ཆ་སླེབས་པ་ཙམ་གྱིས་འཐེན་འཁྱེར་ཆགས་ཀྱི་ཡོད་པ་མ་རེད། དེ་འདྲའི་བསམ་ཚུལ་བཟུང་ན་དམངས་གཙོའི་གཤིས་ཀ་མ་འཇགས་པའི་སྐྱོན་རེད། སྔོན་ཆད་གྲོས་ཚོགས་ནང་ངས་ཨ་ལག་ཙ་ཡུས་མཆོག་གི་གནས་ཚུལ་ཞིག་དང་འབྲེལ་ཏེ་གཏམ་བཤད་ཅིག་བྱས་པ་དེར་མི་མང་པོ་ཞིག་གིས་ཆོལ་ཁའི་སྐད་ཆ་བཤད་སོང་ཟེར་ནས་བཙན་བྱོལ་སྤྱི་ཚོགས་ནང་ང་ཆོལ་ཁའི་ཞེན་ཁོག་ཞེ་དྲགས་ཡོད་མཁན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ང་རང་ལྟ་བུར་མཚོན་ན། སྔོན་མ་བོད་ནས་རྒྱ་གར་དུ་ཡོང་སྐབས་སྤོ་རྨོ་དེ་ཚོས་ང་ཚོ་ཨ་མདོ་ལ་མི་ཉུང་ཉུང་ཡིན་སྟབས་གྱོང་ཆེན་པོ་རག་གི་ཡོད་པའི་སྐད་ཆ་མང་པོ་བཤད་དེ། སྐབས་དེར་སོ་སོའི་སེམས་ལའང་དེ་བདེན་པ་རེད་བསམ་པ་དྲན་མྱོང་ཡོད། རྗེས་སུ་རིམ་གྱིས་བསམ་བློ་བཏང་ཡོང་ན་དེ་ཚོ་ནོར་འཁྲུལ་རེད། བཙན་བྱོལ་བོད་མིའི་སྤྱི་འཐུས་གྲོས་ཚོགས་ལ་མཚོན་ན། ཆོལ་ཁ་བྱེ་བྲག་པ་ཞིག་གི་ཐོབ་ཐང་རྩོད་རྒྱུ་དང་། བརྩད་ནས་རག་འགྲོ་རྒྱུ་གང་ཡང་ཡོད་པ་མ་རེད། ཨ་རི་དང་རྒྱ་གར་ལྟ་བུ་ཡིན་ན། གྲོས་ཚོགས་འཐུས་མི་དེ་ཚོ་མངའ་སྡེ་སོ་སོ་དང་། ཆབ་སྲིད་ལྟ་གྲུབ་འདྲ་མིན་ཁྱེར་མཁན་ཚོགས་སྡེ་ཁག་གི་ངོ་ཚབ་བྱས་ནས་ཡོང་གི་ཡོད་སྟབས། སོ་སོའི་མངའ་སྡེ་དང་ཆབ་སྲིད་ཚོགས་པ་དེ་ཚོའི་ཁེ་ཕན་མང་པོ་ཞིག་རྩོད་ཀྱི་ཡོད་པ་རེད་ལ། དེའི་ཆེད་དུ་གྲོས་ཚོགས་ནང་རྐུབ་སྟེགས་གཞུ་རེས་བྱེད་པ་ལྟ་བུའི་དཀའ་ངལ་ཀྱང་ཡོང་གི་ཡོད་པ་རེད། མི་མང་གི་འཐུས་མི་དེ་ཚོ་བདམས་མཁན་མི་མང་གི་ངོ་ཚབ་ཡིན་པའི་ཆ་ནས་ཡོང་ཁུངས་མི་མང་གི་ཐོབ་ཐང་རྩོད་དགོས་པ་དེ་ལས་འགན་ཆགས་ཀྱི་ཡོད་པ་རེད། ཡིན་ནའང་ང་ཚོའི་སྤྱི་ཚོགས་ནང་ཨ་མདོ་བ་ཞིག་གིས་ཨ་མདོའི་མི་སེར་ཚོའི་བདེ་སྡུག་བཤད་ན་ཕྱོགས་ཞེན་ཡོིད་པའི་མི་ཐ་ཤལ་བ་ཞིག་ལ་རྩི་བཞིན་ཡོད་པ་དེ་དམངས་གཙོའི་ལམ་ལུགས་ནང་གི་བསམ་བློ་ནོར་འཁྲུལ་རེད། ཡིན་ན་ཡང་འུ་ཅག་གི་གྲོས་ཚོགས་ནང་དུ་ཐོབ་ཐང་བརྩད་དེ་དམིགས་བསལ་གྱིས་རག་འགྲོ་བ་གང་ཡང་ཡོད་པ་མ་རེད།

 

 དྲི་བ། དགུ་བཅུ་གོ་གྲངས་སྔོན་ལ་༧གོང་ས་མཆོག་གིས་ཕྱག་རྟགས་བསྩལ་ཏེ་བོད་མི་མང་སྤྱི་འཐུས་ཐད་སྐོས་བྱས་པ་དང་། དགུ་བཅུ་གོ་གྲངས་རྗེས་ལ་མང་ཚོགས་ཀྱིས་ཐད་ཀར་འོས་འདེམ་བྱས་པའི་སྤྱི་འཐུས་གཉིས་ཀྱི་སྤུས་ཚད་དང་མང་ཚོགས་ལ་འགན་འཁུར་དང་ལས་དོན་བྱེད་ཕྱོགས་ཐོག་ཁྱད་པར་གང་འདྲ་ཡོད་དམ།

 

ལན། དེར་ཁྱད་པར་ཆེན་པོ་འདུག སྤྱི་འཐུས་ཤིག་ཡིན་པའི་ངོས་ནས་མི་མང་ལ་འགན་ཆེན་པོ་འཁུར་དགོས་པའི་སྟེང་ལ། སྔོན་ཆད་ཀྱི་སྤྱི་འཐུས་དེ་ཚོར་༧གོང་ས་མཆོག་གིས་ཕྱག་རྟགས་བསྩལ་ཡོད་སྟབས་དམིགས་བསལ་གྱི་འགན་ལྗིད་ཁོག་ཆེན་པོ་ཡོད་པ་རེད། སྐབས་དེའི་སྤྱི་འཐུས་ཚོས་ཕྱག་ལས་གནང་ཕྱོགས་ལྷག་བསམ་རྣམ་དག་དང་དྲང་བདེན་ཕྱོགས་ལྷུང་མེད་པ། སྤྱི་བའི་ལས་དོན་ཐོག་ཧུར་བརྩོན་དང་སེམས་ཤུགས་ཆེན་པོ་རེད། སྐབས་དེའི་སྤྱི་འཐུས་དང་བཀའ་བློན་དེ་ཚོས་དཔལ་འབྱོར་བསྲི་ཚགས་གནང་སྟངས་ཐོག་སྒྲུང་ཡིད་འགུལ་ཐེབས་པ་དེ་འདྲ་བཤད་རྒྱུ་འདུག དཔལ་འབྱོར་བཀའ་བློན་ཞིག་ས་གནས་ཁག་ལ་ཕྱོགས་སྐྱོད་སྐབས་རོགས་པར་ཕོ་གསར་ཞིག་འཁྲིད་ཀྱི་ཡོད་ས་རེད། ལྡི་ལི་སོགས་སུ་མགྲོན་ཁང་ནས་སྡོད་ཀྱི་མེད་པར་མེ་འཁོར་འབབ་ཚིགས་ཀྱི་རྐུབ་སྟེགས་སྟེང་ཉལ་ཏེ། བཀའ་བློན་གྱི་སྐེད་པར་དངུལ་འཆིང་ཡོད་སྟབས། ཕྱག་རོགས་ཕོ་གསར་དེས་མཚན་གང་བོར་བཀའ་བློན་དཔུང་བསྡམས་བྱས་ནས་ཉལ་བའི་སྒྲུང་དེ་འདྲ་འདུག

