ད་རེས་གྲོས་ཚོགས་སྟེང་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཚོགས་ཆུང་གི་སྙན་ཐོའི་ནང་། སྲིད་སྤྱིའི་འོས་བསྡུར་སྔོན་འགྲོ་དང་དངོས་གཞི་གཉིས་དགོས་ཞེས་བཀོད་ཡོད་པ་དེར་བཀའ་ཤག་གིས་མོས་མཐུན་མ་གནང་བར། སྲིད་སྐྱོང་གིས་སྣེ་འཁྲིད་དེ་བཀའ་བློན་རྣམས་གྲོས་ཚོགས་ལས་ཕྱིར་ཐོན་པ་དེའི་ཐད་དགོངས་ཚུལ་ག་རེ་ཡོད། ཅེས་བོད་མི་མང་སྤྱི་འཐུས་ཁག་ཅིག་ལ་དྲི་བ་བཏོན།
ཟླ་འདིའི་ཚེས་ ༡༨ ཉིན། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་། བཀའ་སྤྱི་གཉིས་ལས་གྲུབ་པའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཚོགས་ཆུང་གི་སྙན་ཐོ་སྒྲོགས་སྦྱོང་གནང་རྗེས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྙན་ཐོ་དེའི་ནང་སྲིད་སྤྱི་གཉིས་ཀྱི་འོས་བསྡུར་སྔར་རྒྱུན་བཞིན་སྔོན་འགྲོ་དང་དངོས་གཞི་གཉིས་དགོས་པ་འཁོད་ཡོད་པ་དེར་མོས་མཐུན་མེད་སྐོར་གསུངས་ཏེ་གྲོས་ཚོགས་ལས་ཕྱིར་འཐོན་མ་ཐག བཀའ་བློན་ཚང་མ་གྲོས་ཚོགས་ལས་ཕྱིར་ཐོན་ཡོད།
འོས་བསྡུའི་སྒྲིག་གཞི་བསྐྱར་ཚོགས་ཚོགས་ཆུང་དེར་ཚོགས་མི་ ༥ ཡོད་པ་དག་ནི།
ཚོགས་གཙོ། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས།
ཚོགས་དྲུང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན།
ཚོགས་མི། འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ།
ཚོགས་མི། སྤྱི་འཐུས་པདྨ་འབྱུང་གནས།
ཚོགས་མི། སྤྱི་འཐུས་རྒྱ་རིགས་ཐར།