དུས་དབང་སྐབས་མི་འབུམ་ ༤ འདུ་རྒྱུར་ཚོད་རྩིས་བྱས་ཡོད།

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ པ་ཐོག བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་བཅས་ལྷན་འཛོམས་ཐོག ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༣ ནས་ ༡༤ བར་དུ། གནས་མཆོག་རྡོ་རྗེ་གདན་དུ་གནང་གཏན་འཁེལ་བའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་གོ་སྒྲིག་ག་འདྲ་གནང་བཞིན་ཡོད་པའི་སྐོར་ནས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་སོང་། ལྷན་ཚོགས་ཐོག་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ནས་ཐེངས་འདིའི་དུས་དབང་སྐབས་དད་ལྡན་ཆོས་ཞུ་བ་འབུམ་ ༤ ཙམ་འདུ་བའི་ཚོད་རྩིས་གྲངས་འབོར་ས་གནས་རྒྱ་གར་གཞུང་ལ་ཕུལ་ཡོད་སྐོར་གསུངས་སོང་།

unnamedགསར་འགོད་ལྷན་ཚོགས་ཐོག་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ནས་དུས་དབང་གོ་སྒྲིག་གནང་ཕྱོགས་སྐོར་ངོ་སྤྲོད་གནང་སྐབས། བཀའ་ཤག་གསར་པའི་ངོས་ནས་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡ ནས་བཟུང་དུས་དབང་གོ་སྒྲིག་གི་ལས་གཞི་མགོ་བརྩམས་ཏེ་འགྲོ་མུས་ཡིན་ལ། ལས་དོན་གཙོ་བོ་རྒྱ་གར་དབུས་ས་གཉིས་ཀྱི་གཞུང་ལ་འབྲེལ་བ་ཞུས་ཏེ་མཐུན་འགྱུར་དང་སྐྱབས་འཇུག་ཞུ་དགོས་པ་ཚང་མ་ཞུས་ཡོད་ལ། ལྷག་པར་དུ་༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཕྱྭའི་སྲུང་སྐྱོབ་དང་ཆོས་ཞུ་བའི་བདེ་འཇགས་ཐད་བདེ་སྲུང་ལས་ཁུངས་ཀྱིས་གཙོ་འགན་འཁུར་ཏེ། འབྲེལ་ཡོད་རྒྱ་གར་གཞུང་གི་སྐོར་སྲུང་བ་དང་མཉམ་དུ་ལས་བགོས་བྱས་པའི་ཐོག་ནས་སྔར་ལྷག་གོ་སྒྲིག་གནང་བཞིན་ཡོད་པ་དང་། དེ་བཞིན་གྲ་སྒྲིག་ཚོགས་ཆུང་མི་འདྲ་བ་ཟུར་དུ་ཆེད་འཛུགས་ཀྱིས་གཙང་སྤྱོད་ཡན་ཆད་ཀྱི་མཐུན་རྐྱེན་གང་ཡོང་གོ་སྒྲིག་གནང་བཞིན་ཡོད་པ་དང་། ཆོས་ཞུ་བར་སྟབས་བདེ་ཡོང་ཆེད་གསུང་ཆོས་ར་བའི་སྒོ་ཆེན་དང་སྒོ་ཆེན་གྱི་ལུས་བཤེར་བ་སྔར་ལས་མང་དུ་གཏོང་འཆར་ཡོད་སྐོར་དང་། ཐེངས་འདིའི་དུས་དབང་ཉིན་ ༡༡ རིང་འཆར་ཅན་ལྟར་སྔོན་འགྲོའི་གསུང་ཆོས་དང་དུས་དབང་གི་དངོས་གཞི། ཚེ་དབང་གནང་རྒྱུ་དང་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ། དེ་བཞིན་དུས་དབང་སྐབས་གྲྭ་བཙུན་སྔགས་གསུམ་གྱི་འདུ་ཚོགས་ཆེན་པོ་དང་བསྟུན། ཉིན་རེའི་གསུང་ཆོས་ཐུན་གཉིས་གྲུབ་མཚམས་སུ་རིས་མེད་སྨོན་ལམ་དགྱེས་འཛོམས་ཐུན་གཉིས་རེ་འཚོགས་རྒྱུའི་ལས་རིམ་ཡོད་སྐོར་གསུངས་སོང་།

