ཆོས་ལུགས་རིས་མེད་བྱས་ན་ཕན་ཐོགས་འདུག་གམ་ཕྱོགས་རིས་བྱས་ན་ཕན་ཐོགས་འདུག་ཞིབ་འཇུག་བྱོས་ཨཱ།

༧གོང་ས་མཆོག་གིས་ “རིས་མེད་གནང་བའི་ཕྱག་སྲོལ་ཞིག་དེ་སྔ་བོད་ནས་ཡོད་པ་རེད། རིས་མེད་གནང་བ་དེས་བསྟན་པ་དང་འགྲོ་བ་ལ་ཕན་ཐོགས་ཆེ་བ་འདུག་གམ། ཕྱོགས་རིས་གནང་བ་དེས་བསྟན་པ་དང་འགྲོ་བ་ལ་ཕན་ཐོགས་ཆེ་བ་འདུག ད་ཞིབ་འཇུག་བྱེད་དགོས་པ་རེད།” ཅེས་བཀའ་གནང་འདུག

1-Times-དེ་རིང་སྔ་དྲོར་གནས་མཆོག་རྡོ་རྗེ་གདན་གྱི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པའི་སྔོན་འགྲོའི་བཀའ་ཆོས་ཉིན་བཞི་པའི་མཇུག་བསྡོམས་དང་བསྟུན་ཏེ། ༧གོང་ས་མཆོག་གིས་སང་ཉིན་འཚོགས་འཆར་ཡོད་པའི་རིས་མེད་ལྷན་ཚོགས་ལ་ཆེད་དུ་དམིགས་ཏེ་བཀའ་སློབ་བསྩལ་དོན། ཨ་མི་རི་ཀར་ཡོད་བསྡད་པའི་གངས་ཅན་གྱི་ཆོས་བརྒྱུད་རིས་མེད་ཀྱི་ཚོགས་པ་ཞིག་འདིར་ཚོགས་རྒྱུ་ཡིན་པ་རེད། དེར་བརྟེན། སྤྱི་ཡོངས་ཀྱི་ཆ་ནས་བོད་གངས་ཅན་གྱི་ཆོས་བརྒྱུད་ཁག་ཐུགས་མཐུན་ཁྲིམས་གཙང་ཡག་ཐག་ཆོད་རེད། ད་དུང་ཡིན་ནའང་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་ཡོང་བ་ལ་དམིགས་ཏེ། ཁྱེད་རང་ཚོས་ཚོགས་འདུ་འཚོགས་ཀྱིན་ཡོད་པ་རེད། ཐོག་མ་ཁྱེད་རང་ཚོའི་ཚོགས་འདུ་དེའི་ཐོག་ལ་འཚམས་འདྲི་དང་། བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

དེ་རིང་ང་རང་ཚོ་འདིར་ཚོགས་བསྡད་པ་འདྲ་བོ་རེད། ང་ཚོ་ཚོགས་ནས་གཅིག་གིས་གཅིག་ངོ་ཤེས་ཆགས་པ་དང་། གཅིག་གིས་གཅིག་ལ་སེམས་ཐག་ཉེ་བོ་ཆགས་ཡོང་ན། ཐུགས་མཐུན་ཁྲིམས་གཙང་ཡོང་ས་གཙོ་བོ་དེ་རེད་འདུག ཕན་ཚུན་ངོ་ཤེས་ནང་ཚགས་བྱུང་བ་ཡིན་ན་རང་བཞིན་གྱིས་ཐུགས་མཐུན་ཁྲིམས་གཙང་ཡོང་གི་རེད། གཅིག་གིས་གཅིག་ཐག་རིང་པོ་བྱས་ཏེ་བསྡད་ན། སྔོན་བོད་ལ་ཆ་བཞག་ན་ཕན་ཚུན་ཐག་རིང་པོ་བྱས་ཏེ་སྡོད་ཀྱི་ཡོད་པ་རེད། ད་ལྟ་རྒྱ་གར་ནང་བསླེབས་ཏེ་ང་ཚོ་ཡང་ཡང་མཇལ་བ་ཡོང་གི་ཡོད་སྟབས། རང་ཤུགས་ཀྱིས་སེམས་ཐག་ཉེ་བོ་ཆགས་ཡོང་གི་འདུག་གཱ ངས་ཁ་སང་རོབ་ཙམ་ཞུས་པ་ཡིན། ས་དགེ་བཀའ་རྙིང་གི་སྔོན་གྱི་མཁས་པ་ཚོས་མཛད་བཞག་པའི་གཞུང་དེ་དག་ལ་དོ་སྣང་བྱས་ཏེ་རྒྱུས་ཡོད་པ་བྱུང་ན་ཁྱད་པར་ཞེ་དྲགས་ཡོད་པ་རེད། གཞན། གསར་མ་དང་རྙིང་མ་ཞེས་གཅིག་གིས་གཅིག་ལ་འབྲེལ་བ་མེད་པ་འདྲ་བོ་བྱས་ཏེ་བསྡད་ན་ཡག་པོ་ཁྱོན་ནས་ཡོད་པ་མ་རེད།

