ལོ་རྒྱུས་ཀྱི་ཆག་གྲུམ་བསྐྱར་སློག་འོག་རྒྱ་དཀར་ནག་གཉིས་ནས་མ་འོངས་ལ་འཐབ་པ།

སྐུ་ཞབས་ཕི་ར་ཌེབ་པན་ཇའུ་བྷམ་(Pradip Phanjoubam)གྱིས་བརྩམས།
བློ་བཟང་ཡེ་ཤེས་ཀྱིས་བསྒྱུར།

འབྲུག་དང་འབྲས་ལྗོངས་གཉིས་དང་ས་འབྲེལ་བོད་ཀྱི་ཆུ་འབི་ལུང་གཤོངས་ (Chumbi Valley) སུ་ཆགས་པའི་འབྲོག་ལམ་ (Doklam) ནི་རལ་གྲི་ཞིག་དང་འདྲ་བར་སི་ལི་གུ་རིའི་མཐའ་མཚམས་བརྒྱུད་བྱང་ཤར་ཁུལ་གཙོས་པའི་རྒྱ་གར་གྱི་ས་གནས་གཞན་པ་དག་ལ་ཐད་ཀར་མཐུད་ནས་ཡོད།

ཕྱི་ལོ་ ༡༩༠༤ ལོར་རྒྱ་གར་དབྱིན་ཇིའི་དམག་མིས་ཆུ་འབི་ལུང་གཤོངས་ནང་ཁ་བ་བུ་ཡུག་ལ་གདོང་ལེན་བྱེད་བཞིན་པའི་པར་རིས་ཤིག

​ཉེ་དུས་འབྲུག་དང་འབྲས་ལྗོངས་སྦྲེལ་མཚམས་སུམ་མདོ་ས་ཁུལ་གྱི་རྩོད་རྙོག་མངོན་གསལ་གྱིས་ཇེ་ཆེར་ཕྱིན་སྐབས། རྒྱ་ནག་དང་རྒྱ་གར་གཉིས་ནས་རང་འདོད་ལྟར་ལོ་རྒྱུས་ཀྱི་བདེན་དཔང་མང་པོ་ཞིག་འགྲེལ་བརྗོད་བྱས་ཀྱང་། དོན་དངོས་སུ་རྒྱལ་ཁབ་གཉིས་ཀས་རྩོད་རྙོག་ཅན་གྱི་ས་ཁུལ་དེ་ལོ་རྒྱུས་རང་བཞིན་སྟེང་ནས་བཤད་ན། བོད་དང་འབྲས་ལྗོངས་འབྲུག་ཡུལ་གསུམ་གྱི་མངའ་ཁོངས་སུ་གཏོགས་པ་སྣང་མེད་ལ་བཞག་སོང་། དེ་དག་ལས་འབྲུག་གཅིག་པུ་ད་དུང་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་ཏུ་གནས་པ་མ་གཏོགས་བོད་ནི་ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་གིས་བཙན་འཛུལ་བྱས་པ་དང་། འབྲས་ལྗོངས་ནི་ཕྱི་ལོ་ ༡༩༧༥ ལོར་རྩ་ཁྲིམས་ཀྱི་དོན་ཚན་ ༢ པའི་འོག་ནས་རྒྱ་གར་གྱི་ཆ་ཤས་སུ་འགྱུར་པ་རེད། བོད་དང་འབྲས་ལྗོངས་གཉིས་ཀྱི་བདག་དབང་ཇི་ལྟར་ཤོར་པའི་སྐོར་གྱི་རྩོད་རྙོག་དེ་དག་གནས་ཚུལ་གཞན་ཞིག་ཏུ་འགྱུར་ཟིན་ཡོད།

རྩོད་རྙོག་ཡོང་སའི་གཞི་མའམ་ལྟེ་བ་ནི་དེ་སྔའི་རང་དབང་ལྡན་པའི་གཞུང་འདི་གཉིས་ཀྱི་ལོ་རྒྱུས་དེ་ས་གནས་གཞན་པའི་ལོ་རྒྱུས་དང་ཟླ་བསྒྲིལ་ཆགས་ཡོད་སྟབས། དེ་དག་གི་རྒྱལ་རབས་ལོ་རྒྱུས་ལ་རང་རྐྱ་འཕེར་བའི་ངོས་འཛིན་བྱ་ཐབས་ཧ་ཅང་དཀའ་ལས་ཁག་པོ་ཆགས་ཟིན་པ་རེད། དེ་ཙམ་མ་ཟད། ད་དུང་རྒྱ་ནག་དང་རྒྱ་གར་གཉིས་ཀྱིས་མུ་མཐུད་དུ་ས་གནས་འདི་གཉིས་ཀྱི་ལོ་རྒྱུས་དངོས་སྣང་མེད་དུ་བཞག་སྟེ། རང་རང་གི་ཁེ་ཕན་རྩོད་ལེན་བྱེད་གང་ཐུབ་བྱེད་ཀྱིན་འདུག

