བོད་རིཊ་མི་སྐྱ་ཕོ་མོ་ཚོས་གསུང་ཆོས་ལག་འཁྱེར་བཟོ་མི་དགོས།

དུས་དབང་སྐབས་ལོ་ན་ ༧༠ ཡན་ལོན་པའི་རྒན་རྒོན་མ་གཏོགས་བོད་རིགས་མི་སྐྱ་ཕོ་མོ་ཆོས་ཞུ་བ་ཚོས་གསུང་ཆོས་ལག་འཁྱེར་བཟོ་དགོས་ཀྱི་མི་འདུག

thumb_IMG_4643_1024དེ་རིང་སྔ་དྲོར་གསར་འགོད་པ་གསུང་ཆོས་ལག་འཁྱེར་བཟོ་སར་ཕྱིན་སྐབས། ཧི་མ་ལ་ཡའི་རི་རྒྱུད་པ་དང་གྲྭ་བཙུན། ཕྱི་རྒྱལ་ཁག་ནས་ཡོང་བའི་ཆོས་ཞུ་བ་སོགས་སེར་སྐྱ་མི་མང་གིས་འཚང་ཁ་ཤིག་ཤིག་བྱེད་བཞིན་འདུག་ལ། བོད་རིགས་མི་སྐྱ་ཕོ་མོ་མང་པོ་ཡོང་སྟེ་ལག་འཁྱེར་བཟོ་བར་བང་སྒྲིག་གིན་འདུག

གསུང་ཆོས་ལག་ཁྱེར་བཟོ་མཁན་ལས་བྱེད་ནས་བོད་རིགས་གྲྭ་བཙུན་རྣམ་པ་དང་ཧི་མ་ལ་ཡའི་རི་རྒྱུད་པ། ཕྱི་རྒྱལ་བ། གསར་འགོད་པ་བཅས་ནས་གསུང་ཆོས་ལག་འཁྱེར་བཟོ་དགོས་པ་དང་། དེ་བཞིན་ལོ་ན་ ༧༠ ཡན་ལོན་པའི་རྒན་འཁོགས་ཚོར་སྟབས་བདེ་ཡོང་ཆེད། གསུང་ཆོས་ལག་འཁྱེར་བཟོ་ཡི་ཡོད་པ་ལས་བོད་རིགས་མི་སྐྱ་ཕོ་མོ་ཚོས་གསུང་ཆོས་ལག་འཁྱེར་བཟོ་མི་དགོས་སྐོར་འགྲེལ་བརྗོད་གནང་གི་འདུག

ད་ལོར་གསུང་ཆོས་ར་བར་ཁྱོན་ཕེབས་སྒོ་ ༡༣ ཡོད་པ་དང་། ཕེབས་སྒོ་དང་པོ་ནི་གལ་ཆེའི་མི་སྣ་དང་དུས་དབང་གི་སྤྱིན་བདག་རྣམ་པ། ལས་བྱེད་བཅས་ལ་ཡིན་པ་དང་། ཕེབས་སྒོ་གཉིས་པ་བོད་ནས་ཕེབས་པའི་ཆོས་ཞུ་བ་དང་། རྒན་འཁོགས། དབང་བོ་སྐྱོན་ཅན། ཕེབས་སྒོ་གསུམ་པ་དང་བཞི་པ་ནི་ཧི་མ་ལ་ཡའི་རི་རྒྱུད་པ།  ཕེབས་སྒོ་ལྔ་བ་དང་དྲུག་པ། བདུན་པ། བརྒྱད་པ་བཅས་ནི་མི་མང་།  ཕེབས་སྒོ་དགུ་པ་དང་བཅུ་པ། བཅུ་གཅིག་པ་བཅས་ནི་དགེ་འདུན་པ་དང་བཙུན་མ། ཕེབས་སྒོ་བཅུ་གཉིས་པ་ནི་རྒྱ་གར་བ་དང་ཕྱི་རྒྱལ་བ། ཕེབས་སྒོ་བཅུ་གསུམ་པ་ནི་གསར་འགོད་པ་རྣམས་ལ་རེད་འདུག

ཕེབས་སྒོའི་གལ་ཆེའི་འབོད་སྐུལ་ནང་དུ། གསུང་ཆོས་ར་བའི་ནང་དུ་ལག་ཐོག་ཁ་པར་དང་པར་ཆས། ཙག་སྒྲ། ས་སྣུམ། མཚོན་ཆ་རིགས། དེ་མིན་གྱི་དགོས་མཁོ་མེད་པའི་ཅ་དངོས་རིགས་འཁུར་མི་ཆོག་པ་དང་། གཞན། དོལ་རྒྱལ་བསྟེན་གསོལ་བྱེད་མཁན་རིགས་དུས་དབང་དུ་བཅར་མི་ཆོག་སྐོར་བརྗོད་འདུག

གནས་མཆོག་རྡོ་རྗེ་གདན་ནས་པདྨ་མཚོས་སྤེལ།

བསྐྱར་བཅོས།: ༢༠༡༧/༠༤/༢༡

Leave a Reply