ནད་ཅན་གྱི་ན་ཚ་དྲག་སྐྱེད་དང་ནད་མད་ཀྱི་ལུས་སྟོབས་རྒྱས་བྱེད་འཕྲུལ་འཁོར། (༡)

བདུན་ཕྲག་སྔོན་མའི་ནང་ཨ་རིའི་ས་བཤད་བརྒྱུད་ལམ་གྱིས་ཡུ་རོབ་ནང་གནས་བཞུགས་བོད་བརྒྱུད་ནང་བསྟན་གྱི་རྩ་རླུང་འཕྲུལ་འཁོར་སློབ་དཔོན་གཉན་རྩེ་སྤྲུལ་སྐུ་བློ་བཟང་དམ་ཆོས་ཉི་མ་མཆོག་གིས་གཏུམ་མོའི་དྲོད་སྒོམ་སྟངས་སྐོར་ལ་དངོས་བྱུང་གློག་བརྙན་ཞིག་འགྲེམ་སྤེལ་བྱས་པ་དང་བསྟུན་ཏེ་འདི་གའི་གསར་འགོད་པས་ཁོང་ལ་གསང་བསྔགས་ཀྱི་རྩ་རླུང་ཐིག་ལེ་དང་གཏུམ་མོ་སོགས་ཀྱི་སྐོར་ལ་བཅར་འདྲི་ཞུས།

1-TibetTimes

དོན་འགྲུབ་བཀྲ་ཤིས། ཉེ་ལམ་ཨ་རིའི་རྒྱལ་ཡོངས་ས་བཤད་(NATIONAL GEOGRAPHIC)བརྙན་འཕྲིན་ཁང་གིས། ཁྱེད་རང་གི་རྩ་རླུང་འཕྲུལ་འཁོར་ཉམས་ལེན་སྐོར་བརྙན་འཕྲིན་ནང་སྤེལ་སོང་། དེའི་སྐོར་ངོ་སྤྲོད་ཅིག་གནང་རོགས།

སྤྲུལ་སྐུ་བློ་བཟང་། རེད། དེ་ལོ་གཅིག་གི་གོང་ཙམ་ནས་ཨ་རིའི་ནེའུ་ཡོག་ཏུ་ཡོད་པའི་རྒྱལ་ཡོངས་ས་བཤད་བརྙན་འཕྲིན་ཁང་ཚང་གིས་ང་ལ་འབྲེལ་བ་བྱས་ཏེ། ཁོ་རང་ཚོས་ང་རང་གི་ལུས་སྦྱོང་རྩ་རླུང་འཕྲུལ་འཁོར་སྐོར་ལ་དངོས་བྱུང་གློག་བརྙན་(Documentary) ཞིག་བཟོས་ན་འགྲིག་གམ། གཙོ་བོ་གཏུམ་མོའི་དྲོད་ལ་ཚོད་ལྟ་བྱ་རྒྱུ་ཡིན་ལབ་སོང་། ཡིན་ནའང་ང་ལ་དུས་ཚོད་མ་རེག་པར་རྒྱུན་རིང་པོར་ལྷག་སོང་། སྔར་ལོའི་ཕྱི་ཟླ་ ༡༠ པའི་ནང་ང་ཨ་རིར་འགྲོ་བའི་གོ་སྐབས་ཤིག་དང་བསྟུན་ཏེ་ཁོ་རང་ཚོའི་ལས་ཀ་དེ་བསྒྲུབས་པ་ཡིན། གཙོ་བོ་ཁོ་རང་ཚོས་ང་རང་འཁྱག་སྒམ་གྱི་ཁང་པ་ཆེན་པོ་ཞིག་གི་ནང་ལ་བཞག་སྟེ་གཏུམ་མོའི་དྲོད་ལ་ཚོད་ལྟ་བྱས་པ་རེད། འཁྱག་སྒམ་དེའི་ནང་གི་གྲང་ཚད་ཧ་ཅང་ཤུགས་ཆེན་པོ་རེད། མི་དཀྱུས་མ་ཞིག་ཡིན་ན་ཧ་ལམ་སྐར་མ་ ༡༠ ལྷག་སྡོད་ཐུབ་ས་མ་རེད། འཁྱག་པ་ཆགས་འགྲོ་ས་རེད། ང་རང་དེའི་ནང་ཆུ་ཚོད་ ༣ མ་ཟིན་ཙམ་ལ་བཞག་སོང་ཡང་དཀའ་ངལ་གང་ཡང་མི་འདུག

སྐབས་དེར་ང་རང་གི་གཏུམ་མོའི་དྲོད་སྒོམ་སྟངས་སྐོར་ལ་དངོས་བྱུང་གློག་བརྙན་ཞིག་བཟོས་པ་རེད། གློག་བརྙན་དེའི་སྔོན་འགྲོའི་ཁྱབ་བསྒྲགས་ཤིག་བདུན་ཕྲག་སྔོན་མའི་ནང་སྤེལ་སོང་། གློག་བརྙན་དེའི་མིང་ལ་༼ IS GOD INSIDE US? ༽དཀོན་མཆོག་ང་ཚོའི་ཁོག་པར་ཡོད་པ་རེད་དམ། ཞེས་ང་རང་གིས་འཁྱག་སྒམ་ཁང་པའི་ནང་གཏུམ་མོའི་དྲོད་སྒོམ་བཞིན་པའི་ནུས་པར་ཁོ་ཚོ་ཧང་འདྲ་བོ་སང་སྟེ། ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཆེན་མཱོར་གྷན་(Morgan Freeman)ངའི་གམ་དུ་ཡོང་སྟེ། ལུས་སྦྱོང་སློབ་རྒྱུ་ཡིན་ཞེས་ཚོད་ལྟ་བྱས་ཀྱང་ཁོ་རང་རྒན་འཁོགས་ཡིན་སྟབས་གཟུགས་པོས་མ་ལྕོག་པའི་རྣམ་པ་དེ་འདྲ་ཞིག་རེད།

2-TibetTimes

དོན་འགྲུབ་བཀྲ་ཤིས། ད་ལྟ་ཁྱེད་ཀྱིས་ཡུ་རོབ་རྒྱལ་ཁབ་མང་པོའི་ནང་བོད་པའི་ལུས་སྦྱོང་རྩ་རླུང་འཕྲུལ་འཁོར་ཁྲིད་སྤེལ་གནང་སྟེ་རྗེས་འཇུག་ཧ་ཅང་མང་པོ་ཡོད་པ་གོ་སོང་། དེའི་བྱུང་རིམ་དང་ད་ལྟའི་གནས་སྟངས་ངོ་སྤྲོད་ཅིག་གནང་རོགས།