རྒྱལ་བོ་ཤུགས་ལྡན་ལ་ཆ་བཞག་ན། རྒྱལ་བོ་ཤུགས་ལྡན་བསྟེན་མཁན་ཚོས་རྙིང་མའི་དཔེ་ཆ་ཞིག་ཁང་པའི་ནང་བཞག་ན་འགྲིག་གི་མ་རེད་ཟེར་བ་དང་། དོལ་རྒྱལ་གྱིས་གནོད་པ་གཏོང་གི་རེད་ཟེར་བའི་བཤད་སྲོལ་ཡོད་པ་རེད། དེ་འདྲའི་ལོ་རྒྱུས་ཀྱང་ཤོད་རྒྱུ་ཡོད་པ་རེད། དེས་བསྟན་པ་ལ་ཕན་གྱི་འདུག་གམ་གནོད་ཀྱི་འདུག་ཟེར་ན་ནང་ཚགས་མ་འཆམ་པ་ཡོང་གི་འདུག་གཱ། གཅིག་གིས་གཅིག་ཐག་རིང་པོ་བྱས་ནས་བསྡད་དེ་བསྲེ་ལྷད་མེད་པ་ཡིན་ལབ་ན་དེ་རླབས་ཆེ་གི་རེད་དམ། དཔལ་ན་ལེཎ་ཊ་ནས་བརྒྱུད་པ་གཅིག་གྱུར་ཡིན་པ་དང་། བཅོམ་ལྡན་འདས་ཀྱི་རྗེས་འབྲིང་གཅིག་གྱུར་ཡིན་པའི་བོད་ལ་ཆ་བཞག་ན་ས་དགེ་བཀའ་རྙིང་ཇོ་ནང་ཚང་མ་མདོ་སྔགས་ཟུང་འབྲེལ་གྱི་ཆོས་བརྒྱུད་གཅིག་པ་ཆགས་ཡོད་པ་རེད། ལྟ་བའི་སྐོར་ལ་ཆ་བཞག་ནའང་ལྟ་བའི་ཡང་རྩེ་དེ་ཚང་མས་ཀླུ་སྒྲུབ་ཡབ་སྲས་ཀྱི་བཞད་པ་དེ་གཙོ་བོ་གནང་གི་ཡོད་པ་རེད། ཆེ་ས་ནས་དེ་དག་ཚང་མ་གཅིག་གྱུར་ཡིན་པ་དེའི་ཐོག་ནས་ང་རང་ཚོ་ཉེ་བོ་བྱས་ནས་སྡོད་པ་དང་། དེ་དག་ཚང་མ་ལ་རྒྱུས་ཡོད་པ་བྱས་ནས་བསྡད་པ་ཡིན་ན་ཡག་པོ་འདུག་གཱ། མིང་མི་འདྲ་བ་ཞིག་ཡོད་པ་དེ་ཙམ་གྱིས་ཕྱོགས་རེས་བྱས་ཏེ་བསྡད་ན་ཡག་པོ་ཡོད་པ་མ་རེད།