 

ད་ལྟའི་སྤྱི་འཐུས་དེ་ཚོ་མི་མང་གིས་འོས་བླུགས་ནས་ཡོང་གི་ཡོད་སྟབས། དེའི་ནང་ཡག་སྡུག་གཉིས་ཀ་ཡོད་པ་རེད། ལྷག་པར་དུ་ཆོལ་ཁའི་ཁོངས་ནས་ཡོང་གི་ཡོད་དུས་ཆོལ་ཁའི་ཞེན་ཁོག་ཡོད་མདོག་མདོག་གིས་སྤྱོད་པ་ལོག་མཁན་དེ་འདྲ་ཡོང་གི་ཡོད་པ་རེད། དེས་མང་ཚོགས་ནང་བརྡབ་གསིག་ཆེན་པོ་ཞིག་བཟོ་བཞིན་ཡོད་ཀྱང་། དེ་དག་འགོག་ཐབས་ཡོད་པ་མ་རེད། མང་ཚོགས་ཚང་མ་ཤེས་ཡོན་ཅན་དང་སྤྱི་སེམས་ཅན་མིན་སྟབས། མི་འདྲ་མིན་ལ་འོས་བླུགས་ནས་དབང་ཆ་སྤྲད་ཡོང་གི་ཡོད་པ་དེ་དམངས་གཙོའི་ལམ་སྲོལ་ནང་གི་དཀའ་ངལ་ཆེ་ཤོས་དེ་རེད།

 

དྲི་བ། སྔོན་མ་ནས་བཙན་བྱོལ་སྤྱི་ཚོགས་ནང་ཆོས་རྒྱུད་ཁག་གི་སྤྱི་འཐུས་ལོགས་སུ་དགོས་མིན་གྱི་སྐད་ཆ་ཞིག་ཡོད་པ་དང་། ལྷག་པར་དུ་ཉེ་བའི་ལོ་ཤས་ནང་གྲོས་ཚོགས་ནང་ཆོས་བརྒྱུད་སྤྱི་འཐུས་ཚོའི་གནང་སྟངས་འགྲིག་མིན་ཞིག་གི་དབང་གིས་ཆོས་བརྒྱུད་སྤྱི་འཐུས་ལ་སྤྱི་ཚོགས་ནང་ལྟ་སྟངས་སྔར་ལས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པའི་ཐོག་ཁྱོད་རང་ལ་བསམ་ཚུལ་གང་འདྲ་ཡོད།

 

ལན། ཆོས་བརྒྱུད་སྤྱི་འཐུས་དེ་ཚོས་རྙོག་གྲ་བཟོ་བཞིན་ཡོད་པ་དེ་ཉེ་བའི་ལོ་ཤས་ཙམ་མ་རེད། སྔོན་མ་ནས་གནས་ཚུལ་མང་པོ་བྱུང་ཚར་བ་རེད། ད་ལྟ་གྲོས་ཚོགས་ནང་གི་གནས་ཚུལ་དེ་ཚོ་མི་མང་གིས་བརྙན་འཕྲིན་ནང་ནས་གཟིགས་ཐུབ་ཀྱི་ཡོད་སྟབས་མངོན་གསལ་དོད་པོ་འདྲ་བོ་ཆགས་པ་རེད་མ་གཏོགས། སྔོན་མ་ནས་རྙོག་གྲ་རབ་དང་རིམ་འབྱུང་བཞིན་ཡོད་པ་རེད། ལྷག་པར་དུ་སྤྱི་འཐུས་རྒྱུན་ལས་ནང་ལྟ་བུར་མཚོན་ན། ཆོལ་ཁ་རེ་ནས་སྤྱི་འཐུས་ ༢ རེ་དང་ཆོས་བརྒྱུད་རེ་ནས་སྤྱི་འཐུས་ ༡ རེ་བཅས་ཁྱོན་བསྡོམས་སྤྱི་འཐུས་ ༡༡ ཡོད་པ་རེད། དེའི་ཁྲོད་ཀྱི་སྤྱི་འཐུས་ ༥ ཆོས་བརྒྱུད་སྤྱི་འཐུས་ཆགས་ཡོད་པ་རེད། ལས་དོན་མང་པོ་ཞིག་སྤྱི་འཐུས་རྒྱུན་ལས་ནང་ཐག་གཅོད་དགོས་སྟབས་དཀའ་ངལ་ཡང་ཡང་འཕྲད་ཀྱི་ཡོད་པ་རེད། ངས་དཔེ་མཚོན་ཙམ་ཞུས་ན། སྔོན་ཆད་༧གོང་ས་མཆོག་གིས་བཀའ་ཡང་ཡང་ཕེབས་ཏེ་ཁྱོན་ཡོངས་ནས་བཅོས་བསྒྱུར་ཆེན་པོ་ཞིག་གཏོང་དགོས་ཀྱི་འདུག་གསུངས་ཏེ། སྐབས་བཅུ་གསུམ་པའི་སྤྱི་འཐུས་ཀྱིས་ཆེད་མཁས་ཚོགས་ཆུང་ཞིག་བཙུགས་པ་རེད། ཚོགས་ཆུང་དེའི་ནང་ད་ལྟའི་ཁྲིམས་ཞིབ་དྲུང་ཆེ་བཀྲ་ཤིས་རྒྱ་མཚོ་དང་། བཀའ་ཟུར་ཐུབ་བསྟན་ལུང་རིག བཀའ་ཟུར་བློ་བཟང་སྙན་གྲགས་སོགས་མི་གྲངས་ ༤ ཡོད་པ་རེད། ཁོ་རང་ཚོས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་རྨང་རིམ་གྱི་ལེགས་བཅོས་ཆེན་པོ་བྱས་པའི་ཟིན་བྲིས་ཧ་ཅང་ཡག་པོ་ཞིག་བཏབས་ཡོད་པ་རེད། ཟིན་བྲིས་དེ་སྤྱི་འཐུས་རྒྱུན་ལས་ནང་སླེབ་སྐབས། ཆོས་བརྒྱུད་སྤྱི་འཐུས་དག་གི་དབང་ཤུགས་འོག་ཟིན་བྲིས་དེར་(ཐེར་ཚགས་སྦ་ཚགས་)བྱས་ཏེ། ཟིན་བྲིས་དེའི་ནང་དོན་མང་ཆེ་བར་བཟོ་བཅོས་བརྒྱབ་ཚར་བ་རེད་དེ། རྗེས་སུ་ཟིན་བྲིས་དེ་གྲོས་ཚོགས་ནང་སླེབ་སྐབས། ཆོས་བརྒྱུད་སྤྱི་འཐུས་དགོས་ཀྱི་མི་འདུག་ཟེར་བ་ཞིག་ཡོད་པ་དེར་བགྲོ་གླེང་གནང་སྐབས། སྤྱི་འཐུས་བཞི་ལྔ་ཞིག་རིམ་པ་བཞིན་ཡར་ལངས་ཏེ། གྲོས་ཚོགས་འཐུས་མི་ཚོས་དགོངས་པ་ཡག་པོ་བཞེས་ཨཱ། བོད་གངས་ཅན་གྱི་ལོ་རྒྱུས་ཐོག་སྐྱ་བོ་དང་སེར་མོའི་བར་ལ་ཁྲག་དྲི་བྲོ་བའི་དབྱིན་འཁྲུག་སྔར་བྱུང་མ་མྱོང་བ་ཞིག་ཡོང་དགོས་ན་ཆོས་བརྒྱུད་སྤྱི་འཐུས་དེ་ཚོ་མེད་པ་བཟོས། ཟེར་བ་འདྲ་བོ་དང་། སང་གནངས་ཉིན་གྲྭ་བཙུན་སྟོང་ཕྲག་མང་པོ་གྲོས་ཚོགས་སྒོ་ཁར་བསླེབས་ཡོང་ན་ཁྱོད་རང་ཚོས་འགན་འཁུར་ཨཱ། ཟེར་བ་ལྟ་བུའི་ཉེན་བརྡ་བཏང་བའི་དབང་གིས་བཅའ་ཁྲིམས་ལ་འགྱུར་བ་གཏོང་ཐུབ་ཡོད་པ་མ་རེད།

