གསན་མ་ནུས་པའི་གསར་འགྱུར།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༩༨ སྟེང་གི་རྩོམ་སྒྲིག་པའི་གཏམ།

ད་ལོའི་འོས་བསྡུ་ཆེན་མོའི་རྗེས་ལ་བསྐྱར་དུ་བཙན་བྱོལ་སྤྱི་ཚོགས་ནང་། སེམས་འཚབ་གསར་པ་ཞིག་དང་། གླེང་གཞི་གསར་པ་ཞིག་བྱུང་ཡོད་པ་ནི། ༧གོང་ས་མཆོག་གིས་བཀའ་སྤྱི་གཉིས་ལ་མཇལ་ཁ་མ་གནང་བའི་སྐོར་དེ་རེད། གནད་དོན་འདིར་མང་ཚོགས་ཀྱིས་སེམས་འཚབ་གནང་བར་ཐུགས་ཁག་ཅི་ཡོད། ཉེ་ལམ་སྨན་རྩིས་ཁང་ལོ་བརྒྱ་འཁོར་བའི་མཛད་སྒོའི་སྟེང་༧གོང་ས་མཆོག་གིས་བཙན་བྱོལ་བོད་མིའི་འཕྲོད་བསྟེན་དང་བཟང་སྤྱོད་ཉམས་ཆག་སྐོར་ལ་བཀའ་སློབ་གནང་རྗེས། དྷ་རམ་ས་ལའི་སྲིད་སྐྱོང་ལས་ཁུངས་ནས་བལ་བོད་མཚམས་ཀྱི་གློ་སྨོན་གཞིས་ཆགས་བར་ཡོམ་ཡོམ་འགུལ་ཏེ། སུ་འགྲིག་སུས་ནོར་རྒྱུ་མ་ཕུ་འདེད་དང་ནད་ཁྲག་རྩ་འདེད་བྱས་ཡོད།

ཕྱི་དྲིལ་བཀའ་བློན་དང་བདེ་སྲུང་བཀའ་བློན་གཉིས་ཀྱིས་སྔ་རྗེས་སུ་རྩ་དགོངས་ཞུས་པ་དང་། གཞུང་བསྟེན་སྲུང་མས་ཛ་དྲག་གི་ཉེན་བརྡ་བཏང་བ། གྲོས་ཚོགས་ནང་སྤྱི་འཐུས་མང་པོ་ཞིག་གིས་སེམས་ཚོར་དང་སྦྲགས་ཏེ་བཀའ་ཤག་ལ་ཞེན་སྐུལ་ཞུས་པ། དེ་བཞིན། བཙན་བྱོལ་སྤྱི་ཚོགས་ནང་གི་ཤེས་ལྡན་མི་སྣ་དང་གངས་ཅན་དཀྱིལ་འཁོར་ནང་གི་ཉམས་མྱོང་རྒན་པོ། བཀའ་ཟུར་དང་སྤྱི་ཟུར་མང་དག་ཅིག་གིས་རིམ་བསྟུད་དུ་བཙན་བྱོལ་སྤྱི་ཚོགས་ལོག་ལམ་དུ་སྐྱོད་བཞིན་ཡོད་པ་དང་། ཡང་སྒོས་བཀའ་ཤག་སྐབས་བཅོ་ལྔ་པའི་ཕྱག་ལས་གནང་སྟངས་འགྲིག་གི་མེད་སྐོར་ཡིག་ངག་གཉིས་ཐོག་ནས་སྤུངས་ཡོད།

