འཕྲོད་བསྟེན་ལ་བདག་པོ་རྒྱག་རོགས།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༩༩ སྟེང་གི་རྩོམ་སྒྲིག་པའི་གཏམ།

བཀའ་ཤག་གིས་བཙན་བྱོལ་བོད་མིའི་འཕྲོད་བསྟེན་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་དམིགས་བསལ་ཚོགས་ཆེན་ཞིག་ཚོགས་སོང་། འདི་ཡག་པོ་རེད། འགན་འཁུར་གྱི་རྣམ་པ་ཙམ་ཡིན་ཡང་། འགན་འཁུར་ཕྲག་པར་ལེན་པའི་དུས་ཚོད་འཕྱི་དྲགས་ཡོད། བཙན་བྱོལ་སྤྱི་ཚོགས་ཀྱི་འཕྲོད་བསྟེན་གནས་སྟངས་སྐྱོ་ནས་སྐྱོ་ཚོད་མེད་སར་ལྷུང་ཡོད། ཤི་ཐག་གསོན་ཐག་ཆོད་པའི་རྗེས་ལ་གཞི་ནས་༧གོང་ས་མཆོག་གི་བཀའ་སློབ་ཅིག་ལ་རྐྱེན་བྱས་ཏེ་འཐོམ་སངས་ཡོད། སློབ་གྲྭ་དང་དགོན་སྡེ་ཁག་ནང་ད་བར་ང་ཚོ་སྐྱབས་བཅོལ་བ་ཡིན་པ་དང་། རྒྱལ་ཁབ་དང་ལུང་པ་ཡོད་མཁན་ཚོ་དང་བསྡུར་ཐབས་མེད་སྐོར་བཤད་ནས་ཉི་མ་འཁྱོལ་ཐབས་བྱས་པ་རེད།

ངས་ང་རང་གིས་མཐོང་ས་དང་མྱངས་ས་ནས་ཞུས་ཆོག ང་ཉིས་སྟོང་གཉིས་གསུམ་ལོར་གསོག་སྒར་སློབ་གྲྭར་འབྱོར་སྐབས། སློབ་ཕྲུག་ལྔ་བརྒྱ་དྲུག་བརྒྱ་ཞིག་འདུག སློབ་གྲྭའི་ལྕག་ཤོག་ནད་ཞབས་ཁང་དུ་ནད་པ་བཅུ་གྲངས་ཤིག་རྒྱུན་སྡོད་རེད། ན་ཚའི་གནས་བབ་ལྕི་བའི་ནད་པ་ཉི་ཤུ་སུམ་བཅུ་ཞིག་ཅཱན་དྷི་སྒར་སྨན་ཁང་དུ་བསྐྱལ་འདུག ཅུང་ཡང་བའི་ནད་པ་བཅུ་གྲངས་ཤིག་འཛིན་གྲྭར་འགྲོ་མི་དགོས་པར་སོ་སོའི་ཉལ་ཁང་དུ་བཞག་འདུག ཉི་མ་རེ་རེའི་སྔ་དགོང་གཉིས་ལ་སློབ་གྲྭའི་སྨན་ཁང་སྒོ་ཁར་སྨན་ལེན་མཁན་བང་རིང་པོ་རེ་སྒྲིག་ཡོད་ལ། དྷ་ས་བདེ་ལེགས་སྨན་ཁང་དང་སྨན་རྩིས་ཁང་གཉིས་ལ་ཉིན་ལྟར་ནད་པ་བཅུ་ནས་ཉི་ཤུའི་བར་གཏོང་གི་འདུག

