ཁྱི་རྐུན་འོ་ཟངས་ཁ་ནས་འཆམ།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༧༠༢ སྟེང་གི་རྩོམ་སྒྲིག་པའི་གཏམ།

སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་དང་པོའི་ལས་ཉིན་གཉིས་པའི་ཕྱི་དྲོར། སྤྱི་འཐུས་ནང་ཁུལ་གྱི་བཞུགས་མོལ་ཚོགས་འདུ་བསྐོངས་སོང་། གསར་དུ་བདམས་འཐོན་བྱུང་བའི་ཚོགས་གཙོ་དང་གཞོན་གཉིས་ཀྱིས། ད་རེབ་བཞུགས་མོལ་ཚོགས་འདུར་གྲོས་གཞི་གཙོ་བོ་གསུམ་ཡོད། སྐབས་བཅུ་དྲུག་པའི་སྤྱི་འཐུས་རྣམས་ས་གནས་ལ་འཚམས་གཟིགས་དང་རྟོག་ཞིབ་ཏུ་སྐྱོད་ཕྱོགས། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་སྐོང་སྟངས་སོགས་ཡིན་ཟེར།

སྐབས་དེར་ཚོགས་གཙོ་མཆོག་གིས་སྤྱི་འཐུས་རྣམས་ས་གནས་སུ་སྐྱོད་སྐབས། ད་ལོའི་འོས་བསྡུའི་ལས་རིམ་ནང་གི་གླེང་རྙོག་དང་། ལྷག་པར་དུ་ད་རེབ་གྲོས་ཚོགས་ནང་གི་གནས་ཚུལ་ཁག་ཅིག་ཐོག མི་མང་ནང་དོགས་པ་དང་དྲི་བ་མང་པོ་འོང་རྒྱུ་ཡིན་པ་གཏན་ཁེལ་ཡིན་སྟབས། སྤྱི་འཐུས་རྣམ་པ་ས་གནས་སུ་སྐྱོད་སྐབས་དེ་དག་ལ་གསལ་བཤད་ལན་འདེབས་གསལ་བོ་དང་། མི་མང་ནང་འཁྲུག་རྐྱེན་མ་ཐེབས་པ་ཞིག་བཟོ་དགོས་པ་ཧ་ཅང་གལ་ཆེན་ཡིན་ཟེར། སྐབས་དེར་སྤྱི་འཐུས་རྒན་པ་གཞན་ཞིག་གིས་ཀྱང་། ནམ་རྒྱུན་གྲོས་ཚོགས་ནང་ཕར་བཤད་ཚུར་བཤད་ཡོང་གི་ཡོད་ཀྱང་། རྩ་བའི་ཆ་ནས་སྤྱི་འཐུས་ཚང་མ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་གྱི་རྣམ་པ་སྟོན་དགོས་ཟེར། དེ་ལ་སྤྱི་འཐུས་ཚང་མས་ཀྱང་མགོ་བོ་ལྕོག་ལྕོག་གནང་སྟེ་ཧ་ཅང་མོས་མཐུན་གྱི་རྣམ་འགྱུར་བསྟན་སོང་།

དེ་བཞིན། གྲོས་ཚོགས་ལས་ཉིན་གཉིས་པའི་སྔ་དྲོའི་གསོལ་ཇའི་བར་གསེང་སྐབས། སྤྱི་འཐུས་གསར་པ་ཞིག་གིས་སྤྱི་འཐུས་རྒན་པ་ཞིག་ལ་ཁོ་རང་གི་སེམས་ཚོར་བརྗོད་དོན། ཁྱེད་ཅག་རྒན་པ་ཚོས་ང་ཚོ་གསར་པ་ཚོར་མིག་དཔེ་ཡག་པོ་བསྟན་མ་སོང་། ཡིན་ནའང་གྲོས་ཚོགས་ར་བའི་ནང་ཁྱེད་ཅག་གིས་རྩོད་པ་ཆེན་པོ་རྒྱག་གི་ཡོད་ཀྱང་། གྲོས་ཚོགས་གྲོལ་བའི་རྗེས་ལ་ཚང་མར་སྣང་བ་རྣམ་རྟོག་གང་ཡང་མེད་པར། ཕན་ཚུན་ཧ་ཧ་ཧོ་ཧོ་དང་འཆམ་པོ་མཐུན་པོ་བྱས་ཏེ་སྡོད་པ་དེ་ཧ་ཅང་ཡག་པོར་མཐོང་སོང་ཟེར།