སྤྲུལ་སྐུ་བློ་བཟང་། ཐོག་མ་ ༡༩༩༦ ལོར་ང་ལྷོ་ཕྱོགས་ནས་དྷ་རམ་ས་ལར་ཡོང་སྟེ་དྷ་རམ་ས་ལའི་གོང་གི་ཤིང་ནགས་ནང་། ཁང་པ་ཆུང་ཆུང་ཀླད་ལྕག་ཤོག་ཅན་ཞིག་གླས་ཏེ་༼ནང་བསྟན་སྨན་གླིང་།༽ཞེས་མིང་ཞིག་བཏགས་ནས་ལུས་སྦྱོང་ཉམས་ལེན་བྱས་པ་ཡིན། དེའི་རྗེས་མ་ནཱ་ལིར་སོང་སྟེ་ནང་བསྟན་སྨན་གླིང་གི་ཚོགས་པ་བཙུགས་ཏེ་གཞན་ལ་ལུས་སྦྱོང་སློབ་ཁྲིད་བྱས་པ་དང་། རྗེས་ལ་ཚོགས་པ་དེ་རྒྱ་གར་གཞུང་གི་ཁྲིམས་ཐོག་ལ་དེབ་སྐྱེལ་བྱས་པ་ཡིན། ༢༠༠༢ ལོར་ང་སུད་སིར་འགྲོ་རྒྱུའི་གོ་སྐབས་བྱུང་ཞིང་། དེ་ནས་རིམ་པས་ཕྱི་རྒྱལ་ལ་ཐེངས་ཁ་ཤས་ཕྱིན་ཏེ་ ༢༠༠༤ ལོར་ཨོ་སི་ཊོར་ཡའི་རྒྱལ་ས་ཝེ་ན་ལ་༼ རྒྱལ་སྤྱིའི་བོད་ཀྱི་ནང་བསྟན་སྨན་གླིང་༽ཞེས་པ་ཞིག་བཙུགས་པ་ཡིན། དེའི་ཡན་ལག་ཅིག་ ༢༠༡༣ ལོར་སི་པེན་གྱི་གྲོང་ཁྱེར་བྷར་སི་ལོ་ནར་བཙུགས་ཡོད།

ཨོ་སི་ཊོར་ཡར་བཙུགས་ཡོད་དེ་ཁེ་ལས་མ་ཡིན་པའི་ཚོགས་སྡེ་(non profit organization)ཟེར་བ་དེ་རེད། བྷར་སི་ལོ་ནར་ཡོད་པ་དེ་ཁེ་ལས་བཟོ་གྲྭ་ (company)རེད། ཁྲིམས་ཐོག་ནས་ཁེ་ལས་མ་ཡིན་པའི་ཚོགས་སྡེ་ནས་ལས་ཀ་བྱེད་མི་ཆོག་པའི་རིགས་ཁེ་ལས་ཚོགས་སྡེ་ནས་བྱེད་པ་དང་། ཁེ་ལས་ཚོགས་སྡེ་ནས་བྱེད་མི་ཆོག་པའི་རིགས་ཁེ་ལས་མ་ཡིན་པའི་ཚོགས་སྡེ་ནས་བྱེད་ཀྱིན་ཡོད། ༢༠༡༥ ལོར་རྒྱ་གར་ལྷོ་ཕྱོགས་བྷིང་ལོར་ནང་ནང་བསྟན་སྨན་གླིང་གི་ཡན་ལག་ལས་ཁུངས་ཤིག་བཙུགས་ཡོད། ང་ཚོའི་ཚོགས་པའི་གློག་ཀླད་སྟེང་གི་ལས་ཀའི་རིགས་བྷིང་ལོར་གྱི་ལས་ཁུངས་དེར་བྱེད་ཀྱིན་ཡོད་པ་རེད།

3-TibetTimes

ང་ཚོའི་རྒྱལ་སྤྱིའི་བོད་ཀྱི་ནང་བསྟན་སྨན་གླིང་གི་ལས་ཀ་གཙོ་བོ་མི་གཞན་ལ་ལུས་སྦྱོང་ཁྲིད་སྤེལ་བྱ་རྒྱུ་དེ་རེད། ད་ལྟ་ཡུ་རོབ་དང་ཨ་རི་སོགས་རྒྱལ་ཁབ་ ༡༢ ཙམ་ནང་འབྲེལ་མཐུད་པ་བསྐོས་ཏེ་རྩ་རླུང་འཕྲུལ་འཁོར་ཁྲིད་སྤེལ་བྱེད་ཀྱིན་ཡོད་པ་རེད། ད་སྔ་སྤྱིར་བཏིང་གི་ལུས་སྦྱོང་སློབ་ཁྲིད་གནང་བ་ཁྲི་མང་པོ་ཞིག་ཡོད་རྒྱུ་རེད་དེ། དེ་དག་ཁྲོད་ནས་རྩ་རླུང་འཕྲུལ་འཁོར་དང་རྟོག་གཅོད་སོགས་ཀྱི་ཐོག་སློབ་སྦྱོང་མཐར་ཕྱིན་པ་ ༢༥༠༠ ཙམ་ཡོད་པ་རེད། རྩ་རླུང་འཕྲུལ་འཁོར་ཐོག་དགེ་རྒན་འོས་སྦྱོང་འཐོན་པའི་དགེ་རྒན་ཆེན་མོའང་ ༡༠༠ ལྷག་ཡོད། དེ་དག་ལ་ཁྱད་པར་ག་རེ་ཡོད་པ་རེད་ཟེར་ན། ལུས་སྦྱོང་འཐོན་མཁན་ཚོས་གཞན་ལ་གཟུགས་པོའི་འཕྲོད་བསྟེན་ཆེད་ལུས་སྦྱོང་ཙམ་བསླབ་ཆོག་ཀྱང་། ལུས་སྦྱོང་གི་དགེ་རྒན་གསོ་སྐྱོང་བྱེད་ཆོག་གི་མ་རེད། ནང་བསྟན་སྨན་གླིང་ནས་དགེ་རྒན་འོས་སྦྱོང་འཐོན་ཟིན་པའི་ལག་ཁྱེར་ཡོད་ན་དགེ་རྒན་གསོ་སྐྱོང་བྱེད་ཆོག་གི་རེད།

དགེ་རྒན་འོས་སྦྱོང་འཐོན་པར་མཐའ་མ་ངའི་སར་ཡོང་སྟེ། ཉིན་གསུམ་རིང་ལུས་སྦྱོང་དང་འབྲི་རྒྱུགས། ངག་རྒྱུགས་སོགས་གཏོང་དགོས་པ་དང་། རྒྱུགས་འཕྲོད་ན་རྒྱལ་སྤྱིའི་ནང་བསྟན་སྨན་གླིང་གི་དགེ་རྒན་འོས་སྦྱོང་ཐོན་པའི་ལག་འཁྱེར་སྤྲོད་ཀྱི་ཡོད་པ་རེད། ང་ཚོའི་ནང་བསྟན་སྨན་གླིང་གི་ལས་འཆར་སྐོར་དྲ་ཐོག་ཏུ་ཡོད། དེའི་ནང་ལུས་སྦྱོང་ཙམ་མ་ཡིན་པར། སྐུ་མཉེ་དང་རྟོག་གཅོད། རྩ་རླུང་སོགས་ཀྱང་ཡོད་པ་རེད།

དོན་འགྲུབ་བཀྲ་ཤིས། ཉེ་ལམ་ཁྱེད་རང་གིས་སྣེ་ཁྲིད་དེ་ཡུ་རོབ་ཀྱི་ཚོང་བ་ཆེན་པོ་ཞིག་དང་སྦེལ་ཇེམ་བོད་རིགས་ཚོགས་པའི་བར་བོད་པ་ཚོར་ལས་ཀ་འཚོལ་ཕྱོགས་སྐོར་ལ་ཚོགས་འདུ་ཞིག་ཚོགས་ཡོད་ས་རེད། དེའི་སྐོར་ངོ་སྤྲོད་ཅིག་གནང་རོགས།

