རྒྱ་ནག་དམར་ཤོག་ཚོགས་པའི་འབྱུང་འགྱུར་གླེང་བ།

པདྨ་རྒྱལ་གྱིས་སྒྲིག་བསྒྱུར་བྱས།

 

pei_zརྒྱ་རིགས་རྩོམ་པ་པོ་སྐུ་ཞབས་མེན་ཞིན་ཕི་ (Minxin Pei)ལགས་ནི། ཨ་རིའི་ཁི་ལ་རི་མོན་ཊ་མག་ཀི་ན་སློབ་ཆེན་ (Claremont McKenna College)གྱི་སློབ་དཔོན་ཆེན་མོ་དང་རྒྱ་ནག་ཉམས་ཞིབ་པ་བཅས་ཡིན་ཞིང་། ཁོང་གིས་དེ་སྔ་རྒྱ་ནག་སྐོར་ལ་རྩོམ་ཡིག་དང་དེབ་མང་པོ་བཏོན་ཡོད་པ་མ་ཟད། ད་ལྟའི་རྒྱ་ནག་དམར་ཤོག་ཚོགས་པ་ནང་ཁུལ་གྱི་ལྐོག་ཟ་རུལ་སུངས་གནད་དོན་ལ་བརྟེན་ཏེ་འབྱུང་འགྱུར་ཕྱི་ལོ་ ༢༠༣༠ ལོར་ད་ལྟའི་རྒྱ་ནག་གཞུང་དེ་ཐོར་ཞིག་གམ་རྩ་བ་ནས་འགྱུར་བ་འགྲོ་རྒྱུ་ཡིན་པར་ངོས་འཛིན་བྱེད་མཁན་ཞིག་ཡིན། ཉེ་ཆར་ཨ་རིའི་ནེའུ་ཡོག་དུས་བབ་ཀྱི་གསར་འགོད་པ་སྐུ་ཞབས་མེ་ཆལ་ཧྥོར་སེ་ཐི་ (Michael Forsythe)ལགས་ཀྱིས་ཁོང་ལ་བཅར་འདྲི་ཞུས་འདུག

 

མེ་ཆལ་ཧྥོར་སེ་ཐིས། ཁྱེད་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པ་ཕྱི་ལོ་ ༢༠༣༠ ལས་བརྒལ་བར་གནས་པ་ཡིན་ན། ད་ལྟའི་རྒྱ་ནག་གཞུང་གི་ལམ་སྲོལ་མང་པོ་ཞིག་འཐོར་ཞིག་འགྲོ་སྲིད་སྐོར་གླེང་འདུག གནས་སྟངས་དེ་ ༢༠༣༠ ལོར་འཁེལ་བའི་རྒྱུ་མཚན་ཅི་ཡིན་ནམ།

 

མེན་ཞིན་ཕིས། ད་ཆར་རྒྱ་ནག་གི་སྤྱི་ཚོགས་དཔལ་འབྱོར་ཡར་རྒྱས་ལ་བརྟེན་ནས་རྒྱ་ནག་གི་དཔལ་འབྱོར་ཡོང་འབབ་དང་སློབ་གསོའི་གྲུབ་འབྲས་བཅས་ཀྱི་ཚད་གཞི་དཀྱིལ་གནས་སུ་བསླེབས་ཡོད་པ་དང་། གནས་སྟངས་དེ་འདྲ་ཞིག་གི་འོག་འདས་པའི་མི་ལོ་ ༤༠ རིང་ལ་དཔལ་འབྱོར་འདུ་འགོད་འགྲན་རྩོད་ཅན་གྱི་རྒྱལ་ཁབ་ཁག་ (ཨེ་ཤ་ཡ་གཙོས་པའི་དམར་ཤོག་རིང་ལུགས་དང་འབྱོར་འབྲིང་སྤྱི་ཚོགས་ཁག་ལ་གོ) ཚང་མ་སྲིད་དབང་སྒེར་གཅོད་ལམ་ལུགས་ནས་དམངས་གཙོའི་ལམ་ལུགས་སུ་འཕོ་འགྱུར་བྱུང་བ་རེད། གལ་ཏེ་འབྱུང་འགྱུར་ལོ་ངོ་ ༡༥ ནང་རྒྱ་ནག་གི་དཔལ་འབྱོར་འདུ་འགོད་ཚད་དམའ་ས་ནས་མུ་མཐུད་ཡར་རྒྱས་ཕྱིན་ཚེ། ཕྱི་ལོ་ ༢༠༣༠ ལོར་རྒྱ་ནག་གི་སྤྱི་ཚོགས་ལ་འཕོ་འགྱུར་འབྱུང་སྲིད་པ་དང་། འཕོ་འགྱུར་ཕྱིན་པའི་སྤྱི་ཚོགས་དེའི་ནང་སྒེར་གཅོད་སྲིད་ལུགས་དཀའ་ཁག་ལ་འཕྲད་ངེས་རེད། གལ་ཏེ་འབྱུང་འགྱུར་ལོ་ངོ་ ༡༥ ནང་རྒྱ་ནག་གི་དཔལ་འབྱོར་མུ་མཐུད་ཡར་རྒྱས་མ་བྱུང་བ་ཡིན་ན། རྒྱ་ནག་གི་སྤྱི་ཚོགས་དཔལ་འབྱོར་ལ་འཕོ་འགྱུར་ཅི་ཡང་འབྱུང་མི་སྲིད།

