ཆབ་སྲིད་བཙོན་ཟུར་ཚེ་མགོན་རྒྱལ་བསྐྱར་དུ་འཛིན་བཟུང་བྱས་འདུག

རྒྱ་ནག་གཞུང་གི་ལས་བྱེད་དང་གསར་འགོད་པ་ཟུར་བ་ཚེ་མགོན་རྒྱལ་ལགས་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཟེར་བས་བསྐྱར་དུ་འཛིན་བཟུང་བྱས་ཏེ་ཁོང་གི་ནང་མི་ཚོར་ཐུག་འཕྲད་བྱེད་བཅུག་མི་འདུག

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༤ བའི་སྟེང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཟླ་འདིའི་ཕྱི་ཚེས་ ༩ ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཟེར་བས། བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚེ་མགོན་རྒྱལ་ལགས་བསྐྱར་དུ་འཛིན་བཟུང་བྱས་ཏེ། རྐང་ཚ་རྫོང་སྤྱི་བདེ་བཀག་ཉར་ཁང་དུ་བཙོན་འཛུགས་བྱས་ཡོད་པ་དང་། ཁོང་གི་ཕ་མ་གཉིས་གཙོས་པའི་ནང་མི་ཚོ་ཁོང་ལ་ཐུག་འཕྲད་བྱེད་དུ་བཅུག་མེད་སྟབས། ད་ཆར་ནང་མི་ཚོས་ཁོང་གི་གནས་སྟངས་ལ་སེམས་འཁྲལ་བྱེད་ཀྱིན་ཡོད་སྐོར་བརྗོད་སོང་།

གསར་འགོད་གསལ་བསྒྲགས་ནང་། ཚེ་མགོན་རྒྱལ་ལགས་ནི་ད་ལྟ་རང་ལོ་ ༥༣ ཡིན་ཞིང་། ཟླ་འདིའི་ཕྱི་ཚེས་ ༩ ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་གིས། ཁོང་མཚོ་བྱང་ཁུལ་མདའ་བཞི་རྫོང་ནས་འཛིན་བཟུང་བྱས་ཏེ་རྐང་ཚ་རྫོང་སྤྱི་བདེ་བཀག་ཉར་ཁང་དུ་བཙོན་འཇུག་བྱས་ཡོད་པ་དང་། རང་ལོ་ ༨༣ ཡིན་པའི་ཁོང་གི་ཕ་ཚེ་ལོ་དང་རང་ལོ་ ༧༩ ཡིན་པའི་མ་ཚེ་དབང་སྐྱིད་གཉིས་གཙོས་ནང་མི་ཚོར་ཁོང་ལ་ཐུག་འཕྲད་བྱེད་དུ་བཅུག་མེད་སྐོར་སོགས་འཁོད་འདུག

ཚེ་མགོན་རྒྱལ་ལམ་རྐང་གཞོང་ཨ་ཚེ་ལགས་ནི། ཕྱི་ལོ་ ༡༩༦༣ ཟླ་ ༨ ཚེས་ ༡༢ ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་འབྲོག་ཁྱིམ་ཞིག་ཏུ་སྐྱེས་ཤིང་། ཁོང་སློབ་ཆེན་མཐར་ཕྱིན་རྗེས་རིམ་པས་ས་གནས་གཞུང་གི་དགེ་རྒན་དང་རྫོང་ཉེན་རྟོག་ལས་ཁུངས་ནང་ཆེད་ལས་ལག་རྩལ་པའི་ཕྱག་ལས་གནང་བ་དང་། སྐབས་དེར་ཁོང་མཚོ་སྔོན་ཞིང་ཆེན་ནང་ཉེན་རྟོག་ཆེད་ལས་ལག་རྩལ་འཛིན་གྲྭའི་ནང་ཡོད་པའི་བོད་པ་ ༤ གྲས་ཀྱི་གཅིག་ཡིན་པ་དང་། ལས་ཞོར་དུ་ཁོང་གིས་༼མཚོ་སྔོན་བོད་ཡིག་གསར་འགྱུར༽དང༼མཚོ་སྔོན་ཁྲིམས་ལུགས་ཚགས་པར༽གཉིས་ཀྱི་གསར་འགོད་པ་ལོ་མང་གནང་བ་དང་ལས་ཞོར་ཕུལ་བྱུང་གསར་འགོད་པའི་རྟགས་མའང་ཐེངས་མང་བླངས་ཡོད་འདུག