སྤྲུལ་སྐུ་བློ་བཟང་། སྦེལ་ཇམ་གྱི་ཚོང་པ་རྗེ་ཧྥི་ཀོ་རེ་ཊི་(Jef Coruyt)ངེད་གཉིས་གྲོགས་པོ་རྙིང་པ་ཡིན། ལོ་བདུན་བརྒྱད་གོང་ནས་ངའི་ལུས་སྦྱོང་འཛིན་གྲྭར་ཡོང་གི་འདུག རིམ་པས་ངེད་གཉིས་དགེ་སློབ་ནས་སྒེར་གྱི་གྲོགས་པོ་འདྲ་བོ་ཆགས་སོང་། ཐེངས་ཤིག་སྦེལ་ཇེམ་ནང་གི་ང་ཚོའི་ཕ་ཡུལ་གཅིག་པ་ཞིག་གི་ཆང་སའི་སྟོན་མོར་ང་སྐད་བཏང་སོང་། ངས་རྗེ་ཧྥི་ཀོ་རེ་ཊི་ལ་བོད་པའི་ཆང་སར་འགྲོ་རྒྱུ་ཨ་ཡིན་དྲིས་པར་འགྲོ་རྒྱུ་ཡིན་ཟེར། དེ་ནས་ངེད་གཉིས་རོགས་པ་ཁ་ཤས་ཁྲིད་ནས་ཕྱིན་པ་ཡིན། སྟོན་ཐོག་ཏུ་སྦེལ་ཇེམ་བོད་རིགས་ཚོགས་པས། ང་ཚོས་རྗེ་ཧྥི་ཀོ་རེ་ཊི་ལ་ཁ་བཏགས་ཤིག་འཐེན་ན་འགྲིག་གམ། ཁོ་བོད་པ་ཚོར་བཀའ་དྲིན་ཆེན་པོ་ཡིན་ལབ་སོང་། ཁོང་ཚང་ལ་ཡུ་རོབ་ནང་ཚོང་ཁང་ ༦༠༠ ལྷག་དང་ལས་ཀ་བ་ ༢༩༠༠༠ ལྷག་ཡོད་ས་རེད། ཉིན་དེར་བོད་རིགས་ཚོགས་པའི་ཚོགས་གཙོས་རྗེ་ཧྥི་ཀོ་རེ་ཊི་ཚང་དུ་བོད་པ་ ༧༥ ཡོད་ཟེར། རྗེ་ཧྥི་ཀོ་རེ་ཊི་ཁོ་རང་ཡང་ཧང་སང་གི་འདུག ཁྱེད་རང་ཚོའི་བོད་རིགས་ཚོགས་པས་འགན་ཡག་པོ་འཁུར་གྱི་འདུག ངའི་འོག་ཏུ་བོད་མི་ག་ཚོད་ཡོད་པའི་གྲངས་ཀ་ཏག་ཏག་བཤད་རྒྱུ་འདུག་ལབ་སོང་།

4-TibetTimes

དེའི་རྗེས་ལ་ང་རང་གི་བསམ་པར་རྗེ་ཧྥི་ཀོ་རེ་ཊི་དང་བོད་པ་ཚོའི་བར་འབྲེལ་བ་ཞིག་མཐུད་ཐུབ་ན། སྦེལ་ཇེམ་ནང་གི་བོད་པ་ཚོར་ཕན་ཐོགས་ཡོང་ས་རེད་བསམ་སྟེ། ཐེངས་ཤིག་ངས་ཁོ་ལ་སྦེལ་ཇེམ་ནང་གི་བོད་པ་ཚོའི་དཀའ་ངལ་བཤད་སྐབས། ཁོས་རོགས་པ་ག་རེ་དགོས་ན་བྱེད་དགོས་ལབ་སོང་། རྗེས་ལ་བོད་རིགས་ཚོགས་པ་དང་གྲོས་བསྡུར་བྱས་ཏེ། སྔར་ལོའི་ཕྱི་ཟླ་ ༨ ཚེས་ ༢༦ ཉིན་སྦེལ་ཇེམ་ནང་ཚོགས་འདུ་དེ་ཚོགས་པ་རེད། སྐབས་དེར་རྗེ་ཧྥི་ཀོ་རེ་ཊི་ཚང་གི་ལས་གའི་མགོ་བ་མཐོ་ཤོས་དེ་དང་། གཞན་སྦེལ་ཇེམ་ནང་གི་ཚོང་ལས་ཚོགས་སྡེ་ཆེ་གྲས་ཨ་ཐེ་ཀོ་(Adecco Company)ཚང་གི་ལས་ཀ་གོ་སྒྲིག་པ་ (Kris Matthijs) ལགས། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་སོགས་ཕེབས་སོང་། ཉིན་དེར་སྦེལ་ཇེམ་ནང་གི་བོད་པ་ ༨༠༠ མ་ཟིན་ཙམ་འཛོམས་ཡོད་ས་རེད།

ཚོགས་འདུའི་ཐོག་ཁོ་རང་ཚོ་ཚང་མས་སྐད་ཆ་རེ་བཤད་རྗེས་ངས་ཀྱང་ཏོག་ཙམ་བཤད་པ་ཡིན། མདོ་དོན། སྐབས་དེར་ང་ཚོས་བོད་པ་ལས་ཀ་འཚོལ་མཁན་ཚོའི་ཡིག་ཆ་ཚང་མ་བསྡུ་རྒྱུ་བྱས་ཏེ། རྗེས་ལ་རྗེ་ཧྥི་ཀོ་རེ་ཊི་ཚང་ལ་སྙན་ཞུ་ ༤༧༩ འབྱོར་ཡོད་པ་དང་ཚོང་པ་གཞན་པ་ཨ་ཐེ་ཀོ་ཚང་ལ་སྙན་ཞུ་ ༧༥ ། བོད་རིགས་ཚོགས་པ་བརྒྱུད་དེ་སྙན་ཞུ་ ༤༥ བཅས་འབྱོར་ཡོད་ས་རེད། དེའི་ཐོག་ལ་ཁོ་རང་ཚོས་གོ་བསྡུར་མང་པོ་བྱས་ཏེ་བོད་པ་མི་ ༧༥ ཙམ་ལ་ཆ་རྐྱེན་འདྲ་བོ་ཚང་སྟེ། ངག་རྒྱུགས་ཤིག་ལ་སྒུག་ཡོད་པའི་སྐད་ཆ་འདུག དེ་དག་ལ་གང་མགྱོགས་ལས་ཀ་རེག་འགྲོ་བ་རེད་བསམ་གྱི་འདུག མ་འོངས་པར་ང་ཚོས་རྗེ་ཧྥི་ཀོ་རེ་ཊི་ཚང་གི་མི་ཞིག་དང་། སྦེལ་ཇེམ་བོད་རིགས་ཚོགས་པའི་མི་ཞིག དེ་བཞིན། ནང་བསྟན་སྨན་གླིང་གི་མི་ཞིག་བཅས་ལས་གྲུབ་པའི་ཚོགས་ཆུང་ཞིག་བཙུགས་ཏེ། སྦེལ་ཇེམ་ནང་གི་བོད་པ་ཚོར་ལས་ཀ་འཚོལ་རྒྱུའི་གྲོས་བསྡུར་ཞིག་འགྲོ་བསྡད་ཡོད།