 

དེ་ནས་ཆོས་བརྒྱུད་སྤྱི་འཐུས་མེད་པ་བཟོ་མི་ཐུབ་པའི་ཐུག་ས་གཙོ་བོ་ཆོས་བརྒྱུད་སྤྱི་འཐུས་གཅིག་པུ་མ་རེད། ཆོས་བརྒྱུད་ཁག་ནང་བོད་སྤྱི་བར་དགོངས་པ་བཞེས་མཁན་མང་པོ་ཞིག་གིས་ཆོས་བརྒྱུད་སྤྱི་འཐུས་དགོས་ཀྱི་མི་འདུག་གསུང་གི་ཡོད་པ་རེད། ཆོལ་ཁའི་སྤྱི་འཐུས་ནང་དུའང་ཁོ་རང་གི་ཁེ་ཕན་དེ་ཆོས་བརྒྱུད་ལ་བརྟེན་ནས་ཡོང་གི་ཡོད་པ་རེ་ཟུང་ཡོད་པ་རེད། གང་ལྟར། གནད་དོན་མང་པོ་ཞིག་གི་དབང་གིས་ད་ལྟའི་ཆར་མང་ཚོགས་ཀྱིས་འདོད་ཀྱང་རུང་ལ་མ་འདོད་རུང་ཆོས་བརྒྱུད་སྤྱི་འཐུས་མེད་པ་བཟོ་རྒྱུ་དཀའ་ལས་ཁག་པོ་རེད།

 

དྲི་བ། ཆོས་བརྒྱུད་སྤྱི་འཐུས་ངེས་པར་དུ་དགོས་ཀྱི་འདུག་གསུང་མཁན་དེ་ཚོས་གལ་སྲིད་ཆོས་བརྒྱུད་སྤྱི་འཐུས་མེད་སོང་ན་ཆོས་བརྒྱུད་དེར་ཐོབ་ཐང་རག་རྒྱུ་མིན་པ་དང་། ཆོས་བརྒྱུད་དེར་གྱོང་རེག་འགྲོ་བ་རེད་དྲན་གྱི་ཡོད་པ་རེད།

 

ལན། ཆོས་བརྒྱུད་སྤྱི་འཐུས་མེད་པ་བཟོས་ན་ཆོས་བརྒྱུད་ཁག་ལ་གྱོང་རེག་འགྲོ་བ་གང་ཡང་ཡོད་པ་མ་རེད། གྲོས་ཚོགས་ནང་ཆོས་བརྒྱུད་སྤྱི་འཐུས་ཡོད་པ་དེས་ཆོས་བརྒྱུད་ཁག་ལ་ཁེ་ཕན་སྐྲུན་བཞག་པ་དང་ཐོབ་ཐང་རེག་སོང་བ་གང་ཡང་ཡོད་པ་མ་རེད། དཔེ་མཚོན་ཞིག་ཞུས་ན། སྤྱི་འཐུས་ནང་སློབ་མའི་སྤྱི་འཐུས་མེད་པ་དེས་སློབ་གྲྭ་ཁག་ལ་གྱོང་རེག་གི་ཡོད་པ་རེད་དམ། སློབ་གྲྭ་ཁག་གི་ལས་དོན་ཡོངས་རྫོགས་ཤེས་རིག་ལས་ཁུངས་ཀྱིས་གནང་གི་ཡོད་པ་ལྟར། དགོན་སྡེ་ཁག་ལ་ཆོས་རིག་ལས་ཁུངས་ཟུར་དུ་བཙུགས་ཡོད་པ་རེད། དགོན་སྡེ་ཁག་ལ་དཀའ་ངལ་ག་རེ་ཡོད་ན་ཆོས་རིག་ལས་ཁུངས་བརྒྱུད་ནས་སེལ་ཐབས་གནང་གི་ཡོད་པ་རེད། ཐོབ་ཐང་ག་རེ་ཡོད་ན་ཆོས་རིག་ལས་ཁུངས་ཀྱིས་སྤྲོད་ཀྱི་ཡོད་པ་རེད། སྔོན་ཆད་ང་ཚོའི་སྐབས་སུ་དགོན་སྡེ་ཁག་གི་མཁན་པོ་ཚོར་ཟླ་རེར་མཚན་དོད་ཧིན་སྒོར་ ༢༠ དང་། མཁན་ཟུར་ཚོར་ཧིན་སྒོར་ ༡༠ རེ་བསྡོམས་པའི་ཧིན་སྒོར་འབུམ་ ༡༡ ལྷག་ཅིག་གཏོང་གི་ཡོད་པ་རེད། བོད་ནས་ཕེབས་པའི་གྲྭ་བཙན་ཚོར་འཚོ་སྣོན་ཧིན་སྒོར་ ༩༦ རེ་སྤྲོད་ཀྱི་ཡོད་པ་རེད། དེ་དག་ཆོས་བརྒྱུད་སྤྱི་འཐུས་ཚོས་རྩོད་པ་བརྒྱབ་ནས་རེག་སོང་བ་ཞིག་མ་རེད།