རྒྱ་ནག་གི་ངོས་ནས་ཕྱི་ལོ་ ༡༨༩༠ ལོའི་དབྱིན་གཞུང་དང་མཉམ་དུ་བཞག་པའི་གྲོས་མཐུན་དེར་ཁ་གཡར་ཏེ་བོད་དང་འབྲས་ལྗོངས་ཀྱི་ས་མཚམས་རྩོད་རྙོག་ལ་ཁུངས་འདེད་ས་འདྲ་མིན་འཚོལ་བཞིན་པ་དང་། རྒྱ་གར་དམག་མིས་རྒྱ་ནག་གི་ངོས་ནས་འབྲོག་ལམ་ཁུལ་ལ་ལམ་ཁ་འཛུགས་སྐྲུན་བྱེད་བཞིན་པར་བཀག་འགོག་བྱས་པ་ནི་ས་མཚམས་རྩོད་རྙོག་འཕར་མ་བཟོས་པར་བརྩི་བཞིན་ཡོད་པ་རེད། དབྱིན་གཞུང་ནས་རྒྱ་ནག་དང་གྲོས་མཐུན་བཞག་ཡོད་སྟབས། བོད་ཐོག་རྒྱ་ནག་ལ་བདག་དབང་ཡོད་པར་ཁས་ལེན་བྱས་པ་མཚོན་ཡོད་ཀྱང་། བོད་ཕྱོགས་ནས་གྲོས་མཐུན་དེར་རྩ་བ་ནས་མོས་མཐུན་བྱས་མེད་པ་ཙམ་མ་ཟད་ད་དུང་གྲོས་མཐུན་གཞན་པ་ཞིག་སྟེ། དབྱིན་གཞུང་དང་རྒྱ་ནག་དབར་ཕྱི་ལོ་ ༡༨༩༣ ལོར་ཚོང་དོན་སྐོར་ལ་བཞག་པའི་གྲོས་མཐུན་ (གྲོས་མཐུན་གྱི་ནང་དོན་ནི་རྒྱ་གར་དབྱིན་གཞུང་གི་ཚོང་ལས་ཁང་གྲོ་མོར་གསར་འཛུགས་རྒྱུའི་སྐོར་ཡིན་འདུག) དེར་ཡང་ངོས་ལེན་བྱས་མེད་པ་རེད། ལོ་བཅུ་གྲངས་གོང་ལ་ལྷག་པའི་གྲོས་མཐུན་འདི་དག་དང་འབྲེལ་ཡོད་ཀྱི་གནས་ཚུལ་དག་ནི་བོད་དང་རྒྱ་ནག དབྱིན་ཇི་གསུམ་གྱི་འབྲེལ་ལམ་ཐད་གལ་གནད་ཆེན་པོ་ཆགས་ཡོད།

དབྱིན་ཇི་གཞུང་གིས་ལོ་མང་སྔོན་ནས་བོད་དང་གཏན་འཇགས་ཀྱི་འབྲེལ་ལམ་བཙུགས་འདོད་ཡོད་པ་དང་། ཕྱི་ལོ་ ༡༨༨༦ ཙམ་ནས་ཁྰོལ་མེན་མྰེ་ཁོ་ལེ་ (Colman Macaulay) ཟེར་བའི་ལས་བྱེད་ཅིག་གི་སྟངས་འཛིན་འོག་ལྷ་སར་ཚོང་དོན་ལྟ་སྐོར་གྲ་སྒྲིག་བྱས་པ་རེད། འདི་ནི་ཕྱི་ལོ་ ༡༨༧༦ ལོར་རྒྱ་ནག་དང་དབྱིན་ཇི་དབར་པེ་ཅིན་ལ་བཞག་པའི་ཆྰི་ཕྷུ་གྲོས་མཐུན་དང་བསྟུན་པ་ཞིག་ཡིན་འདུག སྐབས་དེར་རྒྱ་ནག་གིས་དབྱིན་ཇི་ལ་ཁ་གཏད་མི་ཐུབ་པ་དང་། གྲོས་མཐུན་དེར་ཉམ་ཆུང་ངང་མོས་མཐུན་བྱེད་ཞོར་དུ་རྒྱ་ནག་ནས་དབྱིན་ཇིར་འདི་ལྟར་བརྗོད་ཡོད་དེ། “གྲོས་མཐུན་དེར་གང་ལྟར་བོད་ཐོག་ནས་ངོས་ལེན་ཡོང་གི་མ་རེད།” ཅེས་དོན་དངོས་ཐོག་རྒྱ་ནག་ལ་བོད་ཐོག་བདག་དབང་མེད་པ་མངོན་གསལ་ཆགས་ཡོད།