 

འགྲོ་བ་མིའི་བྱུང་རབས་ལོ་རྒྱུས་ཁྲོད་དུ་ད་ལྟའི་བར་སྒེར་གཅོད་སྲིད་ལུགས་ཡོད་ཚད་མི་ལོ་ ༧༤ ཙམ་ལས་གནས་ཐུབ་ཡོད་པ་མ་རེད། རྒྱུ་མཚན་ནི་དབང་སྒྱུར་གྲལ་རིམ་གྱི་རུལ་སུངས་དང་རྙིང་ཞེན་ལ་བརྟེན་ནས་ཉམས་རྒུད་ཕྱིན་པ་རེད། ཕྱི་ལོ་ ༢༠༣༠ ལོའི་བར་དམར་ཤོག་ཚོགས་པས་སྲིད་དབང་སྒེར་འཛིན་བྱས་ནས་མི་ལོ་ ༨༡ ཟིན་གྱི་ཡོད་པ་རེད།

 

མེ་ཆལ་ཧྥོར་སེ་ཐིས། གཅིག་བྱས་ན་དམར་ཤོག་ཚོགས་པར་སྔར་ནས་དམར་པོའི་སྲིད་ལུགས་ཉམས་རྒུད་འགྲོ་བའི་མྱོང་བ་ཟབ་མོ་ཐོབ་ཡོད་སྲིད་པ་དང་། གཅིག་བྱས་ན་རྒྱལ་ཁབ་གཞན་གྱི་ལམ་ཕྱོགས་སུ་བསྐྱོད་ཀྱང་སྲིད་པ་རེད། དེ་ན་ཁྱེད་ཀྱིས་རང་གི་ཞིབ་འཇུག་ཆེད་རྩོམ་འདིའི་ཁུངས་སྐྱེལ་དུ་རུང་བའི་རྒྱ་ནང་གི་འགྱུར་བ་ག་རེ་མཐོང་གི་འདུག

 

མེན་ཞིན་ཕིས། དེའི་བདེན་དཔང་གལ་འགངས་ཆེ་ཤོས་དེ་དབང་སྒྱུར་གྲལ་རིམ་གྱི་ཁྱབ་ཆེ་བའི་ལྐོག་ཟ་རུལ་སུངས་ཡིན་པ་དང་། ཕྱི་ལོ་ ༢༠༡༢ ལོ་ནས་བཟུང་ཀྲུའུ་ཡོང་ཁང་དང་ལེན་ཅི་ཧྭ། པའོ་ཞི་ལེ་དང་ཁོང་ཚོའི་ལས་རོགས་བཅས་ལ་ཞིབ་བཤེར་བྱས་པས་མཚོན་པའི་དབང་སྒྱུར་གྲལ་རིམ་གྱི་ཆིག་སྒྲིལ་ལ་གཏོར་བཤིག་བཏང་ཡོད་པ་རེད། ཉམས་རྒུད་ཀྱི་ལྟ་བ་འདིས་དམར་ཤོག་ཚོགས་པའི་ཆེད་གཉེར་ལས་དོན་གྱི་འདུ་ཤེས་དང་རྩ་བའི་ཀུན་སློང་བཅས་ལ་ཚོད་འཛིན་བྱས་ཡོད་པ་མ་ཟད། དེ་ལྟའི་ཀུན་སྤྱོད་དང་དཔལ་འབྱོར་འཚོལ་སྒྲུབ་ལ་བརྟེན་པའི་སྲིད་ཚོགས་གཅིག་གི་དྲག་གནོན་སྲིད་ཇུས་དེ་རྒྱུན་སྐྱོང་ཐབས་མེད་པའི་གནས་སུ་ལྷུང་ཡོད་པ་རེད།

