རྩ་ཁྲིམས་ནང་ནས་བོད་དོན་རྩོད།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༩༢ སྟེང་གི་རྩོམ་སྒྲིག་པའི་གཏམ།

ད་ལོའི་གསུམ་པའི་ཚེས་བཅུ་ཉིན་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ང་བདུན་པ་སྲུང་གཙི་ཞུས། དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དྷ་སའི་གཙུག་ལག་ཁང་དུ་འཛོམས། སྲིད་སྤྱི་གཉིས་ཀྱིས་ཡིག་ཐོག་གི་བསྒྲགས་གཏམ་བཀླགས་རྗེས། མི་མང་གིས་རང་དབང་དང་རང་བཙན། ༧གོང་ས་མཆོག་སྐུ་ཚེ་བརྟན་དགོས་པ་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་དྷ་ཤོད་བར་གོམ་བགྲོད་གནང་། ལས་རིམ་འདི་བསྐྱར་ཟློས་དང་ཡང་ཟློས་བྱས་ཏེ་ལོ་ ༥༧ ཕྱིན་པ་རེད། བཙན་བྱོལ་བོད་མིའི་ས་གནས་གཞན་དག་དང་ཕྱི་རྒྱལ་ཁག་ཀྱང་དེ་བཞིན་རེད།

བོད་ནང་བོད་མི་ ༡༤༣ གྱིས་རང་ལུས་མེར་བསྲེགས་དང་། བོད་ཕྱི་ལོགས་སུ་བོད་མི་ ༧ གྱིས་རང་ལུས་མེར་བསྲེགས་གནང་སྟེ། ཁྱོན་བོད་ཕྱི་ནང་གཉིས་སུ་བོད་མི་ ༡༥༠ ཡི་རང་ལུས་མེ་རུ་སྒྲོན་ཏེ། རྒྱ་ནག་གཞུང་ལ་བདེན་པ་བརྩད་ཡོད། རྒྱལ་སྤྱིའི་ཐོག་ལ་བོད་དོན་གླེང་ཡོད། གྲངས་འབོར་འདི་བོད་དོན་ལས་འགུལ་སྤྱིར་བཏང་བ་ཞིག་གི་གྲངས་འབོར་མ་རེད། མིའི་རིན་ཆེན་གཅེས་སྲོག་གིས་བོད་པ་ཚང་གི་འདས་དོན་གླེང་ནས་མ་འོངས་པ་བརྩད་པའི་གྲངས་འབོར་དེ་རེད།

བདུན་ཕྲག་གཅིག་གི་སྔོན་ཏག་ཏག་ལ་བོད་ནང་དུ་དགེ་འདུན་པ་གཅིག་དང་བཙན་བྱོལ་ནང་སློབ་ཕྲུག་གཅིག་གིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་སོང་། རེ་བ་དང་ཡིད་ཆེས་ཀྱིས་ཁེངས་པའི་བོད་པའི་མ་འོངས་པ་གཉིས་འུ་ཅག་གི་ལག་ནས་ཤོར་སོང་། བོད་མི་སྙིང་སྟོབས་དང་རིགས་ཞེན་ཅན་འདི་དག་འུ་ཅག་གི་ལག་ནས་གཅིག་ཤོར་གཉིས་ཤོར་བྱས་ཏེ། ཤུལ་དུ་ཁ་མཁས་པོ་དང་མགོ་བདེ་བོ་རྐྱང་རྐྱང་གིས་ཁེངས་ན། བོད་པའི་མི་འབོར་གྱི་གྱོང་གུད་ཙམ་དུ་མ་ཟད། བོད་པའི་སྙིང་སྟོབས་དང་རིགས་ཞེན་གྱི་གྱོང་གུད་ཆེན་པོ་ཞིག་དང་། བོད་མིའི་མ་འོངས་པའི་རིགས་རྒྱུད་སྤུས་ཚད་ཀྱི་གྱོང་གུད་ཞིག་ཀྱང་ཆགས་ཡོད།

