དགའ་ལྡན་ཁྲི་ཐོག་ ༡༠༤ པ་བསྐོ་བཞག་གི་བཀའ་ཡིག་བསྩལ།

ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་༧གོང་ས་མཆོག་ནས་སེར་བྱེས་བྱང་རྩེ་ཆོས་རྗེ་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དགའ་ལྡན་ཁྲི་ཐོག་ ༡༠༤ པར་བསྐོ་བཞག་གི་བཀའ་ཡིག་ཕྱག་རྟགས་བསྩལ་ཡོད་འདུག

དགའ་ལྡན་ཁྲི་ཐོག་༡༠༣ པ་རྗེ་བཙུན་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་སྙུང་གཞིའི་རྐྱེན་གྱིས་ཉེ་སྔོན་ཕྱི་ཟླ་ ༤ ཚེས་ ༢༡ ཉིན་དགོངས་པ་ཆོས་དབྱིངས་སུ་འཐིམས་ཡོད་པར་བརྟེན། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་༧གོང་ས་མཆོག་ནས་སེར་བྱེས་བྱང་རྩེ་ཆོས་རྗེ་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དགའ་ལྡན་ཁྲི་ཐོག་ ༡༠༤ པར་བསྐོ་བཞག་གི་བཀའ་ཡིག་ཕྱག་རྟགས་བསྩལ་གནང་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༨ ཚེས་ ༤ ཉིན་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོ་འཚོགས་རྒྱུ་ཡིན་འདུག

རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་ནི་ཕྱི་ལོ་ ༡༩༣༤ ལོར་སྐུ་འཁྲུངས་ཞིང་དགུང་གྲངས་བདུན་ནས་བཟུང་ཆོས་ཞུགས་གནང་སྟེ། ཕྱི་ལོ་ ༡༩༥༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་ཡོད་པ་དང་། དགུང་ལོ་ ༡༧ ལ་ཕེབས་སྐབས་སེར་བྱེས་མཁས་སྙན་གྲ་ཚང་གི་གཙང་པ་ཁང་ཚན་ནང་ཞུགས་ཏེ། སྐུ་གཞོན་ནུའི་དུས་ནས་བཀའ་རབ་བྱམས་དགེ་བའི་བཤེས་གཉེན་དུ་མའི་ཞབས་ལ་གཏུགས་ནས་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་སློབ་གཉེར་མཐིན་ཕྱིན་གནང་བ་མ་ཟད། རིམ་བཞིན་བརྒྱུད་གྲྭར་ཞུགས་ནས་མདོ་སྔགས་ཟུང་འབྲེལ་གྱི་གནད་རྣམས་གསན་བསམ་རྒྱ་ཆེ་མཛད་ཡོད་འདུག

པདྨ་མཚོས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་བཏུས།

 

བསྐྱར་བཅོས།: ༢༠༡༧/༠༦/༢༦

Leave a Reply