བུ་མོ་བསྟན་འཛིན་དཔལ་སྒྲོན་ལགས་སུ་བོད་ཀྱི་མཛངས་མའི་རྒྱལ་ཁ་ཐོབ།

དོ་ནུབ་དྷ་ས་ཟློས་གར་ཐང་ཆེན་དུ་མི་མང་གི་ཐལ་སྒྲ་དང་འབོད་སྒྲའི་ཁྲོད་བུ་མོ་བསྟན་འཛིན་དཔལ་སྒྲོན་ལགས་སུ་མཛངས་མ་ཨང་དང་པོའི་རྒྱལ་ཁ་ཐོབ་སྟེ་ ༢༠༡༧ ལོའི་བོད་ཀྱི་མཛངས་མའི་དངུལ་དཀར་གྱི་དབུ་རྒྱན་ཁོང་མོར་སྒྲོན་འབུལ་ཞུས་སོང་།

དེ་རིང་ཕྱི་ཟླ་ ༦ ཚེས་ ༤ ཉིན་གྱི་དགོང་མོའི་ཆུ་ཚོད་  ༡༡ སྟེང་དྷ་རམ་ས་ལའི་བོད་ཀྱི་ཟློས་གར་ཚོགས་པའི་ཐང་ཆེན་དུ། ༢༠༡༧ ལོའི་བོད་ཀྱི་མཛངས་མ་འདེམས་སྒྲུག་གི་མཐའ་མའི་འགྲན་བསྡུར་གནང་བའི་ཐོག རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་སྒར་ནས་ཕེབས་པའི་རང་ལོ་ ༢༡ ཡིན་པའི་བུ་མོ་བསྟན་འཛིན་དཔལ་སྒྲོན་ལགས་སུ་ཨང་དང་པོ་ཐོབ་སོང་།

གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ད་བར་བོད་ཀྱི་མཛངས་མ་འགྲན་བསྡུར་ཐེངས་ ༡༥ ཙམ་གོ་སྒྲིག་གནང་ཡོད་པ་དང་། མ་འོངས་པར་ལས་འགུལ་འདིའི་བདག་དབང་ཉོ་མཁན་ཡོད་ན་བཙོང་རྒྱུ་ཡིན་སྐོར་དང་། ལས་འགུལ་གོ་སྒྲིག་བྱེད་མཁན་བརྗེ་བོ་རྒྱབ་ན་མི་མང་ལ་དོ་སྣང་བསླེབ་པ་མ་ཟད། གོ་སྒྲིག་པར་ཡང་བསམ་བློ་དང་འཆར་གཞི་གསར་བ་བསླེབ་ངེས་ཡིན་སྐོར་སོགས་བརྗོད་བྱུང་།

ད་ལོའི་འགྲན་བསྡུར་ཁྲོད། ཨང་གཉིས་པ་རྒྱ་གར་ལྷོ་ཕྱོགས་བྷིང་ལོར་ནས་ཡོང་བའི་རང་ལོ་ ༢༢ ཡིན་པའི་བུ་མོ་བསྟན་འཛིན་མཁས་ཆོས་ལགས་དང་། ཨང་གསུམ་པ་ཅོན་ཏ་ར་ནས་ཡོང་བའི་རང་ལོ་ ༢༠ ཡིན་པའི་བུ་མོ་བསྟན་འཛིན་ནོར་སྒྲོན་བཅས་སུ་ཐོབ་ཡོད་པ་རེད།

དོ་ནུབ་ཟློས་གར་ཐང་གི་བོད་ཀྱི་མཛངས་མ་འགྲན་བསྡུར་སྟེང་། དྷ་ས་ཁུལ་གྱི་མི་མང་ ༡༠༠༠ ཡས་མས་འཛོམས་ཡོད་པ་དང་། དཀར་དམར་གློག་འོད་དང་ཤོག་སྦག་སྒྲོན་པའི་གར་སྟེགས་སྟེང་། འགྲན་ཞུགས་བུ་མོ་རྣམས་ཀྱིས་རེ་རེ་བཞིན་ཐོག་མར་རབས་ཆས་གོས་གྱོན་ཏེ་གཟུགས་བྱད་སྒེག་འགྲོས་འགྲན་བསྡུར་གནང་བ་དང་། དེའི་རྗེས་ལ་སླར་ཡང་བོད་པའི་སྲོལ་རྒྱུན་ཆས་གོས་གྱོན་ཏེ་སྒེག་འགྲོས་འགྲན་བསྡུར། དེ་བཞིན། ཟུར་དཔང་བ་དག་གིས་དྲི་བར་ལན་འདེབས་གནང་བ་སོགས་ཀྱི་རིམ་པ་ཁག་གྲུབ་རྗེས་སྐར་གྲངས་ཕྱོགས་བསྡོམས་བྱས་ཏེ། གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་ད་ལོའི་བོད་ཀྱི་མཛངས་མའི་ཨང་རིམ་གསལ་བསྒྲགས་བསྐྱངས་ཡོད་པ་རེད།