དོན་འགྲུབ་བཀྲ་ཤིས། ཁྱེད་རང་གི་ལུས་སྦྱོང་རྩ་རླུང་འཕྲུལ་འཁོར་ཟེར་བ་དེས་གཙོ་བོ་ག་རེ་ལ་ཕན་པ་དང་། ལུས་སྦྱོང་དེ་དར་ཁྱབ་ཆེན་པོ་ཆགས་དགོས་པའི་རྒྱུ་མཚན་གང་ཡིན་ནམ།

5-TibetTimesསྤྲུལ་སྐུ་བློ་བཟང་། ལུས་སྦྱོང་རྩ་རླུང་འཕྲུལ་འཁོར་ཟེར་བ་འདི་ལ་གནས་སྐབས་ཀྱི་ཕན་པ་ཞིག་དང་། མཐར་ཐུག་གི་ཕན་པ་ཞིག་ཡོད་པ་རེད། གནས་སྐབས་ཀྱི་ཕན་པ་དེ་གཟུགས་པོའི་འཕྲོད་བསྟེན་བདེ་ཐང་ཡོང་ཐབས་རེད། མཐར་ཐུག་གི་ཕན་པ་དེ་སྟོང་ཉིད་རྟོགས་ཏེ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐབས་རེད། ནང་པའི་ཆོས་གཞུང་དུ་རྩ་རླུང་འཕྲུལ་འཁོར་གྱི་ནུས་པ་དང་ཁྱད་ཆོས་མང་པོ་གསུངས་ཡོད། ནད་མེད་པ་ཞིག་གིས་འཕྲུལ་འཁོར་རྩེད་ན་ལུས་སྟོབས་རྒྱས་པ་དང་། གཞོན་ཤ་བཟུང་སྟེ་ལམ་སང་རྒན་འཁོགས་མི་ཆགས་པ། བློ་དང་རིག་པ་གསལ་བ་དང་ཁམས་དྭངས་མོ་ཡོང་བ། ཟས་རིགས་མི་འཕྲོད་པ་མེད་པར་ཁོག་པའི་འཇུ་སྟབས་ཡག་པོ་ཡོང་བ་སོགས་ལ་ཕན་པ་མ་ཟད། ལུས་ཀྱི་དྭངས་མའི་རླུང་འཕེལ་ནས་སྙིགས་མའི་རླུང་ཐམས་ཅད་མེད་པ་ཆགས་པ་དང་། དེ་དང་མཉམ་དུ་ལུས་སྟོབས་དར་བ་དང་། ལུས་ཀྱི་མདངས་རྒྱས་པ་དང་ཕོ་མོའི་ཁུ་ཁྲག་འཕེལ་བ་སོགས་ལ་ནུས་པ་ཁྱད་པར་ཅན་ཡོད་པ་རེད། ཕྱི་རྒྱལ་ཚོས་གཙོ་བོ་འཕྲུལ་འཁོར་རྩེད་ན་གཉིད་ཡག་པོ་ཁུག་པ་དང་། གཉིད་དུས་ཚོད་རིང་པོར་ཁུག་པ་དེ་ལ་དགའ་བོ་ཞེ་དྲགས་བྱེད་ཀྱི་འདུག

ནད་ཚ་ཡོད་མཁན་ཞིག་གིས་རྩེད་ན། དཔེར་ན། རྐང་ལག་ནད་པ་དང་རྩ་དང་རུས་ཚིགས་ཀྱི་ནད་ཚ། སྙིང་དང་ཕོ་བ། ཁྲག་གི་ནད་ཚ་སོགས་མདོ་བསྡུས་ན་དོན་ལྔ་སྣོད་དྲུག་གི་ནད་ཚ་ཚང་པར་ཕན་པ་རེད། ལོ་མང་པོར་ནད་གཅོང་ཆགས་པ་དང་། སྨན་ཁང་མང་པོར་བསྟན་ཏེ་དྲག་སྐྱེད་མ་ཐུབ་པ་མང་པོ་ཞིག་རྩ་རླུང་འཕྲུལ་འཁོར་གྱིས་སེང་དྲག་ཆགས་སོང་བ་དེ་འདྲ་ཡོད་པ་རེད། གང་ཡིན་ཟེར་ན། ནད་ཐམས་ཅད་ཀྱི་རྒྱུ་དེ་རླུང་མཁྲིས་བད་ཀན་གསུམ་རེད། དེ་དག་སེལ་བྱེད་ཀྱི་གཉེན་པོ་རྩ་རླུང་འཕྲུལ་འཁོར་སྨན་གྱི་མཆོག་ཡིན་གསུངས་ཡོད་པ་རེད།

སྔོན་མ་ཨོ་སི་ཊོར་ཡའི་གཟུགས་བཟང་གྱོན་གོས་འཁྲབ་སྟོན་མ་སྐད་གྲགས་ཅན་ཞིག་ལ་ན་ཚ་ཕོག་སྟེ། སྨན་ཁང་མང་པོ་ཞིག་གིས་གླགས་མ་ཁེལ་ནས་ལྷག་འདུག རྗེས་ལ་ངའི་འཛིན་གྲྭར་ཡོང་ནས་ལུས་རྩལ་རྩེད་དེ་རིམ་གྱིས་མོ་རང་གི་ནད་ཚ་དྲག་སྐྱེད་བྱུང་སྟེ། མོ་རང་གིས་ང་ལ་རོགས་རམ་བྱས་ཏེ་ཨོ་སི་ཊོར་ཡའི་ནང་གི་རྒྱལ་སྤྱིའི་བོད་ཀྱི་ནང་བསྟན་སྨན་གླིང་གི་ལས་ཁུངས་ཨ་མ་དེ་བཙུགས་པ་རེད། མོ་རང་གི་མིང་ལ་ཁ་ཐ་ཇ་ནེ་(Kathrin Jany)ཟེར་བ་རེད། ད་ལྟ་མོ་རང་རྒྱལ་སྤྱིའི་བོད་ཀྱི་ནང་བསྟན་སྨན་གླིང་གི་འགན་འཛིན་ཆགས་བསྡད་ཡོད་པ་རེད།

0-TibetTimes

དོ་སྣང་བྱེད་དགོས་པ་ཞིག་ལ། སོ་སོར་ནད་ཚ་ག་རེ་འདུག དེ་ལ་ཕན་པའི་འཕྲུལ་འཁོར་ག་རེ་རྩེད་ན་ཕན་གྱི་འདུག་དེ་ཤེས་དགོས་པ་གལ་ཆེན་པོ་རེད། རྩ་རླུང་འཕྲུལ་འཁོར་དང་། ཡཱོ་གྷ་སོགས་ལུས་སྦྱོང་གང་དང་གང་ཡིན་ཡང་། ནད་མེད་པ་ཞིག་གིས་རྩེད་ན་ནད་རིགས་ཚང་མ་སྔོན་འགོག་ཐུབ་པ་རེད། ནད་ཚ་ཕོག་ཡོད་མཁན་ཞིག་གིས་ནད་དེ་ལ་ཕན་པའི་འཕྲུལ་འཁོར་རྩེད་ན་ཕན་པ་མ་གཏོགས་གང་བྱུང་ཤུགས་ཆེན་པོ་རྩེད་ན་རེ་ཟུང་ལ་གནོད་ཀྱང་སྲིད་པ་རེད། དཔེར་ན། བུད་མེད་སྦྲུམ་མ་དེ་འདྲས་རྩ་རླུང་འཕྲུལ་འཁོར་ཤུགས་ཆེན་པོ་རྩེད་ན་ཡག་པོ་ཡོད་པ་མ་རེད།