བོད་མི་ས་ཡ་དྲུག་གི་ཁྲོད་ན་བོད་དོན་ལ་འདི་ལྟར་འཆི་ཕོད་པའི་སྙིང་སྟོབས་དང་རིགས་ཞེན་ཅན་ག་ཚོད་ལྷག་ཡོད། སྙིང་ན་རུས་པ་ཅན་བརྒྱ་ལྷག་སྐུ་གྲོངས་སོང་། དེ་ལས་མང་བ་ཞིག་རྒྱའི་བཙོན་འོག་ཏུ་ཚུད་ཡོད། ང་ཚོས་ད་བར་གྱི་གསུམ་བཅུའི་དུས་དྲན་ཐེངས་རེ་རེའི་སྟེང་། རྒྱ་ནག་གཞུང་གིས་བོད་མི་བསྲེགས་པ་དང་བསད་པ། བཟུང་བ་དང་རྡུང་བ་སོགས་ཀྱི་གྲངས་ཀ་བརྩིས་ཏེ་བསྡད་པ་རེད། ད་མ་འོངས་པར་ང་ཚོས་གྲངས་ཀ་ཚོད་བར་བརྩིས་ཏེ་སྡོད་དགོས་པ་རེད། གྲངས་ཀ་ག་ཚོད་ལོན་ན་ད་གཟོད་ང་ཚོར་གྲངས་ཚད་ལོངས་ཏེ་གདམ་ཀ་གསར་པ་ཞིག་འཚོལ་རྒྱུ་ཡིན།

བོད་གཞུང་དམངས་གཉིས་ཀྱི་ལངས་ཕྱོགས་དབུ་མའི་ལམ་རེད། མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རེག་དགོས་པ་དེ་རེད། ད་ནི་ང་ཚོས་དབུ་མའི་ལམ་ལ་དངོས་སུ་གོམ་པ་སྤོ་དགོས། རྒྱ་ནག་གཞུང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཆ་རྐྱེན་ཁག་ལག་བསྟར་ཚུལ་བཞིན་ཡོང་ཐབས་ལ་རྒྱུ་མ་ཕུ་འདེད་བྱེད་དགོས། བོད་པ་མི་རེ་ངོ་རེ་ནས་འདིའི་ཐད་འཐབ་རྩོད་དང་ལས་འགུལ་སྤེལ་དགོས། མ་འོངས་པར་སྲིད་སྤྱི་གཉིས་ཀྱི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ནང་དུ་ཡང་། འདས་པའི་ལོ་གཅིག་རིང་རྒྱ་གཞུང་གིས་བོད་མི་ཚོར་ཁྲིམས་འགལ་སྒྲིག་འགལ་གང་བྱས་དང་། དེ་ལ་ཉེས་པ་ཅི་འབབ་སོགས་བྱེ་བྲག་གིས་ཐེར་འདོན་བྱས་ཏེ་ཁྲིམས་ཐོག་ནས་རྩོད་དགོས།

ད་ནི་བོད་ནང་གི་རང་སྲེག་ལས་འགུལ་གྱི་ཁ་ཕྱོགས་བསྒྱུར་རོགས། དོན་མེད་འཛིན་བཟུང་བཙོན་འཇུག་དང་། ཉེས་རྡུང་མནར་གཅོད་སོགས་ཀྱི་གདམ་ཀ་དེའང་བརྗེ་རོགས། བོད་པ་རང་གི་སྐད་ཡིག་དང་འཁོར་ཡུག གོམས་གཤིས་དང་བཟང་སྤྱོད་སོགས་སྲུང་སྐྱོབ་ཐོག་ཤུགས་བསྐྱོན་དགོས། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས། ས་ཁུལ་སོ་སོའི་སྲོལ་ཡིག་ལ་སློབ་སྦྱོང་དང་། དེ་དག་ནང་གི་ཐོབ་ཐང་དང་བོད་མིའི་དགོས་མཁོ་ཁག་རྩོད་ལེན་གནང་དགོས། ཡིག་ཐོག་དང་ཁྲིམས་ཐོག་ནས་རྩོད་ལེན་གནང་དགོས། ཞི་འཇམ་དང་ངང་རིང་གིས་རྩོད་ལེན་གནང་དགོས།།

བསྐྱར་བཅོས།: ༢༠༡༦/༠༤/༡༩

Leave a Reply