ང་ཚོར་ངོ་སྤྲོད་བྱེད་མཁན་གཅིག་ནི། དེ་རིང་ཁ་སང་ཨ་རུབ་ལུང་པའི་ནང་དུ་སྟོན་པ་མོ་ཧན་མ་ཌིའི་རྗེས་འབྲིང་གཅིག་གྱུར་དང་། གཞུང་ལ་ཆ་བཞག་ནའང་ཀཱོ་རན་གཅིག་གྱུར་ཡིན་པ་ཞིག་གིས་ཞེ་ཡཱ་དང་སུ་ནེ་ཟེར་ནས་མིང་ཕྲན་བུ་མི་འདྲ་བ་དང་། ཕྱག་ལེན་ཕྲན་བུ་མི་འདྲ་བ་ཡོད་པ་ཙམ་ཞིག་གི་ཐོག་ནས་འགལ་ཟླ་བྱེད་པའི་གནས་ཚུལ་ཡོང་གི་འདུག དེ་དང་དེ་འདྲ་བའི་ཡེ་ཤུ་ཆོས་པ་གཅིག་པ་ཡིན་ནའང་ནང་གསེས་ཕྱག་ལེན་ཏོག་ཙམ་མི་འདྲ་བ་རེ་ཡོད་པའི་ཆ་ནས་འཐེན་འཁྱེར་བྱེད་མཁན་ཡོད་པ་རེད། དེ་སྔ་ང་ཚོའི་བོད་ནས་ཀྱང་དེ་འདྲ་བྱས་ཡོད་པ་རེད། ཞ་མོའི་ཚོས་གཞི་མི་འདྲ་བ་ཙམ་གྱིས་གཅིག་གིས་གཅིག་ལ་འཁྲུག་པ་བརྒྱབ་པ་དེ་འདྲ་བྱུང་ཡོད་པ་རེད། མི་ལ་དེ་ནོར་འཁྲུལ་རེད་ལབ་པ་ལ་ང་རང་ཚོ་སྔ་མོ་གང་འདྲ་རེད་དེ་ལ་བསམ་བློ་ཞིག་བཏང་ན། གཞི་ནས་ད་ནི་དངོས་ནས་དྲང་གནས་གཟབ་གཟབ་བྱེད་དགོས་པ་ཞིག་རེད་བསམ་པ་དྲན་རྒྱུ་འདུག

དེ་སྔ་ནས་བོད་གངས་ཅན་ལྗོངས་ལ་ ‘རིས་མེད’ ཟེར་བའི་ཕྱག་ལས་གནང་སྲོལ་ཞིག་ཡོད་པ་རེད། ཕྱིས་སུའང་ཁམས་ལ་ཆ་བཞག་ན། འཇམ་དབྱངས་མཁྱེན་རྩེ་དབང་བོས་དངོས་ནས་དྲང་གནས་རིས་མེད་གནང་གི་ཡོད་པ་རེད། ངོས་ཀྱིས་གསུང་ཆོས་ཞུ་ཡུལ་དིལ་མགོ་མཁྱེན་རྩེ་རིན་པོ་ཆེ་ཡིས་ཀྱང་དངོས་ནས་དྲང་གནས་རིས་མེད་རང་གནང་གི་ཡོད་པ་རེད། རྒྱ་གར་དུ་བསླེབས་པའི་རྗེས་ལ་འཇིག་རྟེན་ཆོས་བརྒྱད་ཀྱི་བཟོ་འདྲ་བོ་བྱས་ཏེ་རིས་མེད་གནང་བ་དེ་འདྲ་མ་རེད། དེ་སྔ་བོད་རང་ནས་དེ་ལ་ཐུགས་སྣང་ཆེན་པོ་གནང་འདུག དཔེར་ན། འཁྲུལ་ཞིག་རིན་པོ་ཆེ་ལྟ་བུར་ཆ་བཞག་ན་དེ་སྔ་བོད་རང་ནས་ལམ་རིམ་གསན་པ་དེ་འདྲ་གནང་འདུག དེར་བརྟེན། རིས་མེད་གནང་བའི་ཕྱག་སྲོལ་དེ་སྔ་བོད་རང་ནས་ཡོད་པ་རེད།

