ཞི་ཅིན་ཕིན་གྱི་སྟ་གོན།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༨༢ སྟེང་གི་རྩོམ་སྒྲིག་པའི་གཏམ།
རྒྱ་ནག་དམར་གཞུང་གི་མེས་པོ་མའོ་ཡི་རྗེས་ལ་སུས་ཀྱང་བྱེད་མ་ཐུབ་པ་མང་པོ་ཞིག ད་ལྟའི་སྲིད་འཛིན་ཞི་ཅིན་ཕིན་གྱིས་བྱས་དང་བྱེད་ཀྱིན་ཡོད། ཆེ་ས་ནས་དམར་ཤོག་གཞུང་གི་མགོ་མཇུག་བར་གསུམ་གཙང་འཕྱག་བྱས་པ་དང་། མི་ལོ་ ༦༦ རྗེས་ལ་རྒྱ་ནག་དང་ཐེ་ཝན་གྱི་སྲིད་འཛིན་ཐུག་འཕྲད་བྱུང་པ། ཆུང་ས་ནས་ངལ་རྩོལ་སྒྱུར་བཀོད་ར་བ་དང་འཆར་ལྡན་བུ་སྐྱེས་སྲིད་བྱུས་སོགས་ལ་བཅོས་བསྒྱུར་བྱས། ད་ནི་ཞི་ཅིན་ཕིན་ལ་ལས་དོན་གཅིག་རང་ལྷག་ཡོད་པ་ནི་བོད་ཀྱི་གནད་དོན་སེལ་རྒྱུ་དེ་ཡིན། ཁོས་ནང་ཆོས་ལ་གདེང་འཇོག་དང་ཏཱ་ལའི་བླ་མར་ལག་པ་བསྲིང་ན་རྒྱ་ནག་ལ་ཁེ་ཕན་ཡོད་པ་སྔ་མོ་ནས་རྟོགས་ཡོད།

 

ཉེ་ལམ་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་བ་ལྕམ་ནན་སེ་ཕི་ལོ་སི་རྒྱ་ནག་དང་བོད་ཁུལ་ལ་གཟིགས་སྐོར་དུ་མགྲོན་འབོར་བྱས་པ་དེ་ཞི་ཅིན་ཕིན་གྱིས་བོད་དོན་སེལ་ཐབས་སུ་གྲ་སྒྲིག་གི་གོམ་པ་དང་པོ་དེ་ཡིན་ནམ། ནན་སེ་ཕི་ལོ་སི་ནི་༧གོང་ས་མཆོག་གི་བློས་ཐུབ་གྲོགས་མོ་དང་། དྷ་རམ་ས་ལའི་གཞུང་དང་ཉེ་ཤོས་ཀྱི་མི་ཞིག་ཡིན་པ་ཞི་ཅིན་ཕིན་གྱིས་གསལ་གསལ་ཐང་ཐང་ཤེས་ཀྱི་ཡོད་ཀྱང་། ཆེད་དུ་ཐེངས་འདིར་ཁོ་མོ་བོད་ནང་ལྟ་སྐོར་དུ་མགྲོན་འབོད་བྱས་པ་དང་། སྔར་དང་མི་འདྲ་བའི་གུ་ཡངས་ཀྱི་སྣེ་ལེན་བྱས་པ་སོགས་ལ་དཔྱད་རིན་མེད་པ་ཞིག་ག་ལ་ཡིན།

 

ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། ལྕམ་ནན་སེ་ཕི་ལོ་སི་རྒྱ་ནག་ཏུ་མ་ཕེབས་སྔོན་ལ་༧གོང་ས་མཆོག་ལ་བཀའ་འདྲི་དགོངས་སྐོར་ཞུས་ཡོད་སྲིད་ལ། བོད་ནང་སྐོར་སྐྱོད་གྲུབ་སྟེ་ཕྱིར་ལོག་སྐབས་ཀྱང་ཁོ་མོས་འདི་ལྟར་བརྗོད་འདུག རྒྱ་ནག་གི་དཔོན་རིགས་ཚོས་བོད་པས་རང་བཙན་རྩོད་ཀྱི་ཡོད་པར་འདོད་ཀྱང་། ༧གོང་ས་མཆོག་གིས་བོད་ལ་རང་སྐྱོང་དགོས་གསུང་གི་ཡོད་ལ་ང་ཚོས་ཀྱང་བོད་པའི་རང་སྐྱོང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། དེར་བརྟེན་ངས་བསམ་ན། གལ་ཏེ་ཕྱོགས་གཉིས་ཀྱི་རེ་དོགས་སེལ་བ་ཡིན་ན། བོད་རྒྱ་གཉིས་བར་གཞི་མཐུན་གྱི་གོ་སྐབས་ཤིག་འབྱུང་སྲིད་པར་འདོད་ཅེས་བརྗོད་འདུག

 

ང་ཚོས་མིག་གཉིས་འཕུར་འཕུར་བཏང་སྟེ་ཕྱི་མིག་བལྟས་ན། དེ་སྔོན་ཞི་ཅིན་ཕིན་གྱིས་༧གོང་ས་མཆོག་དང་དྷ་རམ་ས་ལའི་གཞུང་ལ་དངོས་སུ་སྐྱོན་བརྗོད་བྱས་མྱོང་མེད་པ་མ་ཟད། བོད་པའི་ཚད་མཐོའི་རང་སྲིད་རང་སྐྱོང་དེ་མངོན་པར་མི་གསལ་བའི་རང་བཙན་དང་། དབུ་མའི་ལམ་དང་བོད་ཆོལ་ཁ་གསུམ་གཅིག་གྱུར་ཟེར་བ་དེ་བོད་ཆེན་པོ་རེད་ཟེར་བ་སོགས་ཀྱི་སྐད་ཆའང་བཤད་མྱོང་མེད། བོད་རྒྱའི་བར་འཆལ་གཏམ་སྤེལ་མཁན་དང་དཀྲུག་ཤིང་རྒྱག་མཁན་གཏེ་བོ་དག་ནི་ས་གནས་རིམ་པའི་དཔོན་རིགས་དང་རྒྱ་ནག་དབུས་འཐབ་ཕྱོཊ་གཅིག་གྱུར་གྱི་ལས་བྱེད་དེ་དག་རེད།

 

ཧུའུ་ཅིན་ཐའོ་རྒྱ་ནག་གི་སྲིད་འཛིན་ལས་འཕོ་འགྱུར་འགྲོ་རྒྱུར་ཟླ་གཉིས་ལས་མེད་པའི་མཚམས་སུ། ཁོས་ཆེས་མཐའ་མཇུག་གི་གོ་སྐབས་དམ་འཛིན་བྱས་ཏེ་སྔོན་ཆད་ཁོ་རང་གི་དྲུང་ཡིག་དང་བློས་ཐུབ་གྲོགས་པོ་ལིན་ཅི་ཧྭ་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་གྱི་འགན་འཛིན་དུ་བསྐོས་ཡོད་ཀྱང་། ཞི་ཅིན་ཕིན་གྱིས་སྲིད་འགན་འཁུར་ཏེ་ལོ་ལས་མ་ཕྱིན་པར་ལིན་ཅི་ཧྭ་ལ་ཞིབ་བཤེར་མགོ་འཛུགས་བྱས་ཏེ་ད་ཆར་བཙོན་འོག་ཏུ་བཅུག་ཡོད་ལ། གྲངས་ཉུང་མི་རིགས་ཐོག་གཡོན་ཐལ་ཆེ་བའི་སྲིད་བྱུས་སྤེལ་མཁན་གཞན་དག་ཀྱང་སྔ་རྗེས་སུ་གནས་དབྱུང་བཏང་ཡོད།

བསྐྱར་བཅོས།: ༢༠༡༥/༡༢/༡༥

Leave a Reply