འདི་ལྟེས་དབང་ཞིག་རེད་དམ།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༨༣ སྟེང་གི་རྩོམ་སྒྲིག་པའི་གཏམ།
“འབྲེལ་ཡོད་སྡེ་ཚན་གྱིས་བོད་ལྗོངས་དང་བོད་ཁུལ་གྱི་ཁྲིམས་མཐུན་དང་ལོ་རྒྱུས་ཀྱི་ཁུངས་ལུང་ལྡན་པའི་སྤྲུལ་སྐུ་རྣམ་དག་སྡོམ་རྩིས་བྱས་ཏེ་དཔྱད་གཞིའི་གྲངས་མཛོད་ཅིག་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན།” འདི་ཀྲུའུ་ཝེ་ཆོན་གྱི་སྐད་ཆ་གསར་པ་རེད།

 

ཉེ་ལམ་རྒྱ་རིགས་རྒྱུ་ཆེན་ཞིག་གིས་གློག་བརྙན་འཁྲབ་སྟོན་པ་རྒྱ་རིགས་གཞན་ཞིག་སྤྲུལ་སྐུར་ངོས་འཛིན་དང་། ཁྲི་འདོན་གྱི་བྱེད་སྒོ་ཡ་མ་བརླ་ཞིག་སྤེལ་བའི་གནས་ཚུལ་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་འུར་ཆིལ་ཆིལ་འགྲོ་བཞིན་འདུག རྩོད་གཞི་འདིའི་མགོ་རྔ་མ་འཁྲུག་པར་གསལ་བོ་བཟོས་ན། སངས་རྒྱས་མེད་པའི་ས་ཞིག་མེད་ཅེས་པའི་ནང་བསྟན་གྱི་དགོངས་པ་དང་། རྒྱ་མི་རིགས་ཀྱི་ཕ་ཆོས་དེ་ཡང་ནང་པ་སངས་རྒྱས་པ་ཡིན་པ། ལྷག་པར་དུ་བོད་པའི་བླ་སྤྲུལ་ཚོའི་གདུལ་བྱ་རྒྱ་ཡུལ་ན་ཡོད་ན། བླ་སྤྲུལ་དེ་དག་གི་རྣམ་ཤེས་ཀྱང་རྒྱ་ཡུལ་ནས་སྐྱེ་ཆོག་པ་མ་ཟད། དེ་ངོས་འཛིན་དང་ཁྲི་འདོན་གྱི་དབང་ཆའང་རྒྱ་མི་རིགས་ལ་ཡོད་ཆོག་པ་སྙོན་མེད་རེད།

 

ང་ཚོའི་རྩོད་གཞི་གཙོ་བོ་དང་བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་ཚོའི་སེམས་ལ་རྨ་ཁ་བཟོ་ས་གཙོ་བོ་སྤྲུལ་སྐུ་གང་དུ་འཁྲུངས་པ་མ་རེད། སྤྲུལ་སྐུར་ངོས་འཛིན་བྱེད་མཁན་སུ་རེད། ངོས་འཛིན་སྟངས་དང་ཁྲི་འདོན་གྱི་རྣམ་པ་གང་འདྲ་ཡིན་པ་དེ་རེད། ནང་པ་སངས་རྒྱས་པའི་ཆོས་ལུགས་འདི་འཛམ་གླིང་གི་རྒྱལ་ཁབ་མང་པོར་དར་ཁྱབ་སོང་ཡོད་ལ། ལུང་པ་སོ་སོའི་ཡུལ་དུས་གནས་བབ་དང་། སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་པའི་ཆོས་བྱེད་སྟངས་དང་ཆོ་ཁ་ཕྱག་ལེན་ཡང་སྣ་ཚོགས་ཤིག་བྱུང་ཡོད་མོད། སྤྲུལ་རྒྱུན་ངོས་འཛིན་བྱེད་པའི་ལམ་སྲོལ་འདི་མི་རིགས་གཞན་ལ་མེད་པའི་བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་ལམ་སྲོལ་ཐུན་མོང་མ་ཡིན་པ་ཞིག་ཡིན།

 