དོན་འགྲུབ་བཀྲ་ཤིས། རྩ་རླུང་འཕྲུལ་འཁོར་རིགས་དེ་འདྲའི་རྩ་ཆེན་པོ་ཞིག་ཡིན་ན། བོད་པའི་སྤྱི་ཚོགས་ནང་དར་ཁྱབ་མ་ཕྱིན་པའི་རྒྱུ་མཚན་དང་། ཕྱི་རྒྱལ་བ་ཚོས་དགའ་མོས་དེ་ཙམ་བྱེད་དོན་གང་ཡིན་ནམ།

6-TibetTimesསྤྲུལ་སྐུ་བློ་བཟང་། ཁྱོད་ཀྱི་དྲི་བ་འདི་ཧ་ཅང་གནད་འགག་རེད། ང་རང་གིས་ཀྱང་དེ་དྲན་བསྡད་ཡོད། ལུས་སེམས་གཉིས་ཀར་བདེ་ཐང་ཡོང་བ་དང་། འདི་ཕྱི་གཉིས་ཀར་ཕན་ཐོགས་པ་འདི་ལྟ་བུའི་རྩ་ཆེན་པོ་ཞིག་ཅིའི་ཕྱིར་བོད་པའི་སྤྱི་ཚོགས་ནང་མ་དར་བ་རེད། རྩ་བའི་ཆ་ནས་རྩ་རླུང་འཕྲུལ་འཁོར་རིགས་མང་ཆེ་བ་གསང་སྔགས་ནང་དུ་ཡོད་སྟབས། གསང་སྔགས་ཟེར་བ་དེ་ཉེན་ཁ་ཆེན་པོ་དང་གསང་བ་བྱེད་དགོས་པ་ཞིག་རེད་བསམ་ནས་མ་དར་བ་ཡིན་སྲིད་ཀྱང་། ཕྱོགས་གཞན་ཞིག་ནས་བོད་པ་ཚོ་རྫིག་པོ་དང་འདྲ་ཆགས་པོ་བྱེད་རྒྱུར་དགའ་བོ་ཡོད་པ་རེད། ལུས་སྦྱོང་འཕྲུལ་འཁོར་འདི་རིགས་ཐོག་མ་སྦྱོང་སྐབས། བོད་པའི་ལྟ་སྟངས་བྱས་ན་དེ་ཙམ་འདྲ་ཆགས་པོ་དང་། བབ་ཆགས་པོ་ཡོད་པ་མ་རེད། ང་རང་ལ་མཚོན་ན་ཐོག་མ་བློས་གཏོང་མང་པོ་བྱས་པ་ཡིན། གང་ཡིན་ཟེར་ན། ང་གྲྭ་བ་ཞིག་ཡིན་པའི་མི་ཚད་སྤྲུལ་སྐུ་ཞིག་གི་མིང་ཡང་ཡོད་སྟབས། སྤྱི་ཚོགས་ནང་ང་ལ་ལྟ་སྟངས་དང་ལབ་གླེང་མང་པོ་བྱུང་སོང་།

ཕྱི་རྒྱལ་བ་ཚོས་དགའ་བོ་བྱེད་དོན་གཙོ་བོ་ཁོ་རང་ཚོའི་གཟུགས་པོ་བདེ་ཐང་ཐོག་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པ་རེད། ཕྱོགས་གཉིས་ནས་ཕྱི་རྒྱལ་བ་ཚོར་མཚོན་ན། ཁ་ནས་མང་པོ་ཞིག་བཤད་སྡོད་པ་ལས་དངོས་སུ་ལག་ལེན་དང་སྟོན་རྒྱུ་ཡོད་ན་དགའ་བོ་བྱེད་པ་རེད། ང་རང་ལ་མཚོན་ན། ལུས་སྦྱོང་འཕྲུལ་འཁོར་དང་འབྲེལ་བའི་དེབ་དང་ལམ་སྟོན་ཆ་ཚང་ཡོད་པ་མ་ཟད། སོ་སོ་དངོས་སུ་མདུན་ལ་ཐོན་ཏེ་རྩེད་བཞིན་ཡོད་སྟབས། ཆ་རྐྱེན་འདྲ་བོ་ཚང་བསྡད་ཡོད་པ་རེད།

དོན་འགྲུབ་བཀྲ་ཤིས། དེང་སྐབས་རྒྱ་དཀར་ནག་དང་། ཕྱི་རྒྱལ་སོགས་སུ་ཡཱོ་གྷ་རིགས་འདྲ་མིན་དར་ཁྱབ་ཆེན་པོ་རེད། ཁྱེད་རང་གི་ལུས་སྦྱོང་ནང་གྲི་བཟུང་སྟེ་སྦྱོང་གི་ཡོད་པ་དེ་རྒྱ་ནག་གི་དྲག་རྩལ་དང་ཅུང་འདྲ་བོ་འདུག

སྤྲུལ་སྐུ་བློ་བཟང་། དེང་སྐབས་འཛམ་གླིང་ན་ཡཱོ་གྷ་རིགས་མང་དྲགས་ཏེ། གང་ཞིག་ཡཱོ་གྷ་ཡིན་པ་དང་། གང་ཞིག་ཡཱོ་གྷ་མིན་པའང་ཤེས་ཀྱི་ཡོད་པ་མ་རེད། རྩ་བའི་ཆ་ནས་རྒྱ་གར་གྱི་ཡཱོ་གྷ་དེ་གཟུགས་པོ་ཞེ་དྲགས་མཉེད་དགོས་ཀྱི་ཡོད་པ་ཞིག་དང་། བོད་པའི་འཕྲུལ་འཁོར་དེ་གཟུགས་པོར་སྟོབས་དང་ཤེད་ཤུགས་དགོས་ཀྱང་ལུས་པོ་དེ་ཙམ་མཉེད་དགོས་པ་ཞིག་མ་རེད། རྒྱ་ནག་གི་ཀུང་ཧྥིའོ་ལྟ་བུར་མཚོན་ན་དྲག་རྩལ་རང་རྒྱག་གི་ཡོད་པ་དེ་མ་འདྲ་བ་ཞིག་རེད་མ་གཏོགས། སྤྱིར་བཏང་གི་ཐའེ་ཆིའུ་ཟེར་བའི་ལུས་རྩེད་དེ་རིགས་ཧ་ཅང་འཇམ་པོ་རེད། རྒྱ་ནག་གི་ཡཱོ་གྷ་དང་བོད་པའི་འཕྲུལ་འཁོར་ལ་འདྲ་བའི་ཆ་མང་པོ་འདུག