 

དགོན་སྡེ་ཁག་ལ་དགོས་པ་དེ་བསླབ་པ་སློབ་གཉེར་ཡར་རྒྱས་གཏོང་རྒྱུ་དང་མང་ཚོིགས་ལ་དཀའ་ངལ་ཡོད་ན་སེལ་ཐབས་གནང་རྒྱུ་དེ་རེད། ཆོས་བརྒྱུད་སྤྱི་འཐུས་ཚོས་གནས་ཚུལ་དེ་དག་ཐོག་ཕན་ཐོགས་ཀྱི་ཡོད་པ་མ་རེད། གཅིག་བྱས་ན། ཆོས་བརྒྱུད་སྤྱི་འཐུས་མེད་ན་ཆོས་རིག་ལས་ཁུངས་ཀྱི་ཐད་ཀའི་ལྟ་རྟོགས་འོག་ཕྱོགས་རིས་མེད་པར་ཁྱབ་མཉམ་ཡོང་རྒྱུར་ཕན་ཐོགས་ཆེ་བ་ཡོད་སྲིད་པ་རེད། གང་ཡིན་ཟེར་ན། ཆོས་བརྒྱུད་སྤྱི་འཐུས་དེ་ཚོས་རང་གི་ཆོས་བརྒྱུད་ནང་དུའང་དགོན་སྡེ་ཕར་ཚུར་དང་གྲྭ་ཚང་ཕན་ཚུན། བླ་མ་དགེ་རྒན་ཕྱོགས་འཐེན་བྱེད་ཀྱི་ཡོད་པ་རེད། ད་ལྟ་ཆོས་བརྒྱུད་སྤྱི་འཐུས་དེ་དག་གིས་སོ་སོའི་ཆོས་བརྒྱུད་ཀྱི་མངོན་འདོད་བསྒྲུབ་རྒྱུ་ལས་ལུང་ཚན་གཅིག་པ་དང་མི་རེ་ཟུང་གི་མངོན་འདོད་སྒྲུབ་མཁན་ཆགས་བསྡད་ཡོད་པ་རེད། སྤྱིར་བཏང་ཆོས་བརྒྱུད་སྤྱི་འཐུས་དགོས་ཀྱི་འདུག་ཟེར་ནས་འཐབ་རྩོད་བྱེད་མཁན་གཙོ་བོ་དེ་ཆོས་བརྒྱུད་མ་རེད། ཆོས་བརྒྱུད་སྤྱི་འཐུས་ཁོ་རང་ཚོ་དང་། ཆོས་བརྒྱུད་ཁག་ནས་ཁེ་ཕན་རེག་གི་ཡོད་མཁན་དེ་ཚོ་རེད།

 

དྲི་བ། ཆོས་བརྒྱུད་སྤྱི་འཐུས་ཡོད་དགོས་པའི་རྒྱུ་མཚན་གཞན་ཞིག་བོད་སྤྱི་བའི་རྩ་དོན་ནང་ཆོས་བརྒྱུད་ཁག་གིས་ཀྱང་ཆ་ཤས་ལེན་ཐུབ་པའི་ཆེད་དུ་ཟེར་ན་འདྲ། གང་ལྟར། ཆོས་བརྒྱུད་ཆེ་ཆུང་ཚང་མར་སྤྱི་འཐུས་འདེམ་རྒྱུའི་གོ་སྐབས་ཤིག་ཡོད་པ་དེས་མཉམ་རུབ་ཀྱི་ནུས་པ་གང་འཚམས་འཐོན་གྱི་ཡོད་པ་མ་རེད་དམ།

 

ལན། དེ་བསམ་བློ་གཏོང་ཕྱོགས་ནོར་བ་རེད། སྤྱི་ཚོགས་ནང་གི་ཆབ་སྲིད་ཀྱི་ལས་དོན་ནང་གྲྭ་བཙུན་དེ་ཚོ་མཉམ་ཞུགས་གནང་མ་དགོས་པ་ཡིན་ན་གཟི་བརྗིད་ཆེ་བ་དང་། བོད་སྤྱི་བར་ཕན་ཐོགས་ཆེ་བ་ཡོང་གི་རེད། ཆབ་སྲིད་ཀྱི་སྡིངས་ཆ་དེ་ཚོའི་ནང་དགེ་འདུན་པ་ཚོ་འཛུལ་ཡོང་བ་ཡིན་ན། ཆོས་པའི་ཆོས་འཁྱོང་གི་མེད་པའི་སྟེང་ལ་སྤྱི་ཚོགས་ཐོག་ལའང་རྙོག་གྲ་ཆེན་པོ་བཟོས་ཡོང་གི་འདུག སྔོན་མ་དང་འདྲ་གི་མ་རེད། སྔོན་མ་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་ཀྱི་དབང་གིས་སྐྱ་སེར་གཉིས་ཀས་མཉམ་རུབ་མི་བྱེད་རང་བྱེད་རེད།

 

ཡིན་ནའང་ཆོས་པ་དེ་ཚོས་མང་ཚོགས་ཀྱི་བདེ་སྡུག་དང་མི་རིགས་ཀྱི་གནད་དོན་ལ་འགན་འཁུར་དགོས་ཀྱི་མི་འདུག་ཟེར་གྱི་མེད། སྤྱི་ཚོགས་ནང་གི་སྐྱ་བོ་ཕོ་མོ་དང་ཉ་དང་ཉུང་མ་མཉམ་བསྲེས་བྱས་ན་འགྲིག་གི་མི་འདུག་ཟེར་གྱི་ཡོད། ཆོས་པ་ཚོ་ཁོ་རང་ཚོར་མི་མང་གི་བདེ་སྡུག་ལ་ཕྱག་ལས་གནང་ཕྱོགས་ཤིག་དང་། ལུང་པ་དང་མི་རིགས་ཀྱི་གནད་དོན་སྒྲུབ་སྟངས་ཤིག་ཡོད་པ་རེད། ཁོ་རང་ཚོའི་ས་མཚམས་ལས་བརྒལ་ཏེ་སྤྱི་ཚོགས་ནང་གི་ཆབ་སྲིད་ཀྱི་སྡིངས་ཆ་ཡོངས་རྫོགས་ནང་འཚང་ཁ་བརྒྱབ་ཡོང་ན། ཕན་ལས་གནོད་ཆེ་བ་ཡོང་གི་ཡོད་པ་འདས་པའི་ལོ་རྒྱུས་ལས་ང་ཚོས་མཐོང་ཐུབ་པ་ཞིག་རེད།