ཐག་ཞོར་འགྲེང་འཁྲིད་ཀྱི་དཔེ་ལྟར། གྲོས་ཚོགས་ཚོགས་དུས་བཅུ་བ་མཇུག་རྫོགས་རྗེས་བཀའ་ཤག་གི་དགོངས་སེལ་ཆེད་བཀའ་སྤྱི་གཉིས་ཀྱིས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་ཀྱང་། ཕྱི་ཟླ་ ༤ ཚེས་ ༡༡ ཉིན་༧གོང་ས་མཆོག་ལྡི་ལི་ནས་ཕྱིར་བཞུགས་སྒར་དུ་ཞབས་སོར་འཁོད་མ་ཐག ཚེས་ ༡༢ ཉིན་དགའ་ལྡན་ཕོ་བྲང་གིས་གསལ་བསྒྲགས་སྤེལ་ཏེ། བདུན་ཕྲག་གཉིས་རིང་༧གོང་ས་མཆོག་ལྗགས་བསྙེན་བཅད་རྒྱར་བཞུགས་རྒྱུ་ཡིན་པ་དང་། དུས་ཡུན་དེའི་རིང་མཇལ་ཁ་སོགས་ཀྱི་མཛད་འཆར་གང་ཡང་མེད་སྐོར་བསྒྲགས་པ་དེས་མགོའི་ཟུར་རྣ་བས་མ་གོ་ཡང་འཕོངས་ཟུར་ཨོང་མདོས་གོ་བའི་བརྡ་ཞིག་བསྟན་ཡོད།

ཕྱི་ཚེས་ ༡༥ ཉིན་དགའ་ལྡན་ཁྲི་པ་མཆོག་དང་བྱང་རྩེ་ཆོས་རྗེས་གཙོས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་འཐུས་མི་རྣམ་པས་གཟིམ་ཆུང་མཇལ་བཅར་ཞུས་ཏེ། རྒྱལ་བའི་ལྷ་དགོངས་དཀྲུག་པ་དང་ཐུགས་ཕམ་བཟོས་བ། ཐུགས་འཚབ་བྱུང་རིགས་སེལ་ཐབས་སུ། རི་བོ་དགེ་ལྡན་པའི་ཕྱོགས་ནས་སྒོ་གསུམ་ནུས་པ་ཡོད་ཚད་འདོན་རྒྱུ་ཡིན་པའི་དམ་བཅའ་ཕུལ་བ་དགྱེས་བཞེས་གནང་ཡོད་པ་མ་ཟད། སློབ་ཕྲུག་དང་གསར་འགོད་པ་སྐོར་ཞིག་ལའང་མཇལ་ཁ་བསྩལ་ཡོད་འདུག་ཀྱང་། བཀའ་སྤྱི་གཉིས་ཀྱི་ངང་སྒུག་ཀྱི་ཐད་ལ་གྲགས་འགུལ་མེད་པར་མུ་མཐུད་ལྷག་པ་དེས་མང་ཚོགས་ལ་ཐུགས་འཚབ་སྔར་ལས་ཆེ་རུ་ཕྱིན་ཡོད།

ཉིན་འགའི་སྔོན་ལ་ངོ་དེབ་སོགས་སྤྱི་ཚོགས་བརྒྱུད་ལམ་ཁག་ཅིག་ནང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ལ་༧གོང་ས་མཆོག་གིས་མཇལ་ཁ་གནང་ཡོད་པ་དང་། མཇལ་ཁ་གྲུབ་ཏེ་ཕྱིར་ལོག་ཁར་སྲིད་སྐྱོང་ལ་བསྟོད་བསྔགས་གནང་ཡོད་ཚུལ་ཞིག་ཤུགས་ཀྱིས་བསྒྲགས་ཏེ་འུད་ཀྱིས་བརྗོད་ཡོད་མོད། བཀའ་སྤྱི་གཉིས་ཀྱི་ཟུར་མཇལ་ལན་དུ་དམངས་གཙོའི་ཀ་བ་གསུམ་ལ་ནང་མཇལ་ཞིག་གནང་ཡོད་པ་དངོས་ཡོད་རེད་ལ། མཇུག་ཏུ་མི་མང་གི་མཐོང་སར་ཟོལ་གྱི་བསྟོད་བསྔགས་ཤིག་ཕུལ་ཡོད་པའང་བདེན་ཚོད་འདུག་མོད། ནང་མཇལ་དངོས་གཞིའི་སྐབས་སུ་སྲིད་སྐྱོང་མཆོག་ལ་ཅི་ཞིག་གསུངས་པ་དང་ཇི་ལྟར་གསུངས་བ་སོགས་ནི་སྤྱི་འཐུས་རྒྱུན་ལས་ཚོས་ཀྱང་གསན་མ་ནུས་པར་གྲང་གསེང་གཏོང་དགོས་ཐུག་འདུག

 

བསྐྱར་བཅོས།: ༢༠༡༦/༠༥/༡༧

Leave a Reply