བོད་ཀྱི་མཛངས་མ་འགྲན་བསྡུར་འདི་དྷ་རམ་ས་ལར་གནས་སྡོད་རང་དབང་གི་གསར་འགོད་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་ ༢༠༠༢ ལོར་ཐོག་མར་མགོ་འཛུགས་གནང་ཡོད་ཅིང་། འདས་པའི་ལོ་ངོ་བཅོ་ལྔའི་རིང་བོད་ཀྱི་མཛངས་མ་འགྲན་བསྡུར་གྱི་བྱ་འགུལ་འདིས་ཀྱག་ཀྱོག་གི་ལམ་ཁ་མང་པོ་ཞིག་བརྒྱུད་ཡོད་པ་མ་ཟད། དེ་སྔ་འགྲན་ཞུགས་པ་མང་ཤོས་ཐེངས་ཤིག་བུ་མོ་ ༦ བྱུང་ཡོད་པ་དང་། སྐབས་ ༤ ལ་བུ་མོ་གཅིག་རེ་ལས་མ་བྱུང་བའི་གནས་ཚུལ་ཡང་བྱུང་ཡོད།

བོད་ཀྱི་མཛངས་མ་འགྲན་བསྡུར་གྱི་ལས་འགུལ་འདིར་བོད་པའི་སྤྱི་ཚོགས་ནང་དཀའ་ངལ་དང་གླེང་གཞི་མང་པོ་ཞིག་ཡོང་གི་ཡོད་པ་ནི། ལས་དོན་འདི་བོད་པའི་ཡུལ་སྲོལ་གོམ་གཤིས་དང་ཡ་རབས་བཟང་སྤྱོད་སོགས་དང་མཐུན་མིན་དང་། འགྲན་བསྡུར་འདིའི་ནང་ཞུགས་མཁན་བུ་མོ་ཚོར་བོད་ཀྱི་ “མཛངས་མ” དང་། “མཛེས་མ” གང་གི་མཚན་ཐོབ་འོས་མིན། དེ་བཞིན། མཛངས་མའི་མིང་ཐོབ་རག་མཁན་ཚོས་བོད་ཡིག་བོད་སྐད་ཡག་པོ་ཤེས་མིན་སོགས་ཡིན།

ད་ལོ་འགྲན་ཞུགས་བུ་མོ་ ༩ བྱུང་ཡོད་པ་དང་། དེ་ནི་འདས་པའི་ལོ་ངོ་བཅོ་ལྔའི་རིང་གི་འགྲན་ཞུགས་པ་ཆེས་མང་ཤོས་དེ་ཆགས་ཡོད། མཛངས་མ་འགྲན་སྡུར་ཁྲོད་ཨང་དང་པོ་ཐོབ་མཁན་ལ་བྱ་དགའ་ཧིན་སྒོར་ ༡༠༠༠༠༠ དང་། ཨང་གཉིས་པར་ཧིན་སྒོར་ ༥༠༠༠༠ ། ཨང་གསུམ་པར་ཧིན་སྒོར་ ༢༥༠༠༠ བཅས་འབུལ་རྒྱུ་ཡིན་པ་གསལ་བསྒྲགས་གནང་ཡོད་པ་རེད།

༢༠༡༧ ལོའི་སྐབས་བཅོ་ལྔ་པའི་བོད་ཀྱི་མཛངས་མ་བསྟན་འཛིན་དཔལ་སྒྲོན་ལགས།
༢༠༡༦ ལོའི་སྐབས་བཅུ་བཞི་པའི་བོད་ཀྱི་མཛངས་མ་བསྟན་འཛིན་སངས་ཉི་ལགས།
༢༠༡༥ ལོའི་སྐབས་བཅུ་གསུམ་པའི་བོད་ཀྱི་མཛངས་མ་པདྨ་བསྟན་འཛིན་ལགས།
༢༠༡༤ ལོའི་སྐབས་བཅུ་གཉིས་པའི་བོད་ཀྱི་མཛངས་མ་བསྟན་འཛིན་གཡང་འཛོམས་ལགས།
༢༠༡༣ ལོའི་སྐབས་བཅུ་གཅིག་པའི་བོད་ཀྱི་མཛངས་མ་བསྟན་འཛིན་ལྷ་མོ་ལགས།
(༢༠༡༢ ལོའི་སྐབས་བཅུ་བའི་བོད་ཀྱི་མཛངས་མ་འགྲན་བསྡུར་ཕྱིར་འཐེན་བྱས་ཡོད།)
༢༠༡༡ ལོའི་སྐབས་དགུ་བའི་བོད་ཀྱི་མཛངས་མ་བསྟན་འཛིན་དབྱངས་སྐྱིད་ལགས།
༢༠༡༠ ལོའི་སྐབས་བརྒྱད་པའི་བོད་ཀྱི་མཛངས་མ་བསྟན་འཛིན་ནོར་འཛོམས་ལགས།
༢༠༠༩ ལོའི་སྐབས་བརྒྱད་པའི་བོད་ཀྱི་མཛངས་མ་བསྟན་འཛིན་ཆོས་འཛོམས་ལགས།
༢༠༠༨ ལོའི་སྐབས་བདུན་པའི་བོད་ཀྱི་མཛངས་མ་བསོད་ནམས་ཆོས་སྒྲོན་ལགས།
༢༠༠༧ ལོའི་སྐབས་དྲུག་པའི་བོད་ཀྱི་མཛངས་མ་བསྟན་འཛིན་སྒྲོལ་མ་ལགས།
༢༠༠༦ ལོའི་སྐབས་ལྔ་པའི་བོད་ཀྱི་མཛངས་མ་ཚེ་རིང་ཆུང་བདག་ལགས།(འདས་གྲོངས་སུ་ཕྱིན།)
༢༠༠༥ ལོའི་སྐབས་བཞི་པའི་བོད་ཀྱི་མཛངས་མ་བསྟན་འཛིན་ཉི་མ་ལགས།
༢༠༠༤ ལོའི་སྐབས་གསུམ་པའི་བོད་ཀྱི་མཛངས་མ་བཀྲ་ཤིས་དབྱངས་ཅན་ལགས།
༢༠༠༣ ལོའི་སྐབས་གཉིས་པའི་བོད་ཀྱི་མཛངས་མ་ཚེ་རིང་སྐྱིད་ལགས།
༢༠༠༢ ལོའི་སྐབས་དང་པོའི་བོད་ཀྱི་མཛངས་མ་སྒྲོལ་མ་ཚེ་རིང་ལགས།