དེ་བཞིན། རྒྱལ་བ་དགེ་འདུན་གྲུབ་པ་དེ་འདྲ་རེད་ལ། གཙོ་བོ་དགེ་འདུན་རྒྱ་མཚོར་ཆ་བཞག་ནའང་རིས་མེད་གནང་མཁན་ཞིག་རེད་འདུག གཡང་པ་ཆོས་རྗེས་མཛད་པའི་རྒྱལ་བ་དགེ་འདུན་རྒྱ་མཚོའི་རྣམ་ཐར་ནང་། རིས་མེད་པའི་རྒྱལ་བ་ཞ་སེར་མོ་བ། ཞེས་འབྲས་སྤུངས་བླ་མ་བྱས་ཏེ་དབུ་ཞྭ་སེར་པོ་བཞེས་ཀྱི་ཡོད་ནའང་རིས་མེད་གནང་མཁན་ཞིག་རེད། ཅེས་རྣམ་ཐར་ནང་འདུག དེར་བརྟེན། རིས་མེད་གནང་བའི་ཕྱག་སྲོལ་ཞིག་དེ་སྔ་བོད་ནས་ཡོད་པ་རེད། རིས་མེད་གནང་བ་དེས་བསྟན་པ་དང་འགྲོ་བ་ལ་ཕན་ཐོགས་ཆེ་བ་འདུག་གམ། ཕྱོགས་རིས་གནང་བ་དེས་བསྟན་པ་དང་འགྲོ་བ་ལ་ཕན་ཐོགས་ཆེ་བ་འདུག ད་ཞིབ་འཇུག་བྱེད་དགོས་པ་རེད། ཤེས་སོང་ངམ། ཞིབ་འཇུག་བྱས་ཏེ་བསྟན་པ་དང་འགྲོ་བ་ལ་ག་རེ་ཡག་པོ་ཡོད་ན་དེ་ལ་ང་ཚོས་མིག་དཔེ་ལྟ་དགོས་པ་རེད། དེའི་རྗེས་སུ་ཞུགས་དགོས་པ་རེད། སྤུ་སུ་དོག་པོ་བྱས་ནས་བསྡད་ན་ཡག་པོ་གང་ཡང་ཡོད་པ་མ་རེད།

དེར་བརྟེན། ཁྱེད་རང་ཚོས་ཚོགས་འདུ་འཚོགས་བཞིན་ཡོད་པ་རེད། ཡག་པོ་ཞེ་དྲགས་བྱུང་འདུག ཐུགས་མཐུན་ཁྲིམས་གཙང་ཡོང་རྒྱུ་དེ་ཚོགས་འདུ་ཚོགས། གྲོས་ཆོད་སྙིང་རྗེ་བོ་དེ་འདྲ་བཞག་པས་ཧ་ལས་པ་གང་ཡང་ཡོད་པ་མ་རེད། ཁྱེད་རང་ཚོ་འདིར་མི་ཁྲི་ཕྲག་ཁ་ཤས་འཛོམ་བསྡད་ཡོད་པ་རེད། གཙོ་ཆེ་བ་དགེ་འདུན་པ་མང་པོ་ཞིག་ཕེབས་ཡོད་པ་རེད། ཁྱེད་རང་ཚོས་འདི་སེམས་ལ་བཞག ངས་གོང་དུ་ལབ་པ་ལྟར་གཞུང་དེ་ཚོར་ལྟོས། དགེ་ལུགས་པ་ཞིག་གིས་རྙིང་མའི་དཔེ་ཆ་ཞིག་རིག་ན་རྙིང་དྲི་ཁ་ཡི་འདུག་ཟེར་ནས་མ་བཞག རྙིང་མ་ཞིག་གིས་དགེ་ལུགས་པའི་དཔེ་ཆ་ཞིག་རིག་ན་གསར་དྲི་ཁ་ཡི་འདུག་ཟེར་ནས་མ་བཞག་པར་དཔེ་ཆར་ལྟོས་དང་། དངོས་གནས་དྲང་གནས་བློ་སྐྱེད་ཡོང་གི་རེད། གང་ལྟར། བདེན་འཛིན་ལ་གཉེན་པོ་བསྟེན་རྒྱུར་ཞེན་ཁོག་གི་ཐོག་ནས་བདེན་འཛིན་ལ་རོགས་རམ་བྱེད་ཀྱིན་ཡོད་པ་ལས་བདེན་འཛན་ལ་གནོད་ཀྱི་ཡོད་མ་རེད། ཤེས་སོང་ངམ། གལ་ཆེ་ཤོས་ས་གནས་འདིར་དངོས་སུ་ཕེབས་བཞུགས་གནང་བསྡད་པ་ཚོས་ངས་ལབ་བཞག་པ་དེ་དག་དགོངས་པར་བཅངས་རོགས། གཞན་དེ་རང་ཡིན། བཀྲ་ཤིས་བདེ་ལེགས། ཞེས་གསུངས་འདུག