 

དྲི་བ། སྔོན་མ་ནས་སྤྱི་ཚོགས་ནང་ཆོལ་ཁའི་སྤྱི་འཐུས་དེ་འགྲོ་སྟངས་ཡག་པོ་མི་འདུག མི་འབོར་ལ་ཞུགས་པའི་སྤྱི་འཐུས་དང་། ཡང་ན། ས་ཁུལ་ལ་ཞུགས་པའི་སྤྱི་འཐུས་འདེམ་དགོས་ཀྱི་འདུག་ཟེར་མཁན་ཡོང་གི་ཡོད་པའི་ཐོག་དགོངས་ཚུལ་གང་འདྲ་ཡོད།

 

ལན། འདིའི་སྐོར་ལ་ངའི་བསམ་ཚུལ་ཧ་ཅང་གསལ་བོ་ཡིན། སྔོན་ཆད་བདུན་ཅུ་དོན་གྲངས་ཤིག་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཆོལ་ཁའི་སྤྱི་འཐུས་ཡག་པོ་མི་འདུག་ལབ་པ་རེད། སྐབས་དེར་ངོ་རྒོལ་ཤུགས་ཆེ་ཤོས་བྱེད་མཁན་མདོ་སྟོད་མི་མང་རེད། མདོ་སྨད་མི་མང་གིས་ཀྱང་མོས་མཐུན་བྱས་ཡོད་པ་མ་རེད། གནས་ཚུལ་དེ་ ༡༩༨༥ ལོར་སྤྱི་འཐུས་ལྷན་ཚོགས་ཀྱིས་དམངས་གཙོའི་སྲིད་གཞུང་དབུ་བརྙས་ཏེ་ལོ་ ༢༥ འཁོར་བའི་དུས་དྲན་སྐོར་ལ་དེབ་ཅིག་བཏོན་ཡོད་པ་དེའི་ནང་གསལ་བོར་ཡོད་པ་རེད། དབུས་གཙང་ཆོལ་ཁའི་ཁོངས་ནས་ཀྱང་ཆོལ་ཁའི་སྤྱི་འཐུས་ཡག་པོ་མི་འདུག་གསུང་མཁན་ཡོང་གི་ཡོད་པ་རེད། སྔོན་ཆད་སོ་སོ་ཡང་ཆོལ་ཁའི་སྤྱི་འཐུས་མེད་པ་བཟོས་ན་ཡག་པོ་མི་འདུག་བསམ་མཁན་ཞིག་ཡིན། རིམ་པས་བསམ་བློ་ཞིབ་ཚགས་མོ་བཏང་ཡོང་ན། ཆོལ་ཁའི་སྤྱི་འཐུས་དེ་སྤྱི་པའི་ནུས་པ་ཕྱོགས་གཅིག་ལ་སྤུངས་མི་ཐུབ་པ་དང་། སྤྱི་བའི་མཐུན་ལམ་ལ་རྙོག་གྲ་བཟོ་མཁན་ཞིག་རེད་དྲན་གྱི་འདུག

 

ཡིན་ནའང་སྔོན་ཆད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་སྐབས་༧གོང་ས་མཆོག་ལ་བཀའ་འདྲི་དགོངས་སྐོར་ཞུས་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་འདིས་བོད་གཞིས་བྱེས་གཉིས་ཀྱི་སྐུ་ཚབ་མཚོན་དགོས་ཀྱི་ཡོད་སྟབས། བཙན་བྱོལ་ནང་ཆོལ་ཁར་མི་འབོར་མང་ཉུང་ལ་མ་ལྟོས་པར་ངེས་པར་དུ་ཆོལ་ཁའི་སྤྱི་འཐུས་འདྲ་མཉམ་དགོས་པའི་ལམ་སྟོན་ཕེབས་ཡོད་ས་རེད། དེ་༧གོང་ས་མཆོག་གི་དགོངས་གཞི་ཧ་ཅང་གཏིང་ཟབ་མོ་རེད། གལ་སྲིད་མི་འབོར་ལ་གཞིགས་པའི་སྤྱི་འཐུས་བདམས་ན། གཅིག་བྱས་ན་མདོ་སྨད་ལྟ་བུར་སྤྱི་འཐུས་གཅིག་དང་གཉིས་ལས་སམ་ཡང་ན་གཅིག་ཀྱང་མི་ཐོབ་པའི་ཉེན་ཁ་ཡོད་པ་རེད། གལ་སྲིད་དེ་འདྲ་བྱུང་ན་སྤྱི་འཐུས་ལྷན་ཚོགས་འདིས་ཆོལ་ཁ་གསུམ་གྱི་ཁྱབ་ཁོངས་སུ་གནས་པའི་གཞིས་བྱེས་གཉིས་ཀྱི་ངོ་ཚབ་མཚོན་ཁག་པོ་ཆགས་སྲིད་པ་རེད་ལ། དེ་འདྲའི་དབང་གིས་བོད་གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་ལའང་དོ་ཕོག་འབྱུང་མི་སྲིད་པ་མ་རེད་བསམ་གྱི་འདུག

 

དྲི་བ། སྐུ་ཉིད་དེ་སྔོན་སྐབས་བཅུ་གཉིས་བཅུ་གསུམ་གྱི་ལོ་ ༡༠ ཙམ་རིང་བོད་མི་མང་སྤྱི་འཐུས་གནང་མྱོང་ཡོད་པའི་ཉམས་མྱོང་གི་ཐད་ནས་ཞུས་ན། སྤྱི་འཐུས་གྲོས་ཚོགས་ནང་ཁ་ཡོད་ལག་ཡོད་ཀྱིས་མི་ག་འདྲ་ཞིག་བསླེབ་ན་ཡག་པོ་ཡོད་པར་མཐོང་གི་ཡོད།

 