གནས་ཚུལ་འདི་ཕྱོགས་གཅིག་ནས་ཧ་ཅང་བདེན་པ་རེད། གྲོས་ཚོགས་ར་བའི་ནང་ཕན་ཚུན་ལ་ཚིག་མཚོན་འདེབས་རེས་བྱས་ཏེ་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་ལྟ་བུའི་རྣམ་པ་ཞིག་ཡོད་ཀྱང་། གྲོས་ཚོཊ་བར་གསེང་སྐབས་དང་གྲོས་ཚོགས་གྲོལ་བའི་རྗེས་ལ་སྤྱི་འཐུས་རྣམས་འཆམ་ཐག་ཆོད་འདུག ཁ་ཁོག་མེད་པའི་རྣམ་པས་ཕན་ཚུན་ལ་ཁ་མཚར་ཀུ་རེ་རྩེད་པ་མ་ཟད། གྲོས་ཚོགས་ནང་ཚིག་མཚོན་འདེབས་རེས་བྱེད་མཁན་དོ་བདག་གཉིས་ཀྱིས་ཀྱང་། གཅིག་གིས་གཅིག་གི་ཕྲག་པར་ལག་པས་བརྡབ་བཞིན། ད་གིན་ཁྱོད་ཀྱིས་ང་ལ་ནག་པོ་ཞེ་དྲགས་ལབ་སོང་དཱ། ཟེར་བ་སོགས་རྩེད་མོ་རྩེད་བཞིན་པ་ངས་ཀྱང་དངོས་སུ་མཐོང་།

ཕྱོགས་གཞན་ཞིག་ནས་ཉེ་ལམ་འོས་བསྡུའི་ནང་ཕྱོགས་རེས་འཐེན་འཁྱེར་གང་བྱུང་བ་དང་། ལྷག་པར་དུ་ཐེངས་འདིའི་གྲོས་ཚོགས་ནང་ཚོགས་གཙོ་གཞོན་འདེམས་སྟངས་དང་། བཀའ་བློན་བསྐོ་བཞག་སྐོར་གྱི་སྐྱུག་བྲོ་པའི་གནས་ཚུལ་རྣམས་སུས་ཀྱང་འགེབས་ཐུབ་མེད། ༧གོང་ས་མཆོག་གིས་བསྟན་པ་མགོ་ནས་བཤིག་གསུངས་པ་ལྟར། ང་རང་ཚུད་པའི་མགོ་ནས་སྡོད་མཁན་ཚོས་རྐང་བཙུགས་ཏེ་མི་མང་ལ་མགོ་སྐོར་གཏོང་གི་ཡོད་པ་རེད་དམ། གྲོས་ཚོགས་རྭ་བའི་ནང་གི་གནས་ཚུལ་ཁག་བརྙན་འཕྲིན་བརྒྱུད་མི་མང་གིས་ཐད་ཀར་མཐོང་གི་ཡོད་སྟབས། མི་མང་གིས་མཐོང་ས་རུ་ཆོལ་ཁ་ཆོས་ལུགས་འཐེན་འཁྱེར་བྱས། མི་མང་གིས་མི་མཐོང་ས་ནས་ཁྱོད་བཟང་ང་བཟང་དང་། ཁྱོས་མི་ཟ་ན་ངས་མི་འཐུང་བྱེད་པ་འདི་ ‘ཁྱི་རྐུན་འོ་ཟངས་ཁ་ནས་འཆམ’ ཞེས་པའི་དཔེ་ལྟར། སོ་སོའི་ཁེ་ཕན་ཁོ་ནའི་ཆེད་དུ་མི་མང་ནང་བསམ་གཟས་ནས་འགལ་རྐྱེན་བཟོ་བ་དང་འཁོན་ཁ་གཏུག་གི་ཡོད་པ་རེད་དམ། འདི་སོ་སོའི་སྐབས་དེའི་སེམས་ཚོར་དངོས་ཡིན་ལ་མི་མང་གིས་དགོངས་པ་བཞེས་དགོས་པའི་གནད་ཀྱང་འདི་ཡིན་ནོ།།

བསྐྱར་བཅོས།: ༢༠༡༦/༠༦/༣༠

Leave a Reply