སང་ཉིན་ཆུ་ཚོད་ ༣ པའི་སྟེང་རྡོར་གདན་མཆོད་རྟེན་ནང་རོལ་དུ། རིས་མེད་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོ་ཞིག་ཚོགས་རྒྱུ་ཡིན་པ་དང་། དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག དེ་བཞིན་དགའ་ལྡན་བྱང་རྩེ་ཆོས་རྗེ་སོགས་ཕེབས་འཆར་ཡོད་འདུག

བསྐྱར་བཅོས།: ༢༠༡༧/༠༤/༢༡

Leave a Reply

2 thoughts on “ཆོས་ལུགས་རིས་མེད་བྱས་ན་ཕན་ཐོགས་འདུག་གམ་ཕྱོགས་རིས་བྱས་ན་ཕན་ཐོགས་འདུག་ཞིབ་འཇུག་བྱོས་ཨཱ།

  1. ས་མཐའི་སྤུན་

    ༧གོང་ས་མཆོག་གིས་སྐུ་ལས་བསྐྱོན་པ་ལ་བརྟེན་ནས་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་ཆོས་བརྒྱུད་ནང་ཁུལ་ཐུགས་མཐུན་དམ་གཙང་དྲག་ཏུ་འགྲོ་བཞིན་པ་དངོས་ཡོད་གནས་ཚུལ་རེད། ཆོས་བརྒྱུད་གཅིག་པ་ཡིན་ན་ཡང་ནང་ཁུལ་ཐུགས་སྣང་མ་མཐུན་པ་དང་ཕྱོགས་ཞེན་ཡོད་པ་སྨོན་ལམ་སོགས་ཚུགས་དུས་སློབ་མ་རྣམས་འཛོམས་མ་འཛོམས་བྱེད་ཀྱི་འདུག་པ་དེ་ནས་གསལ་པོ་ཆགས་ཡོང་གི་འདུག མི་འབོར་ཆིག་ཁྲི་ལ་ཉེ་བ་ཡོད་ཀྱང་ལོ་ཤས་སྔོན་༧རྒྱལ་བའི་སྐུ་ཕྱྭ་དང་བསྟན་སྲིད་ཆེད་ཞབས་རིམ་ཚོགས་དུས་མི་སྐབས་རེ་བཅོ་ལྔ་དང་སྐབས་རེ་ཉི་ཤུ། མང་དུས་སུམ་ཅུ་ཙམ་ལས་འཛོམས་ཀྱི་མི་འདུག དེ་ཡང་མང་བ་རྒན་རྒོན་རེད། ས་གནས་སུ་ཡོད་པའི་ཚོགས་སྐྱིད་ཁག་གི་རྒྱུན་ལས་དང་གཞུང་ཞབས་རྣམས་ཕེབས་ཀྱི་མི་འདུག ༧གོང་ས་མཆོག་གིས་མཛད་པ་མཛད་པ་མཐའ་བྲལ་དོན་དམ་ཡང་གསུང་སྐུལ་གནང་བར་དབུ་མཛད་སྐུ་གཞོགས་དེས་འཛེམས་ནས་ཤོག་གྲངས་འདི་དང་དེར་གཟིགས་ཞེས་གསུང་སྐུལ་གནང་མ་སོང་བ་དེས་བློ་བདེ་པོ་མ་བྱུང་།

  2. ཨོ་རྒྱན་བསྟན་འཛིན།

    རྒྱལ་སྤྱིའི་བོད་བརྒྱུད་རིས་མེད་མཐུན་ཚོགས་ཀྱི་ཚོགས་འདུའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་འདིར་འདུག
    http://tibettimes.net/%E0%BD%86%E0%BD%BC%E0%BD%A6%E0%BC%8B%E0%BD%A3%E0%BD%B4%E0%BD%82%E0%BD%A6%E0%BC%8B%E0%BD%A2%E0%BD%B2%E0%BD%A6%E0%BC%8B%E0%BD%98%E0%BD%BA%E0%BD%91%E0%BC%8B%E0%BD%96%E0%BE%B1%E0%BD%A6%E0%BC%8B%E0%BD%93/