རྡོ་རྗེ་གདན་དུ་སོག་པོའི་ལྷ་ཁང་དབུ་འབྱེད་རབ་གནས་མཛད།

གནས་མཆོག་རྡོ་རྗེ་གདན་དུ་སོག་ཡུལ་དགའ་ལྡན་ཐེག་ཆེན་གླིང་གི་ཡན་ལག་དགོན་པ་ཞིག་དབུ་འབྱེད་གནང་བའི་ཐོག་༧གོང་ས་མཆོག་གིས་བོད་སོག་གཉིས་ལ་རྒྱལ་དབང་སྐུ་ཕྲེང་གསུམ་པ་ནས་འབྲེལ་བ་བྱུང་སྐོར་གསུངས།

IMG_5957དེ་རིང་ཉིན་གུང་ཆུ་ཚོད་ ༡༡ ཙམ་ལ་༧གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་སོག་ཡུལ་དགའ་ལྡན་ཐེག་ཆེན་གླིང་དགོན་པའི་ཡན་ལག་བྷ་ཊ་ཚ་གྷ་ལྷ་ཁང་(Battsagaan Temple)དུ་ཆིབས་བསྒྱུར་བསྐྱངས་ཏེ་ལྷ་ཁང་དབུ་འབྱེད་རབ་གནས་མཛད་ཡོད་པ་དང་། མཛད་སྒོའི་ཐོག་སོག་ཡུལ་དགའ་ལྡན་དགོན་པའི་མཁན་རིན་པོ་ཆེ་ཆོས་ཀྱི་རྒྱ་མཚོ་མཆོག་གིས་དབུས་སེ་ར་བྱེས་ཀྱི་མཁན་པོ་དང་སྒོ་མང་གྲྭ་ཚང་གི་མཁན་པོ་སོགས་མཁན་བླ་དགེ་འདུན་པ་དང་། དུས་དབང་ཞུ་བར་ཆེད་དུ་བཅར་བའི་སོག་པོའི་དད་ལྡན་མི་མང་གི་བཅས་འཛོམས་སོང་།

མཛད་སྒོའི་ཐོག་༧གོང་ས་མཆོག་ནས་བཀའ་སློབ་གསུང་བཤད་གནང་དོན། སངས་རྒྱས་ཀྱི་བསྟན་པ་བྱང་ནས་བྱང་དུ་དར་ཞེས་པའི་གསུང་རྒྱུན་ཡོད་པ་དང་། རྒྱ་གར་གྱི་བྱང་བོད་དང་། བོད་ནས་མུ་མཐུད་བྱང་གི་ཧོར་ཡུལ་དུ་དར་ཡོད་པ་དང་། སངས་རྒྱས་པའི་བསྟན་པ་དར་ཚར་རྗེས་ཐུན་མོང་མ་ཡིན་པའི་འབྲེལ་བ་ཤུགས་ཆེན་པོ་ཞིག་ཡོད་པ་དང་། འབྲེལ་བ་དེ་ཚོང་གི་འབྲེལ་བ་མ་རེད།  ཆོས་ཕྱོགས་ཀྱི་ཐོག་ནས་དད་པ་དང་དམ་ཚིག་གི་འབྲེལ་བ་དེ་དམིགས་བསལ་ཞིག་ཆགས་བསྡད་ཡོད་པ་རེད། ༧རྒྱལ་དབང་གི་ཐོག་ནས་བཤད་པ་ཡིན་ན། ༧རྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཕེབས་ཏེ། ཏཱ་ལའི་བླ་མ་ཞེས་པའི་མིང་དེ་སྐབས་དེ་དུས་ཐོགས་པ་བཅས་གང་ལྟར་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་རེད་འདུག དེ་ནས་སྐུ་མདུན་སྐུ་གོང་མའང་བོད་ལ་རྐྱེན་ངན་བྱུང་སྟེ་སོག་ཡུལ་དུ་བཞུགས་དགོས་བྱུང་ཡོད་པར་བརྟེན། ང་ཚོ་བོད་སོག་གཉིས་ལ་དམིགས་བསལ་གྱི་འབྲེལ་བ་ཡོད་པ་རེད། ཅེས་གསུངས་སོང་།