རྒྱ་ནག་གཞུང་གིས་གོ་སྐབས་བེད་སྤྱོད་གཏོང་པ་དང་། ཡང་ན། འཆར་གཞི་ལྡན་པའི་གོ་སྐབས་ཆེད་དུ་བསྐྲུན་ཏེ། འགྲོ་སྟངས་གསར་པ་ཞིག་ཁྱབ་བསྒྲགས་བྱེད་རྒྱུའི་འཆར་གཞི་ཡོད་ཟེར། བོད་པའི་ཐུན་མིན་གྱི་ལམ་སྲོལ་འདི་ལ་མི་རིགས་གཞན་སུ་ལའང་བསྒྱུར་བཅོས་གཏོང་དབང་མེད་ལ། སྐྱེས་པ་སྔ་ཕྱི་དང་གཟུགས་འདས་རིག་གནས་ཁས་མི་ལེན་མཁན་རྒྱ་ནག་གཞུང་ལ་དེ་བས་ཀྱང་ཐེ་ཇུས་བྱེད་དབང་མེད། སུ་ཞིག་གིས་རང་སྣང་གང་ཤར་བྱས་ན་དེས་བོད་བརྒྱུད་ནང་བསྟན་ལ་མཐོང་ཆུང་བྱས་པའི་མི་ཚད། བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་ཡོངས་ལ་ཁྱད་གསོད་བྱས་པ་ཞིག་ཆཊ་ཡོད།

 

ངས་ཡང་བསྐྱར་བཤད་འདོད་པ་ཞིག་ནི། བོད་པའི་འདས་པའི་ལོ་རྒྱུས་ནང་ས་ཕག་རིན་གཙང་སྐབས་ནས་བཟུང་། བོད་པའི་བླ་སྤྲུལ་ཚོས་སོ་སོའི་ཁེ་ཕན་དང་སོ་སོའི་གོ་གནས་ཆེད། རྒྱལ་བཙོང་དང་ཆོས་བཙོང་གི་ལས་ཀ་མང་པོ་བྱས་ཡོད་ལ། ཁ་སང་དེ་རིང་སྔར་ལས་ཀྱང་བོད་པའི་ཆོས་བརྒྱུད་གྲུབ་མཐའ་ཁག་གི་བླ་མ་དགེ་བཤེས་དང་། ཆོས་ཀྱི་བསླབ་པ་སློབ་གཉེར་སྣ་གཅིག་མེད་པའི་གྲྭ་རྫུན་བླ་རྫུན་མང་པོ་ཞིག་གིས་ནུབ་ཡུ་རོབ་ནས་བྱང་ཨ་རི། ལྷོ་སོག་པོ་ནས་ཤར་རྒྱ་ནག་བར་མི་མང་ལ་མགོ་གཡོག་མགོ་སྐོར་དང་། ཆོས་བཙོང་བླ་བཙོང་གི་བྱ་སྤྱོད་སྤེལ་མཁན་ཉུང་ཉུང་མ་རེད། ད་རེབ་ཀྱི་གནས་ཚུལ་འདི་ཡང་བོད་པ་རང་གི་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་ཀྱི་དགོན་པ་དང་བླ་གྲྭ་འགར་འབྲེལ་བ་ཡོད་པ་མ་ཟད། ཁོང་ཚོའི་བར་ཆོས་དང་དངུལ། གོ་གནས་དང་ལས་དོན་སོགས་ཀྱི་འབྲེལ་བའང་གང་འཚམ་ཡོད་པ་གནས་ཚུལ་འདི་འཐོན་པའི་རྗེས་ལ་རིམ་པ་བཞིན་གསལ་བོ་ཆགས་ཡོང་གི་འདུག གནའ་ནས་ད་བར་དགྲ་ཕྱོགས་ནས་འཆར་གཞི་ལྡན་པའི་ཇུས་ཆེན་མང་པོ་ཞིག་སྤེལ་ཡོད་བའི་ཐོག་ལ་བོད་པ་རང་གི་མི་རྒྱུ་རྔམ་ཅན་དག་གིས་ཀྱང་རམ་འདེགས་མི་དམན་པ་ཞིག་ཞུས་དང་ཞུ་བཞིན་ཡོད་པ་འདི་སྔོན་ལ་ཐག་གིས་གཅོད་དགོས།

བསྐྱར་བཅོས།: ༢༠༡༥/༡༢/༢༨

Leave a Reply