གཞིས་ཆགས་སྲ་བརྟན་གལ་ཆེ། གསར་འབྱོར་འཚོ་རྟེན་གནད་ཆེ།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༧༡༥ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཞོགས་པ་ཞིག་ལ་དྷ་སའི་གྲོང་གསེབ་ཀྱི་རྒྱ་གར་ཁང་ལེབ་ཅིག་གི་སྒོ་ཁར། བོད་ནས་དུས་འཁོར་དབང་ཆེན་ལ་ཡོང་བའི་རྨོ་མོ་ཞིག་དང་། ལོ་བཅུ་གྲངས་གོང་ནས་རྒྱ་གར་ནང་བསླེབས་པའི་མོ་རང་གི་བུ་ག་གེ་མོས་ཁ་བརྡ་བྱེད་བཞིན་འདུག རྨོ་མོས་ “ཁྱོད་རང་གི་ཁང་པ་འདི་སུ་ཡི་རེད།” ཅེས་དྲིས། བུས་ “རྒྱ་གར་བའི་རེད། ཁང་གླ་སྤྲོད་དགོས་པ་རེད།”ཟེར། རྨོ་མོས་ཐོད་པར་ལག་པ་ཀེར་ནས་ཡར་མར་ལ་ལྟ་ཙམ་བྱས་ཏེ། “ཕ་གའི་ཁང་བརྩེགས་དེ་དག་སུ་ཡི་རེད།” ཅེས་དྲིས། བུས་མགོ་བོ་འཕྲུག་བཞིན་ “ཨ་མ། ད་ནང་དུ་འགྲོ་ནས་ཞོགས་ཇ་ཟ།” ཞེས་ཨ་མའི་ལག་མགོར་འཇུས་ཏེ་ནང་དུ་ཕྱིན་སོང་ཟེར། འདི་ད་ལོའི་དྷ་རམ་ས་ལའི་དངོས་སྒྲུང་ཞིག་རེད།

སྔོན་ཆད་དགུ་བཅུ་གོ་གྲངས་ནང་བོད་ནས་ཡོང་མཁན་གསར་འབྱོར་ཧ་ཅང་མང་བ་དང་། གསར་འབྱོར་མང་པོ་ཞིག་བོད་ནས་སློབ་གྲྭར་འགྲོ་མྱོང་མེད་པ་དང་ཕྱིའི་སྐད་ཡིག་མི་ཤེས་པ། དེ་བཞིན། སྤྱོད་པའང་རྩུབ་པོ་ཡོད་པ་སོགས་ལ་བརྟེན་ཏེ། གསར་འབྱོར་ཀཱ་ཅཱ་ཞེས་མིང་ཞིག་བཏགས་ཡོད། ད་དུང་གསར་འབྱོར་ཚོས་བཙན་བྱོལ་སྤྱི་ཚོགས་གཏོར་བཤིག་གཏོང་སྲིད་པའི་ཉེན་ཁ་ཡོད་སྐོར་བཤད་མཁན་ཡང་བྱུང་ཡོད་ལ། སྒྲིག་འཛུགས་རང་ངོས་ནས་ཀྱང་གསར་འབྱོར་ཚོ་ཤེས་རབ་དགའ་ཚལ་སློབ་གླིང་ནས་ཐོན་རྗེས་ཕྱིར་བོད་དུ་ལོག་དགོས་པའི་སྲིད་བྱུས་བཟུང་བ་རེད།

ད་ལྟ་བོད་ནས་ཡོང་མཁན་ཇེ་ཉུང་དུ་ཕྱིན་པ་དང་། སྔར་བོད་ནས་ཡོང་བ་ཚོའང་ཕྱིར་བོད་དུ་ལོག་པ་དང་ཕྱི་རྒྱལ་ཁག་ཏུ་ཕྱིན་ཏེ་རྒྱལ་སྤྱིའི་ཐོག་གི་བོད་དོན་དོ་སྣང་ཆུང་དུ་ཕྱིན་ཞིང་། སྐྱབས་བཅོལ་བོད་མིའི་གཞིས་ཆགས་དང་སློབ་གྲྭ། དགོན་སྡེ་ཁག་གི་མི་འབོར་ཡང་ཇེ་ཉུང་དུ་ཕྱིན་ཏེ། ཕྱི་རྒྱལ་རོགས་ཚོགས་ཁག་གི་རྐུབ་དོ་ཕྱི་ལ་རྒྱོང་བཞིན་པའི་སྐབས་འདིར། སྔོན་ཆད་གསར་འབྱོར་མང་དྲགས་ཏེ་བཙན་བྱོལ་སྤྱི་ཚོགས་གཏོར་བཤིག་གཏོང་སྲིད་པའི་སེམས་ཚབ་དེ། ད་ལྟ་གསར་འབྱོར་ཉུང་དྲགས་ཏེ་བཙན་བྱོལ་སྤྱི་ཚོགས་ཐོར་ཞིག་ཏུ་འགྲོ་སྲིད་པའི་སེམས་ཚབ་གསར་བའི་ངོ་བོར་འཕེལ།