ལན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གཙོ་བོ་སྔོན་རྩིས་གཏན་འབེབས་དང་ཁྲིམས་བཟོ་རྒྱུ་དེ་རེད། སྤྱིར་བཏང་སྤྱི་ཚོགས་ཀྱི་ལས་རིགས་གང་ཞིག་ཡིན་ནའང་། ཤེས་ཡོན་དང་འཇོན་ཐང་ཡག་པོ་དགོས་པ་དེ་བཤད་མ་དགོས་པ་ཞིག་རེད། ཡིན་ནའང་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ལ་མཚོན་ན། ཤེས་ཡོན་དེའང་གལ་ཆེ་ཤོས་རེད་བསམ་གྱི་མི་འདུག གང་ཡིན་ཟེར་ན། ང་ཚོའི་གྲོས་ཚོགས་འདི་རང་བཙན་མེད་པའི་སྐྱབས་བཅོལ་གྱི་གནས་སྟངས་ཤིག་གི་འོག་ན་ཡོད་སྟབས། ཤེས་ཡོན་ཆེན་པོ་ཞིག་ཡོད་པ་དེས་ལས་ཀ་རྒྱ་ཆེན་པོ་ཞིག་བསྒྲུབ་འཇོག་རྒྱུ་ཡོད་པ་མ་རེད། དེ་ལས་མི་བརྟན་པོ་དང་ལྷག་བསམ་རྣམ་དག རྙོག་གྲ་མེད་པ། སེམས་ཤུགས་དང་སྤྱི་སེམས་ཅན་ཞིག་ཡིན་ན་དེ་ཡག་པོ་འདུག་བསམ་གྱི་ཡོད། གཉིས་ནས་བོད་མི་མང་སྤྱི་འཐུས་རང་གིས་གཏན་འབེབས་དང་གྲོས་ཆོད་བཞག་ཡོད་པའི་ལས་དོན་དང་། སྲིད་བྱུས་དེ་ཚོའི་ཐོག་ལ་ཆོད་སེམས་བརྟན་པོ་དང་། རྒྱག་གཅིག་མཆོངས་གཅིག་གིས་ཤར་སྐྱོད་བྱེད་ཐུབ་མཁན་ཞིག་ཡིན་དགོས་པ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག

 

དྲི་བ། སྐུ་ཉིད་ཀྱིས་ད་ལྟའི་བོད་པའི་ཛ་དྲག་གནས་སྟངས་ལ་གཞིག་པའི་སྲིད་སྐྱོང་ག་འདྲ་ཞིག་དགོས་པ་དང་། བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་གིས་ངེས་པར་དུ་བསྒྲུབ་དགོས་པའི་ལས་དོན་གང་དག་མཐོང་གི་ཡོད།

 

ལན། སྲིད་སྐྱོང་སུ་ཞིག་བསླེབ་པ་ཡིན་ནའང་ང་ཚོ་བཙན་བྱོལ་གྱི་སྒྲིག་འཛུགས་ཤིག་རེད། ད་ལྟའི་ཆ་ལ་༧གོང་ས་མཆོག་གི་གཟི་བརྗིད་དང་མཚན་གནས་རྗེས་འབྲེལ་འོག་རྒྱལ་སྤྱིའི་སྡིངས་ཆ་མང་པོ་ཞིག་ཏུ་བསླེབ་ཐུབ་ཀྱི་ཡོད་པ་རེད། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུའང་སླེབ་ཀྱི་ཡོད་པ་རེད། ཡིན་ནའང་གནས་ཚུལ་དེས་ང་ཚོའི་རྩ་དོན་འགྲུབ་པ་ལ་ཕན་ཐོགས་ཆེན་པོ་ཞིག་ཡོང་རྒྱུ་དཀའ་ལས་ཁག་པོ་ཡོད་པ་དེ་ཤེས་དགོས་པ་རེད། དེ་ནས་༧གོང་ས་མཆོག་གིས་བོད་པའི་རྩ་དོན་སེལ་ཐབས་ལ་ཇུས་འགོད་དང་ལམ་ཁ་ཞིག་བསྟན་ཡོད་པ་དེར་ཤུགས་བསྐྱོན་ཐུབ་མཁན་ཞིག་དགོས་པ་ཧ་ཅང་གལ་ཆེན་པོ་རེད།  བོད་དོན་དེ་ཨ་རིའི་གཞུང་དང་ཡུ་རོབ་མཐུན་ཚོགས་གང་གི་ལག་ནས་ཀྱང་སེལ་ས་ཡོད་པ་མ་རེད། རྒྱ་ནག་རང་གི་ལག་ནས་སེལ་དགོས་ཀྱི་ཡོད་པ་རེད། རྒྱ་རིགས་མི་མང་དང་རྒྱ་ནག་གི་ཤེས་ལྡན་མི་སྣ་ཚོས་རྒྱབ་སྐྱོར་ཐོབ་དགོས་ཀྱི་ཡོད། ད་ལྟ་༧གོང་ས་མཆོག་གིས་ཇུས་འགོད་གནང་བཞག་པ་དེར་རྒྱ་རིགས་མི་མང་གིས་མོས་མཐུན་བྱེད་ཀྱི་ཡོད་པ་དེ་ང་ཚོས་མཐོང་གསལ་རེད། དེར་བརྟེན། སྲིད་སྐྱོང་སུ་ཞིག་བསླེབས་ཀྱང་༧གོང་ས་མཆོག་གིས་བསྟན་པའི་ལམ་ཁ་དེར་ཁ་ཞེ་གཉིས་མེད་ཀྱིས་ཤར་སྐྱོད་གནང་ཐུབ་མཁན་ཞིག་དང་། རྒྱ་ནག་གཞུང་དམངས་ལ་སྔར་ལས་ལྷག་པར་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་འཛུགས་ཐུབ་མཁན་ཞིག་དགོས་པ་དེ་གནད་འགག་གཙོ་བོ་རེད་བསམ་གྱི་འདུག

 

དྲི་བ། ད་ལོའི་སྲིད་སྐྱོང་དང་སྤྱི་འཐུས་འོས་བསྡུ་དེ་དྲང་མོ་བྱུང་ཡོད་མེད་དང་། འོས་བསྡུ་ལྷན་ཁང་གི་ལམ་སྟོན་ཁ་གསལ་ཡོད་མེད་ཐོག་སྤྱི་ཚོགས་ནང་གླེང་སློང་ཡོང་གི་ཡོད་པ་མ་ཟད། ཡུ་རོབ་དང་ཨ་རི་སོགས་ནས་དོགས་འདྲིའི་ཡི་གེ་དེ་འདྲའང་ཕུལ་ཡོད་པའི་སྐད་ཆ་འདུག ཁྱེད་རང་ད་ལོའི་འོས་བསྡུའི་ལས་རིམ་སྐོར་ལ་གཟིགས་ཚུལ་གང་འདྲ་ཡོད།

 