7-TibetTimesང་རང་གིས་གྲི་བཟུང་སྟེ་ལུས་སྦྱོང་རྩེད་བཞིན་ཡོད་པ་དེའི་མིང་ལ་རྟོག་གཅོད་ཟེར་གྱི་ཡོད། དེ་བོད་གྱི་འཆམ་ལ་གཞི་བཟུང་སྟེ་གསར་གཏོད་བྱས་པ་རེད། ལུས་སྦྱོང་ཤུགས་ཆེན་པོ་དང་མཁྲེགས་པོ་ཡོང་བའི་ཆེད་དུ་རེད། ཅི་ཙམ་ཤུགས་ཆེན་པོ་དང་མཁྲེགས་པོ་རྩེད་ཐུབ་ན་དེ་ཙམ་གྱིས་རྣམ་རྟོག་འགོག་ཐུབ་པར་ཕན་པ་རེད། སྤྱིར་བཏང་ལུས་སྦྱོང་ལ་ཕྱིའི་ལས་སྦྱོང་དང་ནང་གི་ལས་སྦྱོང་། གསང་བའི་ལས་སྦྱོང་གསུམ་ཡོད་པ་རེད། དགོན་པ་ལ་ལར་འཆམ་འཁྲབ་ཀྱི་ཡོད་པ་དེ་ཕྱིའི་ལུས་སྦྱོང་དང་། ལུས་སྦྱོང་རྩེད་བཞིན་དུ་རླུང་འཛིན་པ་དེ་ནང་གི་ལས་སྦྱོང་རེད། ལུས་སྦྱོང་དང་རླུང་འཛིན་པ། ཡི་དམ་སྒོམ་པ་གསུམ་མཉམ་དུ་བྱེད་པ་དེ་གསང་བའི་ལུས་སྦྱོང་རེད།

དོན་འགྲུབ་བཀྲ་ཤིས། ཁྱེད་རང་གིས་ཕྱི་རྒྱལ་བ་ཚོར་རྩ་རླུང་འཕྲུལ་འཁོར་ཁྲིད་སྤེལ་གནང་གི་ཡོད་པ་རེད། ཕྱི་རྒྱལ་བ་ཚོར་མཚོན་ན་ནང་ཆོས་ལ་གོ་རྟོགས་ཡོད་པ་མ་རེད། ཁྱོད་རང་གིས་ཐབས་ལམ་ག་རེ་བེད་སྤྱོད་གནང་གི་ཡོད།

སྤྲུལ་སྐུ་བློ་བཟང་། ངའི་རྩ་རླུང་འཕྲུལ་འཁོར་འདི་ལ་ཆོས་དང་མ་འབྲེལ་བའི་རྩ་རླུང་འཕྲུལ་འཁོར་ཟེར་གྱིན་ཡོད། དེ་གང་ཡིན་ཟེར་ན། རྩ་རླུང་འཕྲུལ་འཁོར་འདི་རྩ་བའི་ནང་ཆོས་ལས་གསང་སྔགས་ནང་གི་གདམས་པ་ཟབ་མོ་ཞིག་ཡིན་ཡང་། ངས་དེའི་ཐོག་ལ་གསར་གཏོད་མང་པོ་ཞིག་བྱས་ཏེ། ང་རང་གིས་སློབ་ཁྲིད་བྱེད་བཞིན་པའི་འཕྲུལ་འཁོར་སྣ་ཁ་ ༢༢ ཙམ་ཡོད། བོད་པའི་ནང་ཆོས་ནང་གི་རྩ་རླུང་འཕྲུལ་འཁོར་རིགས་ཉམས་ལེན་བྱེད་པར་སྔོན་ལ་སྡོམ་པ་ལེན་པ་དང་དབང་ཞུ་དགོས་པ་སོགས་མང་པོ་ཡོད་ཀྱང་། ངས་ཕྱི་རྒྱལ་བ་ཚོར་ཆ་རྐྱེན་གང་ཡང་མ་བཏོན་པའི་ཐོག་ནས་སློབ་ཁྲིད་བྱེད་ཀྱིན་ཡོད། སྔོན་མ་ང་༧གོང་ས་མཆོག་ལ་མཇལ་ཏེ་ངའི་རྩ་རླུང་སྐོར་གྱི་དེབ་དེ་སྦྱན་འབུལ་ཞུས་སྐབས། ཁོང་གིས་ཁྱོད་རང་གི་རྩ་རླུང་དེ་ (Secular Ethics)ཡིན་དགོས་པ་གལ་ཆེན་པོ་རེད། ཆོས་དང་འབྲེལ་བ་ཡིན་ན་ཕྱི་རྒྱལ་བ་ཚོས་དགའ་བོ་བྱེད་པ་མ་རེད། དེ་ལྟར་ཕྱིན་པ་ཡིན་ན་ནང་པ་ཉུང་ཤས་ཤིག་ལ་མ་གཏོགས་ཕན་ཡང་ཐོགས་པ་མ་རེད་གསུངས་སོང་།

8-TibetTimesཕྱི་རྒྱལ་བ་ཚོར་སློབ་ཁྲིད་བྱེད་སྐབས་ཐོག་མ་ལུས་སྦྱོང་དང་། རིམ་གྱིས་རྩ་རླུང་ངོ་སྤྲོད་བྱེད་ཀྱིན་ཡོད། ཕྱི་རྒྱལ་མང་ཆེ་བ་ལུས་སྦྱོང་དང་རྩ་རླུང་ཙམ་གྱིས་འགྲིག་འགྲོ་བ་རེད། ཁ་ཤས་ཀྱིས་མུ་མཐུད་དུ་སྦྱང་གི་ཡིན་ཟེར་ན་དེ་ཚོར་གཏུམ་མོ་དང་། དེ་ནས་བདེ་བ་དང་སེམས་ཀྱི་རང་བཞིན་སོགས་ངོ་སྤྲོད་བྱས་པ་ཡིན། ང་རང་གི་སློབ་ཚན་དེ་ཙམ་རེད། ད་དུང་ཚད་མཐོ་བོར་སྦྱང་འདོད་ཡོད་མཁན་ཡིན་ན། རྒྱ་གར་དང་བོད་ནང་སོགས་ལ་སོང་ནས་བོད་པའི་དགོན་སྡེ་ཁག་དང་ཉམས་ལེན་པ་དེ་ཚོའི་གམ་ནས་དབང་དང་སྡོམ་པ་ཞུ་དགོས་པ་རེད་ཟེར་གྱིན་ཡོད།

དོན་འགྲུབ་བཀྲ་ཤིས། རྒྱ་གར་དང་ཐའེ་ལན་ཌི་སོགས་ཀྱི་ཆོས་པ་རེ་ཟུང་གིས་མེ་དང་སྣུམ་ཚ་བོའི་ནང་བསྡད་དེ་ཚོད་ལྟ་བྱེད་ཀྱིན་ཡོད་པའི་བརྙན་དེ་འདྲ་མཐོང་སོང་། བོད་པའི་རྩ་རླུང་འཕྲུལ་འཁོར་ཟེར་བ་འདི་ཕྱི་ནང་ཐུན་མོང་རེད་དམ།