མྰེ་ཁོ་ལེའི་ཚོང་དོན་ལྟ་སྐོར་དེར་གང་འཚམས་ནས་དབྱིན་ཇི་ངོས་ནས་སྣང་མེད་བྱས་ཡོད་པ་དང་། དེར་རྒྱུ་རྐྱེན་མང་པོ་ཡོད་པ་ནས་མཁས་དབང་ཨྰལ་སིཊར་ལེམ་བྰེ་ (Alastair Lamb) སོགས་དང་བསྟུན་ན། དེ་ནི་དབྱིན་གཞུང་ནས་བོད་ཐོག་དོན་དངོས་ཀྱི་བདག་དབང་གང་ཡང་མེད་པའི་རྒྱ་ནག་ལ་ངོ་ཚ་མི་ཡོང་བའི་ཆེད་མ་ཡིན་པར། རྒྱུ་མཚན་དངོས་དེ་ནི་དབྱིན་ཇིས་ཆབ་སྲིད་ཐབས་ཇུས་ལ་བརྟེན་ནས་ཕྱི་ལོ་ ༡༨༨༥ ལོར་འབར་མ་སྟོད་ཕྱོགས་ལ་བཙན་འཛུལ་བྱས་པར་རྒྱ་ནག་གི་ཁ་བཀག་ཐབས་ཙམ་ཞིག་ཡིན་པ་རེད། འབར་མའི་ས་ཆ་དེ་ནི་མན་ཇུ་གོང་མ་ཚོས་རང་གི་མངའ་ཁོངས་ཀྱི་ས་ཆ་ཞིག་ལ་བརྩི་བཞིན་ཡོད་པ་རེད།

དེ་ནས་གནས་ཚུལ་ཐོན་རིམ་ལ་གཞིག་ན། རྒྱ་ནག་གིས་རྟག་པར་སེམས་འཁྲལ་བྱེད་བཞིན་ཡོད་པ་ལྟར། བོད་ཕྱོགས་ནས་ཀྱང་དབྱིན་ཇིའི་ཚོང་དོན་ལྟ་སྐོར་ལ་ཏག་ཏག་ངོས་ལེན་མ་བྱས་པ་རེད། བོད་ཕྱོགས་ནས་དབྱིན་ཇིས་ཚོང་དོན་ལྟ་སྐོར་ཕྱིར་འཐེན་བྱས་ཟིན་པ་མ་ཤེས་སྟབས། དབྱིན་ཇིའི་སྲུང་སྐྱོབ་འོག་ཡོད་པའི་འབྲས་ལྗོངས་ལ་དམག་དཔུང་མངགས་པ་རེད། བོད་ཕྱོགས་ནས་འབྲས་ལྗོངས་དེ་ནི་སྔ་མོ་བོད་ཀྱི་ཁོངས་སུ་གཏོགས་པའི་སྐོར་གླེང་སློང་བྱས་ཤིང་། དབྱིན་ཇི་བ་ཁྰོལ་མེན་མྰེ་ཁོ་ལེ་རྡོ་རྗེ་གླིང་གི་ལམ་ཆེན་ནས་བོད་ཀྱི་ཆུ་འབི་ལུང་གཤོངས་བར་འཁེལ་ཡོད་པའི་འབྲས་ལྗོངས་ཀྱི་གླིང་གཏམ་གྲོང་བརྒྱུད་དེ་འགྲོ་རྒྱུ་ཡིན་པར་སྙམ་སྟེ། བོད་གཞུང་ནས་ས་གནས་དེར་དམག་སྒར་བཙུགས་པ་དང་རྗེས་སུ་ཚོང་དོན་ལྟ་སྐོར་ལ་ཡོང་བའི་གནས་ཚུལ་མེད་པ་ཆགས་ཀྱང་དམག་དཔུང་ཕྱིར་འཐེན་བྱས་མེད་པ་རེད། གནད་དོན་དེའི་ཐད་ནས་དབྱིན་ཇིའི་ལས་བྱེད་པ་དང་བོད་ཐོག་ཉམས་ཞིབ་པ་ཆེལ་སི་བྷེལ་ (Charles Bell) ཡིས་བརྗོད་གསལ་ལ། “བོད་མི་ཚོས་གནས་ཆུང་སྲུང་མའི་ལུང་བསྟན་ལས་གདེང་སྤོབས་རྙེད་དེ་བོད་དང་འབྲས་ལྗོངས་ཀྱི་ས་མཚམས་ནས་ཕྱིར་འཐེན་བྱས་མེད།” ཅེས་བརྗོད་འདུག