 

མེ་ཆལ་ཧྥོར་སེ་ཐིས། དེས་ན་གནས་སྟངས་དེའི་འོག་བཅོས་བསྒྱུར་དང་གསར་བརྗེ་གཉིས་ལས་གང་འབྱུང་སྲིད་པའམ། ཡང་ན་ཁྱེད་རང་གིས་བཤད་ལ་ལྟར་གསར་བརྗེ་དང་བཅོས་བསྒྱུར་གཉིས་མཉམ་འབྲེལ་གྱི་ངོ་བོའི་ཐོག་ནས་འབྱུང་སྲིད་པ་ཞིག་རེད་དམ།

 

མེན་ཞིན་ཕིས། དམངས་གཙོའི་ལམ་ལུགས་སུ་བསྒྱུར་བཅོས་གཏོང་རྒྱུ་དེ་མང་མོས་ཀྱི་གནས་སྟངས་ཤིག་ཡིན་ནའང་། བཅོས་བསྒྱུར་གྱི་སྒེའུ་ཁུང་གཏན་བཞིན་ཡོད་པ་རེད། འགྲོ་བ་མིའི་བྱུང་རབས་ལོ་རྒྱུས་ཁྲོད་དུ་ད་ལྟའི་བར་དམར་ཤོག་རིང་ལུགས་ཀྱི་སྲིད་ལུགས་གཅིག་ཀྱང་དམངས་གཙོའི་ལམ་ལུགས་སུ་བཅོས་བསྒྱུར་ཐུབ་ཡོད་པ་མ་རེད།

 

སྔོན་ཆད་ཀྱི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་མི་མང་གི་འོས་ལངས་གསར་བརྗེ་དེ་འདྲ་འབྱུང་ཐབས་ཡོད་པ་མ་རེད། རྒྱུ་མཚན། རྒྱ་ནག་རྒྱལ་སྲུང་དམག་དཔུང་གིས་མི་མང་གི་འོས་ལངས་དེ་འདྲ་ལས་སླ་པོས་དྲག་གནོན་ཐུབ་པ་རེད།

 

ཆབ་སྲིད་ཉམས་རྒུད་དང་དཔལ་འབྱོར་ཡར་རྒྱས་མེད་པའི་ལོ་ངོ་བཅུ་ཕྲག་ཅིག་གི་རྗེས་ཏེ་ཕྱི་ལོ་ ༢༠༢༠ ལོར་དམར་ཤོག་ཚོགས་པས་རང་ཉིད་སྐྱོབ་ཐབས་སུ་ཆབ་སྲིད་བཅོས་བསྒྱུར་གྱི་རྩེད་མོའི་ཁྲོད་དུ་ཨ་ཆད་ཨུ་ཐུག་ཏུ་འགྱུར་སྐབས། ང་ཚོས་ད་གཟོད་གནས་སྟངས་དེར་ཚོད་དཔག་ཐུབ་པ་ཞིག་རེད། ཡིན་ནའང་དུས་སྐབས་དེར་བཅོས་བསྒྱུར་གྱི་སྒེའུ་ཁུང་ཡོངས་སུ་གཏན་ཚར་བ་རེད། དེ་ཡང་སུའུ་ལེན་མཉམ་འབྲེལ་གཞུང་དང་འདྲ་བར། ཚོད་འཛིན་ཐེབས་པའི་བཅོས་བསྒྱུར་དེས་དབང་སྒྱུར་གྲལ་རིམ་ལ་ཆགས་སྒོ་སློང་བ་དང་། གཞི་རྩའི་བཅོས་བསྒྱུར་འཚོལ་བའི་སྤྱི་ཚོགས་དབང་བསྒྱུར་ལ་ཞེན་སྐུལ་བཏང་སྟེ། གསར་བརྗེ་ཞིག་ཚུགས་ཐབས་ཡོད་པ་མ་རེད།