ལན། ངས་གོང་དུ་ཞུས་པ་ལྟར་འོས་བསྡུའི་ལས་རིམ་ནང་སྐྱོན་ཕྲན་བུ་རེ་ཡོད་སྲིད་ཀྱང་རྩ་བའི་ཡག་པོ་བྱུང་སོང་བསམ་ཡོད། ཉེ་ལམ་མི་མང་པོ་ཞིག་གིས་མཚན་རྟགས་བརྒྱབ་ཡོད་པའི་ཡི་གེ་ཞིག་ངས་ཀྱང་མཐོང་སོང་། མཚན་རྟགས་མང་པོ་ཞིག་མི་གཅིག་གཉིས་ཤིག་གིས་བྲིས་ཡིན་ས་རེད་སྙམ་པའི་ཚོར་སྣང་བྱུང་སོང་། དེ་ནས་དེའི་ནང་མི་འགའ་རེ་ནམ་རྒྱུན་བོད་མིའི་སྒྲིག་འཛུགས་དང་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་སྡོད་མཁན་དེ་ཚོ་རེད། དེ་ཚོས་བོད་མིའི་སྒྲིག་འཛུགས་ཀྱིས་ལས་དོན་ག་རེ་བྱས་ཀྱང་སྐྱོན་རྒྱག་རྒྱུ་ཡིན་པ་ཧ་ལམ་གཏན་འཁེལ་བ་འདྲ་བོ་རེད། དེར་ཧང་སང་དགོས་པ་གང་ཡང་ཡོད་པ་མ་རེད་བསམ་གྱི་འདུག

 

དབྱིན་སྐད་ནང་དུ་(No one is Prefect) ཟེར་སྲོལ་ཡོད་པ་ལྟར། ངས་བསམ་བློ་བཏང་ན་( no system is prefect) སྐྱོན་ཆ་མེད་པའི་སྒྲིག་འཛུགས་ཤིག་འཇིག་རྟེན་ཐོག་ཡོད་པ་མ་རེད། རྒྱ་གར་དང་ཨ་རིའི་འོས་བསྡུའི་ལས་རིམ་ལ་ཞིབ་འཇུག་བྱས་ན་སྐྱོན་ཆ་ཏན་ཏན་མང་པོ་རག་གི་རེད། ཨ་རིའི་སྲིད་འཛིན་འོས་བསྡུ་ལྟ་བུར་མཚོན་ན། མི་ལྔ་སྟོང་སྡེ་གཅིག་རེ་བྱས་ཏེ་བྱས་ཏེ་འོས་ཤོག་ལྡུག་སྟངས་ཤིག་ཡོད་པ་རེད། དེའི་མིང་ལ་(Electoral College)ཟེར་གྱི་ཡོད་པ་རེད། དེ་འདྲའི་འོས་གྲངས་ ༢༧༠ འདང་སོང་བ་ཡིན་ན། ཕར་ཕྱོགས་སུ་མི་རེ་ངོ་རེས་འོས་ཤོག་ལྡུག་གི་ཡོད་པ་(Popular Vote)ཟེར་བ་དེ་ལ་འོས་ཤོག་ག་ཚད་མང་བ་ཡོད་ནའང་ཁོ་ལ་སྲིད་འཛིན་ཐོབ་པའི་གོ་སྐབས་ཡོད་པ་མ་རེད། སྔོན་ཆད་བྷུ་ཤི་(Gorge W.Bush)དང་ཨལ་གྷོ་བ་(Al Gore)གཉིས་ཀྱིས་འགྲན་རྩོད་སྐབས། དྲ་ཐོག་ནས་འོས་བླུགས་སྐབས་ཨལ་གྷོ་བར་འོས་བླུགས་ན་ཕར་ཕྱོགས་བྷུ་ཤི་ལ་འོས་གྲངས་འཕར་བའི་གནས་ཚུལ་ཞིག་བྱུང་བ་རེད། འོས་བསྡུའི་དྲ་ཚིགས་དེ་སྤྱི་མཐུན་ཚོགས་པའི་བཟོ་གྲྭ་ཞིག་གིས་བཟོས་པ་ཡིན་ས་རེད། གང་ལྟར། སྐབས་དེར་མི་རེ་ངོ་རེས་འོས་བླུགས་པའི་གྲངས་ཀ་དེ་ཨལ་གྷོ་བ་ལ་མང་བ་ཡོད་པའི་སྐད་ཆ་བྱུང་བ་རེད། དེའི་རྒྱུ་མཚན་གཙོ་བོ་ཞིག་སྐབས་དེར་བྷུ་ཤུ་ལ་མི་མང་ལྔ་སྟོང་མཉམ་སྡེབས་ཀྱི་(Electoral College)༢༧༠ འདང་ཡོད་པ་མ་རེད། གལ་སྲིད་སྲིད་འཛིན་འོས་གཞི་གཉིས་ཆ་ལ་དེ་མ་འདང་སྐབས་འོས་ཤོག་གི་གྲངས་ཀ་མང་ཉུང་བསྡུར་ཏེ་ཐག་གཅོད་བྱེད་དགོས་པ་ཞིག་ཡིན་ཀྱང་། མི་དང་རྒྱུའི་སྟོབས་ཤུགས་ཀྱི་དབང་གིས་མཐའ་མཇུག་བྷུ་ཤུ་ལ་ཐོབ་པ་བྱས་པ་རེད། སྐབས་དེར་གླེང་རྙོག་ཆེན་པོ་བྱུང་བ་རེད། རྒྱ་གར་ལ་མཚོན་ན། འོས་བསྡུ་ཆེན་མོའི་སྐབས་འགད་རྫས་བཞག་སྟེ་མི་གསོད་ཁྲག་སྦྱོར་ཡོང་གི་ཡོད་པ་རེད། ཡིན་ནའང་འགྱུར་བ་གཏོང་ཐུབ་ཀྱི་ཡོད་པ་མ་རེད། དེར་བརྟེན། ང་ཚོའི་གནས་སྟངས་ཀྱང་ཤེས་ཐུབ་པ་ཞིག་རེད་བསམ་གྱི་འདུག

 

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༦/༠༡/༠༦

Leave a Reply

7 thoughts on “དམངས་གཙོའི་འཕེལ་རིམ་ཁྲོད་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་ཧོལ་རྒྱུག