ཡང་ཁོང་གིས་ཐེངས་འདིའི་དུས་དབང་སྐབས་ཤེས་རིག་ལས་ཁུངས་ཀྱི་ཁོངས་གཏོགས་དྭ་ཕྲུག་དང་ཕ་མ་གཉེན་ཉེ་འགྲམ་དུ་མེད་པའི་ཉམ་ཐག་སློབ་མ། ནང་སྲིད་ལས་ཁུངས་ཀྱི་ཁོངས་གཏོགས་ཉམ་ཐག་རྒན་འཁོགས། ཆོས་རིག་ལས་ཁུངས་ཀྱི་ཁོངས་གཏོགས་གྲྭ་བཙུན་སྔགས་གསུམ་གྱི་མཚམས་བསྙེན་སྒྲུབ་པ། དེ་བཞིན། འཕྲོད་བསྟེན་ལས་ཁུངས་ཀྱི་ཁོངས་གཏོགས་དུས་དབང་ཞུ་འདོད་ཡོད་པའི་དཔལ་འབྱོར་ཐད་ནས་དཀའ་ངལ་ཅན་དང་ནད་པ་བཅས་ཀྱི་མཚན་ཐོ་ལས་ཁུངས་སོ་སོ་ནས་བསྡུས་ཡོང་བ་ཡིན་ན། གོ་སྒྲིག་ཚོགས་ཆུང་ནས་ཕར་ཚུར་གྱི་འགྲོ་གྲོན་གཏོང་རྒྱུ་དང་སྡོད་གནས། ཞལ་ལག་བཅས་གོ་སྒྲིག་གནང་རྒྱུ་ཡིན་སྐོར་གསུངས་སོང་།

ཐེངས་འདིའི་དུས་དབང་ཐེངས་ ༣༤ པ་གོ་སྒྲིག་དང་སྦྱིན་བདག་གནང་མཁན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཡིན་པ་དང་། དགའ་ལྡན་ཕོ་བྲང་ལ་སྙན་ཞུ་ཕུལ་བ་ལྟར་སྦྱིན་བདག་གི་གྲས་སུ་བོད་གཞིས་བྱེས་གཉིས་སུ་ཡོད་པའི་མགོ་ལོག་ཨ་སྐྱོང་ཁང་གསར་སྡེ་བའི་སེར་སྐྱ་མི་མང་གི་གཙོས་པའི་བཙན་བྱོལ་དུ་ཡོད་པའི་སྒེར་བ་དང་ཁྱིམ་ཚང་ ༢༠ ཡོད་པ་དང་། དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། བདེ་སྲུང་བཀའ་བློན་མཆོག་དང་འཕྲོད་བསྟེན་བཀའ་བློན་མཆོག དེ་བཞིན་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་བཅས་ཚོགས་གཞོན་དང་། གོ་སྒྲིག་ཚོགས་ཆུང་གི་ཚོགས་མིའི་ཁོངས་སུ་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་གཅིག འབྲེལ་ཡོད་ཆོས་རིག་ལས་ཁུངས་དང་བདེ་སྲུང་ལས་ཁུངས་། དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ་རྣམ་པ་གསུམ་བཅས་ཡོད་ཅིང་། གོ་སྒྲིག་ཚོགས་ཆུང་གི་འོག་ཏུ་སྡོད་གུར་དང་ཆུ། གློག ཟས་རིགས། ཁོར་ཡུག་གཙང་སྦྲ། དངུལ་གཏོང་ཡོང་དང་འབྲེལ་བའི་རྩིས་སོགས་ལ་ཚོགས་ཆུང་མི་འདྲ་བ་ཆེད་དུ་ཟུར་འཛུགས་གནང་ཡོད་པ་ལྟར། ཆོས་ཞུ་བའི་སྡོད་གུར་གྲ་སྒྲིག་ཚོགས་ཆུང་ནས་ད་ལྟའི་ཆར་སྡོད་གུར་ ༡༥༠༠ ནས་ ༢༠༠༠ བར་གྲ་སྒྲིག་གནང་རྩིས་ཡོད་པ་དང་། རྗེས་མ་དགོས་མཁོ་བྱུང་ཚེ་གན་རྒྱ་ལྟར་མངག་ཆོག་པ་དང་། གྲ་སྒྲིག་བྱས་པའི་སྡོར་གུར་དང་ཤིང་ཁང་(Plywood Room)རིགས་མི་འདྲ་བ་བཞི་ཡོད་པ་དང་། སྡོད་ཁུར་དང་ཤིང་ཁང་རིགས་ག་རེ་དགོས་ནའང་དོ་བདག་སོ་སོས་ས་གནས་མགོ་འཛིན་ལས་ཁུངས་སུ་ཐོ་འགོད་བྱེད་དགོས་པ་དང་། ས་གནས་མགོ་འཛིན་ལས་ཁུངས་ནས་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༠ འགྱངས་མེད་དུས་དབང་སྡོད་གུར་གྲ་སྒྲིག་ཚོགས་ཆུང་ལ་ཕུལ་རྗེས། ས་གནས་མགོ་འཛིན་ལས་ཁུངས་བརྒྱུད་དོ་བདག་སོ་སོར་སྡོད་གུར་ངམ་ཡང་ན་ཤིང་ཁང་གི་ཨང་གྲངས་(Tent Number)གཏོང་ཡོང་གི་ཡོད་འདུག

སྡོད་གུར་གྱི་རྣམ་གྲངས་དང་གུར་གླའི་རེའུ་མིག

Fresh

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༤/༢༡

Leave a Reply

2 thoughts on “དུས་དབང་སྐབས་མི་འབུམ་ ༤ འདུ་རྒྱུར་ཚོད་རྩིས་བྱས་ཡོད།