 


tibettimesམེ་ཆལ་ཧྥོར་སེ་ཐིས། ཁྱེད་ཀྱིས་ཕྱིས་སུ་རྒྱ་ནག་གི་སྲིད་ཇུས་ལམ་ལུགས་ལ་འགྱུར་བ་འགྲོ་སྲིད་སྐོར་གླེང་ཞིང་། ཁྱེད་རང་གི་<<གསར་བརྗེ་ནས་བཅོས་བསྒྱུར་བར>> ཞེས་པའི་བརྩམས་ཆོས་དེ་ཕྱི་ལོ་ ༡༩༩༤ ལོར་དཔར་འགྲེམ་བྱས་ཡོད་པ་དང་། བརྩམས་ཆོས་དེའི་ནང་ཁྱེད་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་ཉམ་ཉེས་སྐོར་བཀོད་འདུག ཡིན་ནའང་ཆབ་སྲིད་དབྱེ་ཞིབ་པ་ལ་ལས་སྔོན་ཆད་དང་བསྡུར་ན་དེང་སྐབས་དམར་ཤོག་ཚོགས་པ་སྲ་བརྟན་ཆགས་ཡོད་ལུགས་བརྗོད་ཀྱི་འདུག ཁྱེད་རང་གི་ལྟ་ཚུལ་དེ་ནོར་བ་མིན་ནམ།

 

མེན་ཞིན་ཕིས། དོན་དངོས་སུ་ཕྱི་ལོ་ ༡༩༩༤ ལོར་ངའི་དེབ་ནང་བཀོད་པའི་གནས་ཚུལ་དེ་དག་ངས་སྐབས་དེའི་གུང་ཁྲན་རིང་ལུགས་ཀྱི་ཉམ་ཉེས་དྲངས་པ་ཡིན་པ་ལས་རྒྱ་ནག་དམར་ཤོག་ཚོགས་པའི་ཆག་འཇིག་གླེང་བ་མིན། དུས་སྐབས་དེར་ཆབ་སྲིད་དབྱེ་ཞིབ་པ་གཞན་དག་ནང་བཞིན། ངས་དཔལ་འབྱོར་བཅོས་བསྒྱུར་ལ་བརྟེན་ནས་དམར་ཤོག་ཚོགས་པའི་དབང་བསྒྱུར་སྲིད་ཇུས་ལྷོད་ཡངས་འགྲོ་སྲིད་པ་དང་། མཐར་ཐུག་ཆབ་སྲིད་བཅོས་བསྒྱུར་ཕྱོགས་སུ་བསྐྱོད་སྲིད་པར་རེ་ལྟོས་བྱས་པ་ཡིན། འོན་ཀྱང་ཕྱིས་ཀྱི་བྱེད་སྒོ་མང་པོ་ཞིག་གིས་ད་ལྟའི་རྩོད་རྙོག་ཅན་གྱི་བདེན་འཛིན་འདི་འདྲ་ཞིག་ར་སྤྲོད་བྱས་སོང་།

 

དེ་སྔོན་ང་ཚོས་དཔལ་འབྱོར་ཡར་རྒྱས་ལ་དཔག་པ་ཙམ་གྱིས་དམར་ཤོག་ཚོགས་པས་དུས་ཡུན་ཅི་ཙམ་རིང་ཆབ་སྲིད་བཅོས་བསྒྱུར་མ་བཏང་བར་སྲིད་དབང་བསྒྱུར་སྲིད་པར་ཚོད་དཔག་བྱས་མེད།

 

གང་ལྟར་སྲིད་ཚོགས་གཅིག་གི་བཙན་འཕྲོག་འོག་རྒྱལ་ནང་གི་དཔལ་འབྱོར་ཡར་རྒྱས་དེས་ཡུན་གནས་མི་ཐུབ་པ་དང་། ཕྱི་ལོ་ ༢༠༠༦ ལོའི་ངའི་བརྩམས་ཆོས་ <<རྒྱ་ནག་འཕེལ་འགྱུར་གྱི་རྒྱ་རྙིར་ཚུད་པ་>>ཞེས་པའི་ནང་། ངས་སྲིད་ཚོགས་གཅིག་གི་དབང་སྒྱུར་འོག་དེང་རབས་ཅན་གྱི་དཔལ་འབྱོར་འདུ་འགོད་དེ་འཕེལ་རྒྱས་ནས་ཉམས་རྒུད་འགྲོ་བའི་གནད་དོན་བསྟན་ཡོད།

 