ཉེ་ལམ་སྤྱི་འཐུས་གྲོས་ཚོགས་ནང་གི་གླེང་གཞི་ཆེ་ཤོས་གཅིག་དྷ་རམ་ས་ལའི་གསར་འབྱོར་ཚོར་ཁང་པ་མེད་པའི་སྐོར་རེད། གནད་དོན་འདི་སྤྱི་འཐུས་མང་པོ་ཞིག་གིས་ཚོར་ཤུགས་ཆེན་པོས་གླེང་ཡོད་ལ། སྲིད་སྐྱོང་མཆོག་ལ་སྐར་རྟགས་ཅན་གྱི་དྲི་བའང་བཏང་སོང་མོད། སྲིད་སྐྱོང་མཆོག་གིས་གྲོས་ཚོགས་ལ་འགན་འཁུར་རང་བཞིན་གྱི་ལན་འདེབས་ཤིག་གནང་མེད་པ་མ་ཟད། ནང་སྲིད་བཀའ་བློན་མཆོག་གིས་ཀྱང་དྷ་རམ་ས་ལའི་གསར་འབྱོར་ཚོར་ཁང་པ་རྒྱག་སའི་ས་ཆ་མེད་པ་མ་ཟད། ཁང་པ་རྒྱག་པར་རོགས་དངུལ་ཡང་འཚོལ་ཐབས་མེད་སྐོར་གསུངས་སོང་ལ། དྷ་རམ་ས་ལར་གསར་འབྱོར་དྲུག་བརྒྱ་ལྷག་ཡོད་ཟེར་བ་དེར་ཡིད་ཆེས་ཀྱང་དེ་ཙམ་མེད་པའི་རྣམ་འགྱུར་བསྟན་ཡོད།

དྷ་རམ་ས་ལར་གསར་འབྱོར་ཆིག་སྟོང་ལས་ཀྱང་བརྒལ་བ་གངས་སྐྱིད་ལས་ཤག་ནང་སྡོད་མཁན་སྐུ་ངོ་ཚོར་ཆ་རྒྱུས་མེད་སྲིད་ཀྱང་། དྷ་སའི་རི་སྒང་ན་ཟླ་བ་རེ་རེ་བཞིན་རུ་སྤོ་བཞིན་པའི་གསར་འབྱོར་ཀཱ་ཅཱ་ཚོའི་སེམས་ནང་གསལ་བོ་ཡིན་ལ། ལོ་ལྟར་དཔལ་འབྱོར་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་བང་མཛོད་ནང་ཧིན་སྒོར་དུང་ཕྱུར་མང་པོ་ཡོད་པའི་རྩིས་ཁྲ་འདོན་བཞིན་པ་དང་། སྲིད་སྐྱོང་མཆོག་གིས་ཀྱང་མ་འོངས་ལོ་ལྔའི་ནང་བོད་མི་སྐྱབས་བཅོལ་བའི་ཆེད་དུ་ཨ་སྒོར་ས་ཡ་ཉེར་གསུམ་ཡོང་གི་ཡོད་སྐོར་ཡང་ནས་ཡང་དུ་གསུང་གིན་གསུང་གིན། གསར་འབྱོར་ཚོར་ཁང་པ་རྒྱག་པར་རོགས་དངུལ་རེག་ཐབས་མེད་སྐོར་གསུངས་པ་དེ་གསར་འབྱོར་ཙམ་མ་རེད། གཞིས་ཆགས་ཚོ་ལའང་འགྲེལ་བཤད་ཇི་ལྟར་རྒྱག་རྒྱུ་ཡིན་ནམ།

གསར་འབྱོར་མང་ཤོས་དྷ་རམ་ས་ལ་ཡིན་ལ། ཁང་གླ་དང་ཟས་སོང་ཆེ་ཤོས་ཀྱང་དྷ་རམ་ས་ལ་ཡིན་མོད། སྲིད་སྐྱོང་མཆོག་གིས་ཁང་པ་མེད་མཁན་གསར་འབྱོར་ཙམ་མ་རེད། གཞིས་ཆགས་ཁག་དུའང་ཁང་པ་མེད་མཁན་དང་ཕོར་བ་འཁྲུ་མཁན་མང་པོ་ཡོད་ཚུལ་དང་། དྷ་རམ་ས་ལར་གསར་འབྱོར་གྲོད་ཁོག་རྒྱག་གི་མེད་མཁན་ཡོད་ན་ཤེས་རབ་དགའ་ཚལ་སློབ་གླིང་ལ་སོང་ཟེར། གསར་འབྱོར་ཚོར་བདག་པོ་རྒྱག་རྒྱུ་ཆབ་སྲིད་དང་བཟང་སྤྱོད་གཉིས་ཐད་ནས་གལ་ཆེན་ཡིན་ཡང་། ད་བར་གཞིས་ཆགས་སྲ་བརྟན་གསུང་མཁན་མང་བ་ལས། གསར་འབྱོར་འཚོ་རྟེན་གསུང་མཁན་ཉུང་ཉུང་ཡིན།

གལ་སྲིད་བོད་མིའི་སྒྲིག་འཛུགས་ཀྱིས་གསར་འབྱོར་ཚོར་ཁང་པ་རྒྱག་མ་ཐུབ་ཀྱང་ཁང་དོད་སྤྲོད་ཆོག་ལ། ལས་ཀ་སྤྲོད་མ་ཐུབ་ཀྱང་འཕྲོད་བསྟེན་སྨན་ཡོན་དང་ཕྲུ་གུའི་སློབ་ཡོན་ཕུལ་ཆོག དེའང་བོད་མིའི་སྒྲིག་འཛུགས་ཀྱིས་མི་ནུས་ན་ཕྱི་རྒྱལ་རོགས་ཚོགས་ཁག་ལ་ཞུས་དང་། གསར་འབྱོར་ཚོར་ཁང་པ་རྒྱག་པར་རོགས་དངུལ་མི་རེག་ཀྱང་། ཤེས་ཡོན་དང་འཕྲོད་བསྟེན་ཐོག་རོགས་དངུལ་རེག་ངེས་ཡིན།

བསྐྱར་བཅོས།: ༢༠༡༦/༡༡/༠༥

Leave a Reply