སློབ་མ་ཡོངས་ཀྱི་བརྒྱ་ཆའི་བརྒྱད་ཅུ་ནས་དགུ་བཅུས་སྨན་བཟའ་བཞིན་ཡོད་ལབ་ཀྱང་ཐལ་མེད། ནད་པ་བརྒྱ་ཆའི་ལྔ་ཅུ་ནས་དྲུག་ཅུ་ཕོ་ཁ་དང་སྙིང་གི་ན་ཚ་རེད་ལ། གློ་གཅོང་དང་མཆིན་ནད་སོགས་ཀྱང་མང་པོ་འདུག ལོ་ལྟར་ཕྱི་ཟླ་བདུན་པ་བརྒྱད་པའི་རྒྱ་གར་གྱི་ཆར་དུས་བསླེབས་པ་དང་མཉམ་དུ། གསོག་སྒར་སློབ་གྲྭའི་གྲོད་ཁོག་བཤལ་བའི་དུས་ཚོད་ཀྱང་བསླེབས་འདུག མཚམས་ལ་རེར་སློབ་ཕྲུག་མང་པོར་དུས་མཉམ་དུ་བཤལ་སྐྱུག་དང་ཚ་བ་འཕར་བ་སོགས་ཀྱི་གནས་ཚུལ་ཡོང་གི་ཡོད། ཐེངས་ཤིག་ཉིན་བཅུ་གྲངས་ནང་སློབ་ཕྲུག་སུམ་བརྒྱ་ལྷག་སྨན་ཁང་དུ་འགྲོ་དགོས་བྱུང་བའི་གནས་ཚུལ་རྒྱ་གར་གསར་ཤོག་ཐོག་ཐོན་ཡོད།

གསོག་སྒར་སློབ་གྲྭའི་འཕྲོད་བསྟེན་གནས་སྟངས་འདི་རེད། འདི་ངས་སྒྲོ་འདོགས་བྱས་མིན། སྐབས་དེའི་སློབ་ཕྲུག་ལྔ་བརྒྱ་དྲུག་བརྒྱའི་སེམས་ནང་གསལ་གསལ་ཐང་ཐང་ཡོད། སྤྱིར་གསོག་སྒར་སློབ་ཕྲུག་ཚོ་བོད་ནས་གསར་དུ་འབྱོར་བ་ཡིན་སྟབས། གནམ་གཤིས་དང་ས་ཆུའི་དཀའ་ངལ་ཕྲན་བུ་ཡོད་སྲིད་ཀྱང་། སྐབས་དེའི་ནད་པ་མང་ཆེ་བ་གནམ་གཤིས་དང་ས་ཆུའི་འཕྲོད་སྦྱོར་ལ་འབྲེལ་བ་དེ་ཙམ་མེད། སྐབས་ཐོག་གི་སློབ་གྲྭའི་འཕྲོད་བསྟེན་བདག་སྐྱོང་དང་ནད་གཞི་སྔོན་འགོག་གི་འཐུས་ཤོར་རེད། གནས་ཚུལ་འདི་འདྲ་དྷ་ཤོད་སློབ་གྲྭ་དང་སུ་ཇཱ་སློབ་གྲྭ་སོགས་སུའང་བྱུང་མྱོང་ཡོད།

འཛིན་སྐྱོང་གི་ངོས་ནས་མིག་མདུན་གྱི་ནད་པ་ཚོར་སྨན་བཅོས་བྱེད་པ་ཙམ་ལས། དུས་རྒྱུན་གྱི་ནད་ཚ་སྔོན་འགོག་དང་བདེ་ཐང་མཛུབ་སྟོན་ཐོག་ལས་འགུལ་ལམ་སྟོན་ཐེངས་གཅིག་ཀྱང་སྤེལ་བ་དྲན་གྱི་མི་འདུག་ཀྱང་། གཞིས་ཆགས་ཁག་ཏུ་ཅུང་ཛ་དྲག་གི་ངོ་བོར་འགྱུར་བཞིན་ཡོད་ཀྱང་། གསོག་སྒར་སློབ་གྲྭར་དྲི་ཙམ་ཡང་མི་བྲོ་བའི་གཉེན་ནད་རེག་དུག་ཐོག གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་གིས་ཟབ་སྦྱོང་རེ་གཉིས་སྤྲད་པ་དྲན་གྱི་འདུག འཕྲོད་བསྟེན་སྔོན་འགོག་དང་བདེ་ཐང་བདག་མེད་ཀྱི་གནས་སྟངས་འདི་གསོག་སྒར་ཙམ་མ་རེད། བཙན་བྱོལ་བོད་མིའི་སློབ་གྲྭ་གཞན་དག་དང་དགོན་སྡེ་ཁག རྒན་གསོ་ཁང་སོགས་གཅིག་མཚུངས་རེད་ལ།་ཁ་ཤས་འདི་ལས་ཀྱང་སྐྱོ་རབས་འདུག་གོ།

བསྐྱར་བཅོས།: ༢༠༡༦/༠༦/༠༢

Leave a Reply