སྲིད་དོན་དབྱེ་ཞིབ་པ་གཞན་པ་ཚོས་དམར་ཤོག་ཚོགས་པ་སྔར་བས་ཡུན་གནས་ཐུབ་པར་ཡིད་ཆེས་བྱེད་པ་དང་དེའི་རྒྱུ་མཚན་ནི། ཁོ་ཚོས་ད་ལྟའི་རྒྱ་ནག་གི་དཔལ་འབྱོར་གནས་བབ་དངོས་ལ་གཞིག་མ་ཐུབ་པ་དང་། དེང་སྐབས་རྒྱ་ནག་གི་དཔལ་འབྱོར་གྱི་འགྲོས་ཤིན་ཏུ་དལ་ཞིང་དམར་ཤོག་ཚོགས་པ་གོ་རིམ་འཁྲུག་འཆོལ་བྱུང་བའི་ནང་ལྷག་ཡོད་པ་རེད། རྒྱུ་མཚན། ནང་འཁྲུག་ཞི་འཇགས་དང་ཆབ་སྲིད་བདེ་འཇགས་ཐད་འཛིན་པའི་དབང་སྒྱུར་སྲིད་ཇུས་ཉམས་རྒུད་དུ་ཕྱིན་ཏེ་པེ་ཅིན་གཞུང་གི་ཕྱི་འབྲེལ་སྲིད་ཇུས་ཀྱིས་ཨ་རི་དང་རྒྱ་ནག་གཉིས་བར་གྱི་འབྲེལ་ལམ་དེ་རྩོད་རྙོག་གི་ཕྱོགས་སུ་སྣེ་འཁྲིད་བཞིན་ཡོད་པ་དང་། ཁོར་ཡུག་ཉམས་ཆག་དང་སྤྱི་ཚོགས་ཞབས་ཞུའི་གནས་སྟངས་ཞན་པ། སྤྱི་ཚོགས་འདྲ་མཉམ་མིན་པ་དང་ལྐོག་ཟ་རུལ་སུངས་ཁྱབ་པར་བརྟེན་ནས་འབྱོར་འབྲིང་གྲལ་རིམ་གྱི་ཁས་ལེན་ཁག་ཐག་དེ་ཡང་རིམ་བཞིན་སྟོངས་ཟད་དུ་འགྲོ་མགོ་ཚུགས་ཡོད་པ་རེད།

 

མེ་ཆལ་ཧྥོར་སེ་ཐིས། རྒྱ་ནག་གི་དཔལ་འབྱོར་འཛུགས་སྐྲུན་ཁྲོད་དུ་སྔོན་ཆད་ཀྱི་བྱེད་སྒོས་འབྱུང་འགྱུར་གྱི་གྲུབ་འབྲས་ལ་ཁག་ཐག་མི་ཐུབ་ཅེས་པའི་བཤད་རྒྱུན་ཞིག་ཡོད་པ་རེད། རྒྱ་ནག་གི་འབྱུང་འགྱུར་གྱི་དཔེ་མཚོན་དུ་རུང་བའི་རྒྱལ་ཁབ་གཞན་གང་དག་ཡོད་པ་རེད།

 

མེན་ཞིན་ཕིས། དོན་དངོས་སུ་བཤད་རྒྱུན་དེ་དམར་ཤོག་ཚོགས་པ་རང་ལ་བཏོན་པ་ཞིག་ཀྱང་ཡིན་པ་རེད། བཤད་རྒྱུན་དེའི་གོ་དོན་སྔོན་ཆད་ཀྱི་ཡར་རྒྱས་ཀྱིས་འབྱུང་འགྱུར་གྱི་འཆི་གསོན་ཁག་ཐག་མི་ཐུབ་པ་བསྟན་འདུག དམར་ཤོག་ཚོགས་པའི་འབྱུང་འགྱུར་ལ་གཞིག་ན། དེའི་དཔེ་མཚོན་དུ་རུང་བའི་རྒྱལ་ཁབ་གཞན་དག་ནི་དབང་སྒྱུར་གྲལ་རིམ་གྱིས་ཁོར་ཡུག་གི་འགྱུར་ལྡོག་ལ་རྣམ་འགྱུར་གང་འདྲ་ཞིག་འཛིན་མིན་གྱི་སྣང་ཚུལ་ལ་རག་ལས་ཡོད་པ་རེད།

 