ཕྱི་ལོ་ ༡༩༩༩ ལོར་ཁོང་བཙོན་གྲོལ་ཐོབ་རྗེས་རྐང་ཚ་དཀྱིལ་དུ་བཟུང་བའི་མཚོ་བྱང་ས་ཁུལ་གྱི་དབང་བོ་སྐྱོན་ཅན་ལ་སེམས་ཤུགས་དར་སྤེལ་དང་ནུས་པ་སྔོག་འདོན་གྱི་ལས་གཞི་ཞིག་མགོ་བཙུགས་ཡོད་པ་མ་ཟད། རིམ་པས་དབང་བོ་སྐྱོན་ཅན་གྱི་གླུ་གར་ཚོགས་པ་ཞིག་བཙུགས་ཏེ་ཞིང་ཆེན་རིམ་པ་བརྒལ་ནས་རྒྱ་ནག་ནང་འཁྲབ་སྟོན་བྱས་ཡོད་ཀྱང་། ཁོང་ལ་རྒྱ་གཞུང་གིས་འགོག་རྐྱེན་སྣ་མང་བཟོས་སྟབས་ཚོགས་པ་དེ་རྒྱ་གཞུང་ལ་རྩིས་སྤྲོད་བྱེད་དགོས་བྱུང་ཡོད་པ་དང་། ༢༠༡༥ ལོ་ནི་མཚོ་སྔོན་པོའི་གནས་འདུས་ཡིན་སྟབས། མདོ་དབུས་ཁམས་གསུམ་ནས་གནས་བསྐོར་ལ་ཕེབས་མཁན་མང་པོ་ཡོད་སྟབས། ཁོང་གིས་མཚོ་སྔོན་པོའི་ཁར་སྔར་རྒྱལ་དབང་ལྔ་བ་ཆེན་མོ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་དེར་གནས་བསྐོར་བར་༼ཏཱ་ལའི་སྐོམ་ཆུ་༽གཙོས་པའི་ཟས་རིགས་རིན་མེད་དུ་སྤྲད་དེ། མཇལ་སྐོར་བ་ཡོངས་ལ་བོད་པའི་སྔར་སྲོལ་བསྐྱར་དྲན་ལ་སྐུལ་འདེད་བཏང་ཡོད་འདུག