གནས་མཆོག་རྡོ་རྗེ་གདན་དུ་ལྷ་ཁང་བཞེངས་བའི་སྐོར་༧གོང་ས་མཆོག་གིས། གནས་རྡོ་རྗེ་གདན་འདི་ནི་ང་རང་ཚོའི་སྟོན་པ་ཉམས་མེད་ཤཀྱྰ་སེང་གེ་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་ཡིན་པ་དང་། གནས་འདིར་རྒྱ་གར་གྱི་མཁས་པ་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་ངོས་ཀྱིས་ནམ་རྒྱུན་པཎ་གྲུབ་བཅུ་བདུན་ཟེར་བསྡད་པའི་མཁས་དབང་ཕལ་ཆེ་བས་རྡོ་རྗེ་གདན་དུ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཡོད་པ་དང་། དེ་བཞིན་གྲུབ་ཆེན་དེ་ཚོས་ཀྱང་གནས་འདི་བྱིན་གྱིས་བརླབས་ཏེ་འཛམ་བུ་གླིང་འདིའི་སྒང་ལ་ནང་པའི་གནས་རྩ་ཆེ་ཤོས་ཤིག་རྡོ་རྗེ་གདན་ཆགས་ཡོད་པ་རེད། འདིར་ཐའེ་ལན་ཌིའི་དགོན་པ་དང་ཝེ་ནམ་གྱི་དགོན་པ། རྒྱ་ནག་གི་དགོན་པ་སོགས་ནང་པའི་ཡུལ་གྲུ་ཁག་གི་དགོན་པ་ཡོད་སྟབས། ཁྱེད་རང་ཚོ་སོག་ཡུལ་གྱི་དགོན་པ་ཞིག་འདིར་ཡོད་དགོས་པ་དེ་རྒྱུ་མཚན་ལྡན་པ་རེད་འདུག འདིར་ཁྱེད་རང་ཚོས་ལྷ་ཁང་བརྒྱབ་སྟེ་དེ་རིང་སྒོ་འབྱེད་བྱུང་བ་དང་། དངོས་གནས་རྒྱུ་མཚན་ལྡན་པ་རེད་འདུག་ལ་ཞེ་དྲགས་ཡག་པོ་བྱུང་འདུག ཅེས་གསུངས་སོང་།

ཡང་༧གོང་ས་མཆོག་ནས་བར་སྐབས་སོག་ཡུལ་གྱི་བསྟན་པར་ཉམས་ཆག་ཞེ་དྲགས་ཕྱིན་ཡོད་ཀྱང་། ད་ལྟ་སོག་པོར་རང་དབང་ཐོབ་སྟེ་བསྟན་པ་སླར་གསོ་བྱེད་པའི་གོ་སྐབས་བྱུང་ཡོད་ལ། ལྷ་ཁང་དང་སྐུ་གསུང་ཐུགས་རྟེན་ཡོད་པ་ཙམ་གྱིས་བསྟན་པ་སླར་གསོ་བྱུང་བར་ཕལ་ཆེར་གོ་མི་ཐུབ་སྟབས། བསྟན་པ་སླར་གསོ་བྱེད་པར་ལུང་རྟོགས་གཉིས་ཀྱི་བསྟན་པར་འཆད་ཉན་སྒྲུབ་སྦྱོང་བྱས་ཏེ་དུས་རབས་ཉེར་གཅིག་པའི་ཆོས་པ་ཞིག་བྱེད་གལ་ཆེ་སྐོར་དང་། ད་ལྟའི་ཆར་སྒོ་མང་གྲྭ་ཚང་དང་སེར་བྱེས་གྲྭ་ཚང་སོགས་སུ་སོག་པོའི་གྲྭ་རྒྱུན་གང་འཚམ་ལ་མཐུན་རྐྱེན་སྦྱོར་བཞིན་ཡོད་པ་དང་། བོད་པ་བཙན་བྱོལ་བ་ཡིན་པས་ཞེ་དྲགས་ཞེ་དྲགས་མི་ཐུབ་ཀྱང་གང་ཡོད་པ་དེ་མཉམ་ཟ་མཉམ་འཐུང་བྱས་ནས་བསྡད་ཡོད་པ་དང་། སོག་པོའི་གྲྭ་གཞོན་མང་པོ་ཡོད་པ་རྣམས་ཀྱིས་སློབ་གཉེར་ལ་ཤུགས་རྒྱག་དགོས་པ་དང་། གྲྭ་ས་ནས་དཔེ་ཆར་བལྟས་རྗེས་སོ་སོའི་ལུང་པའི་ནང་ལུང་རྟོགས་ཀྱི་བསྟན་པ་དངོས་གནས་ཡག་པོ་ཞིག་རྐང་འཛུགས་དགོས་པ་དེ་སྐབས་བབ་ཀྱི་འོས་འགན་ཆགས་ཡོད་པ་དང་། སོག་ཡུལ་དགའ་ལྡན་དགོན་པས་གྲྭ་ས་ནས་སློབ་གཉེར་ཐོན་པ་རྣམས་ལ་སློབ་འཁྲིད་བྱེད་པའི་གོ་སྐབས་དང་། སྡོད་ས་སོགས་ཀྱི་མཐུན་རྐྱེན་སྦྱོར་དགོས་པ་དེའང་གལ་ཆེན་པོ་ཞེ་དྲགས་རེད། ཅེས་སོགས་གསུངས་སོང་།

IMG_5866

གནས་མཆོག་རྡོ་རྗེ་གདན་ནས་པདྨ་མཚོས་སྤེལ།

བསྐྱར་བཅོས།: ༢༠༡༧/༠༤/༢༡

Leave a Reply