རྒྱ་ནག་རྒྱལ་ཁབ་ཆེན་པོ་ཡིན་སྲིད་ཀྱང་། དེ་ཡང་རྒྱལ་ཁབ་ཆུང་གྲས་རིགས་ལ་མངའ་སྒྱུར་མཁན་རྒྱ་ནག་གི་དཔོན་རིགས་ཚོ་དང་འདྲ་བའི་འགྲོ་བ་མིའི་རིགས་ཤིག་གིས་དབང་སྒྱུར་བཞིན་ཡོད་པ་དང་། དབང་བསྒྱུར་གྱི་གདམ་ག་དེ་ཁ་ཡོད་ལག་ཡོད་དང་སྔོན་དཔག་གི་བཙན་གནོན་བཅས་ཀྱིས་ཚོད་འཛིན་ཐེབས་ཡོད་པ་རེད། ཆབ་སྲིད་ཀྱི་འགྲན་རྩོད་ཁྲོད་དུ་རྒྱ་ནག་གི་འབྱུང་འགྱུར་གྱི་དཔེ་མཚོན་དུ་རུང་བའི་རྒྱལ་ཁབ་གཞན་དག་ནི་ཐོན་འབྲས་ལེགས་པོ་ཞིག་ཏུ་ངོས་འཛིན་མི་རུང་སྟེ། མཐའ་འཁོར་དུ་ནགས་ཚལ་མེད་པའི་ཤིང་སྡོང་ཞིག་གི་སྐྱེས་འཕེལ་ལ་ཞིབ་འཇུག་བྱེད་པ་ལས། ཤིང་སྡོང་དེའི་ཉེ་སར་བཅར་ན་ལེགས་པར་འཁུམ་སྙམ།

 

མེ་ཆལ་ཧྥོར་སེ་ཐིས། རྒྱ་ནག་གི་གཙོ་འཛིན་ཚོས་འབྱོར་འབྲིང་སྤྱི་ཚོགས་ཀྱི་རྒྱ་རྙིར་གཡོལ་འདོད་ཡོད་པ་དང་། གནད་དོན་དེས་རྒྱལ་ཁབ་མང་པོ་ཞིག་འབྱོར་ལྡན་སྤྱི་ཚོགས་སུ་བསྐྱོད་པར་བཀག་རྒྱ་ཐེབས་ཡོད་པ་རེད། གལ་ཏེ་ཆབ་སྲིད་བཅོས་བསྒྱུར་མ་བཏང་བ་ཡིན་ན། གནད་དོན་དེ་སྤྱི་ཚོགས་དཔལ་འབྱོར་འཕོ་འགྱུར་གྱི་དགག་རྐྱེན་དུ་འགྱུར་སྲིད་དམ།

 

མེན་ཞིན་ཕིས། འགྲོ་བ་མིའི་བྱུང་རབས་ལོ་རྒྱུས་ཡིག་ཚགས་ཁག་ཏུ། དམར་ཤོག་ཚོགས་པ་ཡུན་གནས་མི་ཐུབ་པ་བསྟན་ཡོད། རྡོ་སྣུམ་ཐོན་སྐྱེད་བྱེད་པའི་དབང་སྒྱུར་སྲིད་གཞུང་ཁག་དང་དམངས་གཙོའི་ལམ་ལུགས་བསྲེས་ལྷད་ཐེབས་པའི་སེང་གྷ་པོར། དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་མྱོང་བའི་ཧོང་ཀོང་གྲོང་ཁྱེར་མ་གཏོགས། དེང་གི་དམངས་གཙོའི་ལམ་ལུགས་སུ་སྐྱོད་པའི་རྒྱལ་ཁབ་ཁག་ཚང་མ་འབྱོར་འབྲིང་སྤྱི་ཚོགས་ཀྱི་རྒྱ་རྙིར་འབྱོལ་བཞིན་ཡོད་པ་རེད།

 