WeChat_1482411826

གསར་འགོད་གསལ་བསྒྲགས་ནང་། ༡༩༩༣ ལོའི་མགོར་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ནས་ཕྱི་སྡོད་གསང་བའི་རྩ་འཛུགས་ལ་ངན་འབྲེལ་བྱས་ཏེ་བོད་རང་བཙན་ཆེད་༼མདོ་སྨད་གཞོན་ནུ་འཆི་ཕོད་ཚོགས་པ་ ༽ཟེར་བ་ཞིག་བཙུགས་པར་ཁ་གཡར་ཏེ། ཚེ་མགོན་རྒྱལ་དང་ཀླུ་མཁར་བྱམས། གནམ་ལོ་ཡག་བཅས་འཛིན་བཟུང་གིས་གསང་བའི་བཙོན་འཇུག་དང་། ༡༩༩༤ ཟླ་ ༧ ཚེས་ ༢༨ ཉིན་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཚེ་མགོན་རྒྱལ་ལ་གསང་མྱུལ་བའི་ཉེས་པ་དང་གསར་བརྗེ་ངོ་ལོག་པའི་ཚོགས་པ་འཛུགས་མཁན་གྱི་ཉེས་འཛུགས་འོག་ལོ་ ༡༦ དང་ཆབ་སྲིད་ཁེ་དབང་ལོ་ ༤  འཕྲོག་པ་དང་། ཀླུ་མཁར་བྱམས་ལ་གསང་མྱུལ་བའི་ཉེས་པ་དང་གསར་བརྗེ་ངོ་ལོག་པའི་ཚོགས་པ་འཛུགས་མཁན་གྱི་ཉེས་འཛུགས་འོག་ལོ་ ༡༧ དང་ཆབ་སྲིད་ཁེ་དབང་ལོ་ ༥ འཕྲོག དེ་བཞིན། གནམ་ལོ་ཡག་ལ་གསང་མྱུལ་བའི་ཉེས་པ་དང་གསར་བརྗེ་ངོ་ལོག་པའི་ཚོགས་པ་འཛུགས་མཁན་གྱི་ཉེས་འཛུགས་འོག་ལོ་ ༡༢ དང་ཆབ་སྲིད་ཁེ་དབང་ལོ ༤ ལ་འཕྲོག་ཡོད་ཀྱང་། དོན་རྐྱེན་དེ་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཐོན་སྟབས་རྒྱལ་སྤྱིའི་སྟེང་ནས་སྐབས་དེའི་རྒྱ་ནག་གཞུང་ལ་གནོན་ཤུགས་རབ་དང་རིམ་པ་སྤྲད་དེ་ལས་འགུལ་ཤུགས་ཆེན་སྤེལ་བ་དང་། ཕྱོགས་གཞན་ཞིག་ནས་ ༡༩༩༧ ལོར་རྒྱ་ནག་གཞུང་གིས་ཧོང་ཀོང་བདེ་ལེགས་ངང་རྩིས་ལེན་བྱེད་སླད་ཁྲིམས་ལུགས་ཁག་ལ་བསྐྱར་བཅོས་དང་༼གསར་བརྗེ་ངོ་ལོག་༽ཟེར་བའི་ཉེས་མིང་དེ་བཞིན་ ༼རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཟོ་བར༽བསྒྱུར་ཡོད་སྟབས། ༼གསར་བརྗེ་ངོ་ལོག་པ་༽ཟེར་བ་དེ་༼རྒྱལ་ཁབ་ཁ་བྲལ་༽ལ་བརྗེ་བསྒྱུར་བྱས་ཡོད་པ་དང་། ལོ་དེའི་དགུན་ཁར་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཚེ་མགོན་རྒྱལ་ལ་རྒྱལ་ཁབ་ཁ་བྲལ་བའི་ཉེས་མིང་འོག་ལོ་  ༦ དང་ཆབ་སྲིད་ཁེ་དབང་ལོ་ ༢ འཕྲོག་པ་ཕ་མ་གཉིས།དང་། གནམ་ལོ་ཡག་ལ་རྒྱལ་ཁབ་ཁ་བྲལ་བའི་ཉེས་པར་ལོ་ ༤ དང་ཆབ་སྲིད་ཁེ་དབང་ལོ་ ༡ འཕྲོག་པ་ ༼སྐབས་དེར་ཀླུ་མཁར་བྱམས་སྨན་བཅོས་སྐབས་བྲོས་བྱོལ་བྱས་ཟིན་༽བཅས་ཀྱི་བཅད་ཁྲ་བཏང་ཡོད་འདུག ཕྱི་ལོ ༡༩༩༧ ཟླ་ ༡༡ ཚེས་ ༡༤ ཉིན་གནམ་ལོ་ཡག་ཕྱི་ལ་གློད་ཡོད་པ་དང་། ཕྱི་ལོ་ ༡༩༩༩ ཟླ་ ༥ ཚེས་ ༨ ཉིན་ཚེ་མགོན་རྒྱལ་ལགས་ལ་བཙོན་གྲོལ་ཐོབ་ཡོད། ཅེས་སོགས་འཁོད་འདུག

གསལ་བསྒྲགས་དེའི་མཇུག་ཏུ་རྒྱ་ནག་སྲིད་གཞུང་ལ་ཞུ་སྐུལ་དོན་ཚན་ ༤ བཏོན་ཡོད་པའི་ནང་། སྐུ་ཞབས་ཚེ་མགོན་རྒྱལ་ལགས་འཛིན་བཟུང་བྱེད་རྐྱེན་ལམ་སང་ཕྱི་བསྒྲགས་ཀྱིས་ཁོང་གི་ནང་མི་ཐུག་འཕྲད་དང་ཁྲིམས་རྩོད་པ་བཙལ་བའི་ཁེ་དབང་ལ་སྲུང་བརྩི་བྱེད་དགོས་པ་དང་། ཁོང་གང་མགྱོགས་ཀློད་གྲོལ་གཏོང་རྒྱུ་ལས་གསང་བའི་བཀག་ཉར་དང་ནག་ཉེས་བཀལ་མི་ཆོག་པ་སོགས་ཀྱི་དོན་ཚན་ ༤ བཅས་འཁོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༦/༡༢/༢༢

Leave a Reply