སྤྲུལ་སྐུ་བློ་བཟང་། བོད་པའི་རྩ་རླུང་ཟེར་བའི་རླུང་དེ་རགས་པའི་ཐོག་ནས་བཤད་ན། ང་ཚོས་ཁ་དང་སྣ་ནས་འབྱིན་རྔུབ་བྱེད་པའི་རླུང་དེ་རེད། སྒོམ་རྒྱག་པ་དང་འཕྲུལ་འཁོར་རྩེད་དེ་རླུང་དེ་འགོག་གི་ཡོད་པ་རེད། ནང་ཆོས་ནང་དུ་ང་ཚོས་ཉིན་ཞག་གཅིག་ལ་དབུགས་འབྱིན་རྔུབ་གྲངས་ ༢༡༦༠༠ བྱེད་ཀྱིན་ཡོད་པ་དང་། དེའི་ནང་ཡེ་ཤེས་ཀྱི་རླུང་ ༦༧༥ ཡོད་པ་རེད། ང་ཚོའི་མི་ཚེ་དེ་ལོ་ ༡༠༠ ལ་ཚད་བརྒྱབ་སྟེ་ཡེ་ཤེས་ཀྱི་རླུང་ཕྱོགས་སྡོམ་བྱས་ཏེ་མཐུད་བརྒྱབ་ན་ལོ་གསུམ་ཟླ་གསུམ་ཞག་མ་གསུམ་གྱི་དུས་ཡུན་ཡིན་ཟེར་གྱི་ཡོད། ‘ལོ་གསུམ་ཕྱོགས་གསུམ’ ལ་སྒོམ་སྒྲུབ་བྱེད་དགོས་ཟེར་གྱི་ཡོད་པའི་ནང་དོན་དེ་རེད།

9-TibetTiems

རླུང་ལ་རིགས་མང་པོ་ཡོད་པ་རེད། སྲོག་འཛིན་དང་ཐུར་སེལ། གྱེན་རྒྱུ། མེ་མཉམ། ཁྱབ་བྱེད་ཟེར་བ་སོགས་ཡོད། དེ་དག་ལུས་ཀྱི་རྩ་ཕྲན་ཐམས་ཅད་ནང་ཁྱབ་བསྡད་ཡོད་པ་རེད། ང་ཚོའི་དགའ་སྐྱོ་ཆགས་སྡང་དང་། འདོད་ཆགས་ཞེ་སྡང་གཏི་མུག་ཚང་མ་རླུང་གིས་དེ་དག་གིས་རྒྱུ་རྐྱེན་བྱས་ཏེ་ཡོང་གི་ཡོད་པ་རེད། སྒོམ་དང་རྩ་རླུང་འཕྲུལ་འཁོར་སོགས་ལ་བརྟེན་ཏེ་རླུང་ཕྲ་རགས་ཐམས་བཅད་བཀག་པ་ཡིན་ན། སེམས་རང་བཞིན་གྱིས་འཛིན་ཐུབ་ཀྱི་ཡོད་པ་རེད། སེམས་བཀག་པ་ཡིན་ན་སེམས་ཀྱི་རང་བཞིན་ཇེ་གསལ་དུ་སོང་སྟེ་སྟོང་ཉིད་མངོན་དུ་འགྱུར་བཞིན་ཡོད་པ་རེད།

རྩ་བའི་ཆ་ནས་གཏུམ་མོ་དེ་ཕྱི་ནང་ཐུན་མོང་རེད། ནང་པའི་ཐུན་མོང་མ་ཡིན་པའི་གཏུམ་མོ་དེ་བདེ་སྟོང་དབྱེར་མེད་ཟེར་བ་དེ་རེད། དེ་ལ་ས་དགེ་བཀའ་རྙིང་སོགས་ལ་འགྲེལ་སྟངས་ཅུང་མི་འདྲ་བ་རེ་ཡོད་ས་རེད། རྒྱ་གར་དང་ཐའེ་ལན་ཌི་སོགས་སུ་མེ་དང་སྣུམ་ཚ་བོའི་ནང་སྡོད་ཀྱི་ཡོད་པ་དེའི་སྐོར་ངས་ཤེས་ཀྱི་མེད། ཡིན་ནའང་གཏུམ་མོ་སྒོམ་ནས་ནུས་པ་ཚད་མཐོན་པོར་བསླེབས་ཏེ་རྩ་རླུང་ལ་དབང་བསྒྱུར་བ་ཡིན་ན། ས་ཆུ་མེ་རླུང་གང་གིས་ཀྱང་མི་ཚུགས་པ་དང་། ཚ་གྲང་གང་གིས་ཀྱང་གནོད་མི་ཐུབ་པ་ཞིག་ཡིན་ས་རེད།

དོན་འགྲུབ་བཀྲ་ཤིས། རྩ་རླུང་འཕྲུལ་འཁོར་འདི་རིགས་སངས་རྒྱས་ཤཀྱཱ་ཐུབ་པ་རང་གིས་གསུངས་པ་ཞིག་ཡིན་མིན་དང་། དེ་དག་ནང་པའི་གཞུང་གང་དག་ནང་ཡོད་པ་སོགས་ངོ་སྤྲོད་ཅིག་གནང་རོགས།

སྤྲུལ་སྐུ་བློ་བཟང་། རྩ་རླུང་འཕྲུལ་འཁོར་རིགས་མདོ་སྔགས་གཉིས་ལས་སྔགས་ཀྱི་ནང་དུ་ཡོད་པ་རེད། ང་རང་ལ་ལྟ་རྒྱ་ཐོས་རྒྱ་ཞེ་དྲགས་ཡོད་པ་མ་རེད་དེ། ཇོ་ནང་ཏཱ་ར་ནཱ་ཐས་ “རྒྱུད་པ་འདི་གཉིས་ཤིན་ཏུ་ལེགས་ལ།” ཞེས་གསུངས་ཡོད་པ་རེད། རྒྱུད་རང་གི་ནང་དུ་བསྟན་ཡོད་པའི་འཕྲུལ་འཁོར་གཉིས་ང་རང་གིས་དངོས་སུ་མཐོང་མྱོང་ཡོད། དེ་ལས་གཞན་པ་རྣམས་ཉམས་ལེན་པ་དེ་ཚོར་རྡོ་རྗེ་འཆང་གིས་དངོས་སུ་གནང་བ་དང་དག་སྣང་དང་ཉམས་མྱོང་གི་ཐོག་ནས་རྙེད་པ་སོགས་ཡིན་པ་འདྲ། བོད་པའི་ཆོས་བརྒྱུད་ཁག་ལ་འཕྲུལ་འཁོར་རིགས་འདྲ་མིན་མང་པོ་ཡོད་པ་རེད། དགེ་ལྡན་པ་འཕྲུལ་འཁོར་ཉུང་ཤོས་རེད། འབྲུག་པ་བཀའ་བརྒྱུད་མང་ཤོས་ཡིན་རྒྱུ་རེད། ཇོ་ནང་ལ་དུས་འཁོར་གྱི་འཕྲུལ་འཁོར་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་རེད། བོན་པོར་འཕྲུལ་འཁོར་མང་པོ་ཡོད་པ་རེད། གཙོ་བོ་རྫོགས་པ་ཆེན་པོ་རེད།