བསྐྱར་བཅོས།: ༢༠༡༧/༠༦/༠༥

Leave a Reply

17 thoughts on “བུ་མོ་བསྟན་འཛིན་དཔལ་སྒྲོན་ལགས་སུ་བོད་ཀྱི་མཛངས་མའི་རྒྱལ་ཁ་ཐོབ།

  1. རི་བོ་གསེར་ཆེན

    ད་ཡིན་ན་ཕྱི་བསྡོད་བོད་མི་ཚོའི་བོད་མི་རིགས་ལ་ཕན་པའི་ལས་ཞིག་བརྩོན་པའི་རེ་བ་ཧ་ཀྱང་ཆེ། ཕྱི་བསྡོད་བོད་མིའི་རྒྱལ་སྤྱི་ཐོག་ཏུ་བོད་མི་རིགས་ཀྱིས་བླ་ཚོང་ནས་ལོ་ངོ་དྲུག་བཅུ་ཉེ་བར་འདུག་ན་འཚམས་འཇོག་རན་སོང་། ཡུལ་དུས་གང་ཞིག་ཡིན་ནའང་རྒྱལ་སྤྱི་གླེང་སྟེགས་སྟེང་བོད་མི་རིགས་ཀྱི་རྣམ་འདྲེན་དམ་པ་༧ སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མ་གཏོགས་མི་འདུག། བོད་ཀྱི་མཛངས་མ་འགྲན་བསྡུར་ཐེངས་བཅོ་ལྔ་གནང་ཡང་རྒྱལ་སྤྱི་སྒང་བོད་དོན་ཁྱབ་བསྒྲགས་ཙམ་ཡང་བྱེད་ཐུབ་མེད ། མ་ཞིག་བོད་ཀྱི་མཛངས་མ་ཞིག་ནུབ་ཕྱོགས་པ་ཚོས་ཁས་ལེན་མི་བྱེད་པ་ནུབ་གླིང་གི་བོད་པ་ཚོའི་གསལ་བོ་ཧ་གོ་ཡོད་རེད ། འདི་སྒེར་གྱི་ཁེས་ཕན་ཙམ་ལས་མི་འདུག ། ད་ང་ཚོའི་༧ སྐྱབས་མགོན་རྒྱལ་བ་ཡིད་བཞིན་ནོར་བུའི་ལམ་སྟོན་འོག་བོད་མི་རིགས་ཀྱི་ཡ་རབས་སྤྱོད་བཟང་སློབ་སྦྱོང་བྱེད་དགོས་བ་ཕྱི་དྲགས་མེད་ནའང་སྔ་དྲགས་མེད ། རྒྱ་གར་ནང་གི་བོད་པ་གཞི་ཆགས་ཚོ་ཁ་ནས་ཡོད་བ་་་པུ་ར་་་དང་ཀླད་པའི་ནང་གི་ཨ་སྒོར་དང་ཡུ་སྒོར་གྱི་ནད་རོ་ཡོངས་སུ་དོར་རན་འདུག ། ཁྱེད་ཚོ་བོད་གཞུང་དང་༧ སྐྱབས་མགོན་རིན་པོ་ཆེའི་གསོ་སྐྱོང་གནང་བ་མ་རེད་དམ། ཁྱེད་ཚོར་ཡ་རབས་སྤྱོད་བཟང་སློབ་སྦྱོང་མ་རེག་པ་ཡིན་ནམ །