  1. སྤྱི་འཐུས་ཐོབ་ཐབས་ལ་ཆོལ་ཁའི་ཞེན་ཁོག་ཡོད་མདོག་མདོག་སྟོན་གྱི་འདུག་ཟེར་བ་དེ་དངོས་གནས་བདེན་པ་རེད། ཤར་ཕྱོགས་ཁུག་རྟ་ཟེར་བ་དེས་འདས་པའི་ལོ་བཞི་ལྷག་རིང་ཆོལ་ཁའི་ཞེན་ཁོག་ཡོད་མདོག་མདོག་གིས་སྤྱི་ཚོགས་ནང་དཀྲུག་ཤིང་བརྒྱབ་ནས་བསྡད་པ་རེད། ལྷག་པར་དུ་གངས་སྐྱིད་ནས་ཕྱིར་འཕུད་བཏང་བ་ནས་བཟུང་མཁས་དབང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་སྐྱོན་བརྗོད་བྱེད་གང་ཐུབ་གནང་བ་རེད། འདི་དག་ཡོངས་རྫོགས་སྤྱི་འཐུས་ལ་འཐོབ་པའི་ཆེ་དདུ་རེད། གཞན་དྲི་བ་དྲིས་ལན་ནང་སྤྱི་ཟུར་ཁོང་གིས་ (གྲོས་ཚོགས་ནང་ཆོས་བརྒྱུད་སྤྱི་འཐུས་ཡོད་པ་དེས་ཆོས་བརྒྱུད་ཁག་ལ་ཁེ་ཕན་སྐྲུན་བཞག་པ་དང་ཐོབ་ཐང་རེག་སོང་བ་གང་ཡང་ཡོད་པ་མ་རེད། དཔེ་མཚོན་ཞིག་ཞུས་ན། སྤྱི་འཐུས་ནང་སློབ་མའི་སྤྱི་འཐུས་མེད་པ་དེས་སློབ་གྲྭ་ཁག་ལ་གྱོང་རེག་གི་ཡོད་པ་རེད་དམ། སློབ་གྲྭ་ཁག་གི་ལས་དོན་ཡོངས་རྫོགས་ཤེས་རིག་ལས་ཁུངས་ཀྱིས་གནང་གི་ཡོད་པ་ལྟར། དགོན་སྡེ་ཁག་ལ་ཆོས་རིག་ལས་ཁུངས་ཟུར་དུ་བཙུགས་ཡོད་པ་རེད། དགོན་སྡེ་ཁག་ལ་དཀའ་ངལ་ག་རེ་ཡོད་ན་ཆོས་རིག་ལས་ཁུངས་བརྒྱུད་ནས་སེལ་ཐབས་གནང་གི་ཡོད་པ་རེད། ཐོབ་ཐང་ག་རེ་ཡོད་ན་ཆོས་རིག་ལས་ཁུངས་ཀྱིས་སྤྲོད་ཀྱི་ཡོད་པ་རེད། ) ཅེས་གསུངས་པ་དེ་ཧ་ཅང་བློ་ལ་འབབ་པོ་དང་རིགས་པ་བཏང་བ་གནད་དུ་ཁེལ་བ་རེད་འདུག

  2. ངས་ད་བར་ཧོར་གཙང་འཇིགས་མེད་ཟེར་བའི་མཁས་དབང་ཁྱེད་དོན་གྱི་མི་རིགས་འདི་ལ་བསམ་པ་རྣམ་དག་ཞིག་ཡིན་པར་འདོད་ཀྱང་དེ་རིང་ནས་བཟུང་ང་ཡིད་ཐང་ཆད་སོང།གང་ལ་ཞེས་ན་རང་མི་རིགས་ལ་བསམ་པ་རྣམ་དག་དང་དམངས་གཙོ་ཡང་དག་ལོངས་སྤྱོད་བྱེད་མཁན་གྱི་མི་བུ་དེ་ཚོ་ནག་པོ་བཟོ་ཆེད་ཀྱི་སྐད་ཆ་འགའ་བཤད་འདུག་བས་ཡིན།

  3. ངས་སྔོན་མ་ཞིག་ནས་འདིའི་སྐོར་ལ་བསམ་གཞིགས་བཏང་མྱོང་ཡོད། གྲོས་ཚོགས་ནང་རྙོག་དྲ་བཟོ་མཁན་དང་སྤྱི་ཚོགས་ནང་ལྟ་སྟངས་ངན་པ་བྱེད་ས་གཙོ་བོ་ཆོས་རྒྱུད་ཁག་གི་སྤྱི་འཐུས་དེ་ཚོ་ཆགས་བསྡད་ཡོད་པ་རེད། དགོན་པ་གྲྭ་ཚང་ཁག་གི་བླ་མ་དགེ་བཤེས་ཚོ་གྲ་བ་ཚོ་ཆབ་སྲིད་ཀྱི་སྡིངས་ཆ་དེ་དག་ནང་འགྲོ་རྒྱུར་ཁྱོན་ནས་ཐུགས་ཉེ་བོ་གནང་གི་མི་འདུག གྲྭ་མང་ལ་མཚོན་ནའང་ཆོས་རྒྱུད་སྤྱི་འཐུས་ཚོའི་བྱ་སྤྱོད་ཡག་པོ་མེད་པ་ནམ་རྒྱུན་ཤོད་བསྡད་ཡོད་པ་རེད། ང་རང་གྲྭ་བའི་སྤྱི་ཚོགས་ནང་ནས་ལོ་ཉུ་ཤི་ལྷག་ལ་བསྡད་པ་རེད། ངས་གནས་སྟངས་གང་ལ་གང་འཚམས་ཧ་གོ་ཀྱི་ཡོད་པ་རེད། ཡིན་ནའང་ངས་འདང་མི་ཕོག་ས་གཙོ་བ་དེ། ཅིའི་ཕྱིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་ཆོས་རྒྱུད་སྤྱི་འཐུས་བཞག་དགོས་པ་རེད། ངས་འདིའི་སྐོར་ལ་བསམ་གཞིགས་མང་པོ་བཏང་པ་ཡིན་ཡང་ད་བར་གནད་འགག་དེ་རྟོགས་མ་སོང་། སྒང་གི་དྲི་བའི་ནང་ཆོས་རྒྱུད་སྤྱི་འཐུས་དེ་ཚོ་བོད་ནང་ལ་བསམ་བློ་བཏང་བ་རེད་གསུངས་པ་དེ་ང་ལ་མཚོན་ན་གསར་པ་ཡིན། གཞིས་བཞུགས་མི་མང་ལ་ཆབ་སྲིད་ཀྱི་སྡིངས་ཆའི་ཐོག་ཏུ་གྲྭ་བ་ཚོ་རྒྱུག་བསྡད་པ་མཐོང་ན་ཞེ་ལོག་འགྲོ་གི་རེད། མཐའ་ན་དགེ་འདུན་པ་ཚང་མར་དད་ལོག་བྱེད་རྒྱུའི་ཉེན་ཁ་ཡོད་རེད། གང་ལྟར་ཆོས་རྒྱུད་སྤྱི་འཐུས་ཀྱི་རྐུབ་སྟེགས་རྩོད་མཁན་ཆོས་རྒྱུད་སྤྱི་འཐུས་ཁོ་རང་ཚོན་ཡིན་པ་དང་རྙོག་དྲ་བཟོ་མཁན་ཡང་ཁོ་རང་ཚོ་རེད་ཟེར་བའི་བཀའ་མོལ་འདི་ཧ་ཅང་གནད་ཐོག་ཏུ་བབས་སོང་ལ་ངས་ནམ་རྒྱུན་འདང་ཕོག་གི་མེད་པ་དེ་ཡང་གསལ་བོ་བཟོས་སོང་།