རྩ་རླུང་འཕྲུལ་འཁོར་འདི་ཆོས་བསྒྲུབ་རྒྱུའི་དམིགས་ཡུལ་ཞིག་གི་ཐོག་ནས་ཉམས་ལེན་བྱ་རྒྱུ་ཡིན་ན། ཆོས་ལུགས་ཆོས་བརྒྱུད་སོ་སོར་འགྲོ་སྟངས་མ་འདྲ་བ་ཡོད་ཀྱང་། ན་རོ་ཆོས་དྲུག་ལྟ་བུར་མཚོན་ན། ཐོག་མ་ཐུན་མོང་གི་སྔོན་འགྲོ་སྦྱོང་དགོས་པ་དང་། དེ་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་དགོས། དེ་ནས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་དབང་ཞུ་དགོས་པ་རེད། དེ་ནས་གཏུམ་མོ་དང་སྒྱུ་ལུས། འོད་གསལ། རྨི་ལམ། བར་དོ། འཕོ་བ་སོགས་གོ་རིམ་བཞིན་འགྲོ་དགོས་པ་རེད།

948c1130baff754d4ebfda6147b21665

སྤྲུལ་སྐུ་བློ་བཟང་དམ་ཆོས་ཉི་མ་མཆོག་ངོ་སྤྲོད་མདོ་བསྡུས།

གཉན་རྩེ་སྤྲུལ་སྐུ་བློ་བཟང་དམ་ཆོས་ཉི་མ་མཆོག་ནི། ༡༩༧༦ ལོར་མདོ་སྨད་རྔ་པ་བསུ་བ་ཡུལ་ཚོ་རུ་སྐྱེས་ཤིང་། དགུང་ལོ་བདུན་གྱི་ཐོག་ནས་བསུ་བ་དགོན་པའི་ཆོས་སྒོར་ཞུགས་ཏེ། ཡི་གེ་འབྲི་ཀློག་ནས་མགོ་བཙུགས་ཏེ་རྒྱུད་སྡེ་བཞིའི་ཆོ་ཀ་ཕྱག་ལེན་སོགས་ལ་སློབ་གཉེར་གནང་བཞིན་པའི་སྐབས་ལ་གཉན་རྩེའི་སྤྲུལ་སྐུའི་ཡང་སྲིད་དུ་ངོས་འཛིན་གནང་ཡོད་འདུག རྗེས་སུ་ཨ་མཆོག་མཚན་ཉིད་དགོན་དང་བླ་བྲང་བཀྲ་ཤིས་འཁྱིལ་སོགས་སུ་བློ་རྟགས་བསྡུས་གྲྭ་དང་ཕར་ཕྱིན་སོགས་ལ་གསན་བསམ་མཛད། ཞོར་དུ་བོད་ཀྱི་གསོ་བ་རིག་པ་དང་རྩིས་དཀར་ནག་སོགས་ལ་སློབ་གཉེར་གནང་།

12-TibetTimesདེའི་རྗེས་དབུས་ཕྱོགས་སུ་མཇལ་སྐོར་དང་བསྟུན་ཏེ་ ༡༩༩༠ ལོར་རྒྱ་གར་དུ་འབྱོར་ཏེ་ལྷོ་ཕྱོགས་དགའ་ལྡན་ཤར་རྩེའི་སོག་པ་ཁང་ཚན་དུ་ཞུགས་ཏེ་དགེ་བའི་བཤེས་གཉེན་མང་པོའི་མདུན་ནས་གཞུང་ཆེན་ལྔ་དང་གསང་སྔགས་སོགས་ལ་སློབ་གཉེར་མཛད། ༡༩༩༦ ལོར་གདན་ས་ནས་ཐོན་ཏེ་ཕྱོགས་མེད་དུ་འཁྱམས་ཏེ་ལུས་སྦྱོང་རྩ་རླུང་འཕྲུལ་འཁོར་རིགས་ཉམས་ལེན་གནང་ཡོད་ཅིང་། ཇོ་ནང་མཁན་པོ་ནག་ཤེར་སོགས་ཀྱི་མདུན་ནས་དུས་འཁོར་སྦྱོར་དྲུག་དང་། བཀའ་བརྒྱུད་མཁན་པོ་ཨ་ཆོས་ཀྱི་མདུན་ནས་ན་རོ་ཆོས་དྲུག དེ་བཞིན། བོད་ཕྱི་ནང་གཉིས་དང་རྒྱ་བལ་འབྲུག་གསུམ་སོགས་ཀྱི་ཆོས་བརྒྱུད་གྲུབ་མཐའ་འདྲ་མིན་གྱི་བླ་མ་དགེ་བཤེས་མང་པོའི་མདུན་ནས་ལུས་སྦྱོང་རྩ་རླུང་འཕྲུལ་འཁོར་གྱི་གདམས་པ་མང་པོ་བླངས་ཡོད་འདུག

13-TibetTiemsཕྱི་ལོ་ ༢༠༡༤ ལོའི་ཕྱི་ཟླ་ ༩ པའི་ནང་བློ་བཟང་དམ་ཆོས་ཉི་མ་མཆོག་དྷ་རམ་ས་ལར་ཕེབས་ཏེ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་དང་དགོན་སྡེ་ཁག་བཅས་སུ་ལུས་སྦྱོང་ཁྲིད་སྤེལ་གནང་ཡོད། ཁོང་གིས་འདས་པའི་ལོ་ངོ་ ༢༠ ཉེ་བའི་རིང་རྒྱ་གར་དང་ཡུ་རོབ་གཙོས་པའི་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོའི་ནང་ལུས་སྦྱོང་སློབ་ཁྲིད་དང་རྩ་རླུང་འཕྲུལ་འཁོར་གྱི་སློབ་མ་སྟོང་ཕྲག་མང་པོ་སྐྱེད་སྲིང་གནང་ཡོད་པ་མ་ཟད། དབྱིན་ཡིག་གཙོས་པའི་སྐད་ཡིག་མང་པོའི་ནང་ཁོང་གི་ལུས་སྦྱོང་སྐོར་གྱི་དེབ་མང་པོ་འདོན་སྤེལ་གནང་ཡོད་ཅིང་། བོད་ཡིག་ཐོག་༼ཡབ་ཆོས་རྩ་རླུང་འཕྲུལ་འཁོར་གྱི་ལུས་སྦྱོང་ཐར་བའི་ལམ་ཆེན་བཞུགས་སོ།།༽ ཞེས་པ་བོད་ནང་དཔར་སྐྲུན་ཞུས་ཡོད་པ་དང་། ༼བདེན་པ་མི་གཙོ་ཕན་པ་གཙོ།༽ཞེས་པ་དང་༼རང་བཤད་ལྟ་བའི་མགུར་དབྱངས།༽ཞེས་པ་སོགས་སྔ་ཕྱིར་དཔར་འགྲེམ་ཞུས་ཡོད་པ་རེད།

 

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་མུ་འགོད།

ཚན་པ་གཉིས་པ་ ‘རྩ་རླུང་ཐིག་ལེ་དང་གཏུམ་མོ’ སོགས་ཀྱི་སྐོར་ཟླ་འདིའི་ཚེས་ ༩ ཉིན་འགོད་རྒྱུ་ཡིན།

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply

14 thoughts on “ནད་ཅན་གྱི་ན་ཚ་དྲག་སྐྱེད་དང་ནད་མད་ཀྱི་ལུས་སྟོབས་རྒྱས་བྱེད་འཕྲུལ་འཁོར། (༡)