ཡང་དག་པའི་དཔལ་འབྱོར་འདུ་འགོད་ཀྱི་འགྲན་རྩོད་ཀྱི་ཟུར་ཞིག་ཏུ། བྱུང་རབས་ལོ་རྒྱུས་ཀྱིས་སྣང་ཚུལ་གཉིས་གསལ་སྟོན་བྱས་ཡོད་པ་རེད། དང་པོ་དེ་སྲིད་དབང་སྒེར་གཅོད་ལམ་ལུགས་འབྱོར་འབྲིང་གྲལ་རིམ་གྱི་གནས་བབ་ལས་ཉམས་རྒུད་དུ་འགྲོ་སྲིད་སྟབས། རྡོ་སྣུམ་ཐོན་སྐྱེད་བྱེད་པའི་རྒྱལ་ཁབ་ཁག་གི་ཕྱི་ལོགས་སུ། ང་ཚོས་སྲིད་དབང་སྒེར་གཅོད་ཀྱི་འབྱོར་ལྡན་སྤྱི་ཚོགས་ཤིག་མཐོང་གི་ཡོད་པ་མ་རེད། གཉིས་པ་དེ་སྒེར་གཅོད་སྲིད་གཞུང་ཁག་གིས་སོ་སོའི་སྤྱི་ཚོགས་ཀྱི་དཔལ་འབྱོར་རྐུ་འཕྲོག་བྱེད་ཀྱི་ཡོད་པ་དང་འབྲེལ་རྒྱལ་ནང་གི་དཔལ་འབྱོར་ཡར་རྒྱས་རྒྱུན་སྐྱོང་ཐུབ་ཀྱི་ཡོད་པ་མ་རེད། སྒེར་གཅོད་སྲིད་གཞུང་མགོ་རྟིང་སློག་མཁན་རྒྱལ་ཁབ་ཚང་མ་འབྱོར་འབྲིང་སྤྱི་ཚོགས་ཀྱི་རྒྱ་རྙིར་ཚུད་ཡོད་པ་རེད། ལར་དམངས་གཙོའི་ལམ་ལུགས་ཁོ་ན་བརྒྱུད་དེ་འབྱོར་ལྡན་སྤྱི་ཚོགས་སུ་བསྐྱོད་ཐུབ་པའང་མིན་ཡང་། འབྱོར་ལྡན་སྤྱི་ཚོགས་སུ་བསླེབ་ཐབས་སུ་དགོས་མེད་ཀྱི་སྒེར་གཅོད་སྲིད་གཞུང་རྨང་ནས་རྫོག་དགོས་པ་རེད།

 

མེ་ཆལ་ཧྥོར་སེ་ཐིས། རྒྱ་ནག་གི་ཆབ་སྲིད་ཚན་རིག་དང་ཆེད་མཁས་པ་ཚོ་ལས་ཁྱེད་ཀྱིས་ཞིབ་འཇུག་གི་རྒྱུ་ཆ་འདི་དག་ཅི་ལྟར་འཚོལ་བསྡུ་བྱས་པ་ཡིན།

 

མེན་ཞིན་ཕིས། དེ་ནི་མཉམ་ལས་ཀྱི་སྤྲོ་སྣང་ཞིག་དང་དོགས་འཆར་མང་པོ་ཞིག་ལས་བྱུང་བ་ཡིན་ཞིང་། རྒྱལ་ནང་གི་སྲིད་ལུགས་འཕོ་འགྱུར་ནི་མི་སྲིད་པའི་གནས་བབ་ཅིག་གི་འོག གནས་སྟངས་དེ་རྟོགས་སླ་བ་ཞིག་ཡིན་པ་རེད། ཡིན་ན་ཡང་ང་ཚོས་སྔོན་ཆད་ཀྱི་སུའུ་ལེན་མཉམ་འབྲེལ་གཞུང་ (U.S.S.R) འཐོར་ཞིག་དང་ཨ་རབ་དཔྱིད་ཀའི་གསར་བརྗེ་ (Arab Spring) དབུ་བརྙེས་པ་སོགས་སྣང་མེད་བཏང་སྟེ་ད་དུང་དུས་སྐབས་དེའི་ནོར་འཁྲུལ་གཅིག་མཚུངས་ཀྱི་ནོར་འཁྲུལ་མང་པོ་ཞིག་ལ་གཟུར་བཞིན་ཡོད་པ་རེད། མིང་དོན་མཚུངས་པའི་སྲིད་ཇུས་ཉམས་ཞིབ་པ་དང་མཁས་དབང་ཚོས་གོ་རིམ་ལྡན་པའི་སྒོ་ནས་རྒྱ་ནག་གི་འབྱུང་འགྱུར་གླེང་རྒྱུ་ནི་རྒྱ་ནག་གི་བདེ་ཐང་དང་འཐུས་ཤོར་གཉི་གར་འབྲེལ་བ་ཞིག་ཡིན་པ་རེད།

བསྐྱར་བཅོས།: ༢༠༡༦/༠༣/༠༤

Leave a Reply