དེའི་རྗེས་ཀྱི་གནས་ཚུལ་རྣམས་རྒྱལ་ཁབ་གསུམ་པོའི་འབྲེལ་ལམ་ཐད་གལ་གནད་ཆེན་པོ་ཆགས་ཡོད་དེ། དབྱིན་ཇི་ངོས་ནས་རྒྱ་ནག་ལ་བོད་ཀྱི་བཀག་འགོག་མེད་པ་ཡོང་བའི་རེ་སྐུལ་ཐེངས་མང་བྱས་ཀྱང་། རྒྱ་ནག་སྐབས་དེར་བོད་ཐོག་བཀོད་པ་གཏོང་བའི་གནས་སྟངས་རྩ་བ་ནས་མེད་པ་དབྱིན་ཇིས་རྗེས་སུ་གཞི་ནས་ཤེས་རྟོགས་ཐུབ་པ་རེད། དེ་ནས་དབྱིན་ཇིའི་ལོཌ་ཌྰ་ཕྷི་རིན་(Lord Dufferin) གྱི་ཆོག་མཆན་འོག་ཕྱི་ལོ་ ༡༨༨༨ ལ་དྲག་པོའི་སྒོ་ནས་བོད་དམག་གི་བཀག་འགོག་སྟབས་བདེ་ངང་རྩ་མེད་བཟོས་པ་རེད། གནས་ཚུལ་དེའི་རྗེས་ནས་དབྱིན་ཇི་ཕྱོགས་ནས་བོད་དང་འབྲེལ་མོལ་བྱ་ཐབས་གཅིག་པུ་དེ་ནི་རྒྱ་ནག་བརྒྱུད་ནས་མ་ཡིན་པར། བོད་དང་ཐད་ཀར་འབྲེལ་ལམ་བཙུགས་རྒྱུ་དེ་ཡིན་པར་ཤེས་རྟོགས་ཐུབ་ཡོད། ཡིན་ཡང་བོད་དམག་གི་བཀག་འགོག་གི་ལེ་ཚན་དེའི་རྗེས་སུ་ཡང་། དབྱིན་ཇིའི་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ཕྱི་ཚུལ་གྱི་འགྱུར་ལྡོག་གང་ཡང་མ་བཏང་ཁར་ཕྱི་ལོ་ ༡༨༩༠ ལོའི་ས་མཚམས་ཀྱི་གྲོས་མཐུན་དང་ ༡༨༩༣ ལོའི་ཚོང་དོན་གྲོས་མཐུན་ཁག་རྒྱ་ནག་དང་ཐད་ཀར་བཞག་པ་གོང་དུ་གསལ་བ་བཞིན་རེད།

ལོ་རྒྱུས་ཉམས་ཞིབ་པ་ཚོས་བརྗོད་གསལ་ལྟར་ན། དབྱིན་ཇི་གཞུང་ནས་བོད་ཐོག་བློ་མི་བདེ་བ་བྱས་དོན་གཙོ་བོ་ཞིག་ནི་བོད་ནང་ཡུ་རོབ་རྒྱལ་ཁབ་ཀྱི་དབང་ཤུགས་ཡོང་སྲིད་པར་དོགས་ནས་རེད། དམིགས་བསལ་དབྱིན་གཞུང་ནས་ཨུ་རུ་སུའི་སྟོབས་ཤུགས་བོད་ལ་བསླེབ་སྲིད་པའི་ཚོད་དཔག་བྱས་ཡོད། དེ་ལྟར་ཕྱི་རྒྱལ་གྱི་དབང་ཤུགས་སླེབས་ཚེ་བོད་ཕྱོགས་ནས་རང་དབང་སྒོ་ནས་རྒྱལ་སྤྱིའི་གྲོས་མཐུན་འདྲ་མིན་གཞག་སྲིད་ཅིང་། བོད་དེ་རྒྱལ་སྤྱིའི་སྟེང་ཁྲིམས་མཐུན་གྱི་རྒྱལ་ཁབ་ཅིག་ལ་ངོས་འཛིན་ཡོང་ཉེན་ཆེ་བ་དང་། བོད་མི་ཚོས་ཀྱང་གོ་སྐབས་དེ་དང་བསྟུན་ཏེ་ཡུ་རོབ་ནང་གི་དབྱིན་ཇིའི་ཁ་གཏད་རྒྱལ་ཁབ་དག་དང་འདྲ་མཉམ་གྱིས་གྲོས་མཐུན་འཇོག་པའི་ཞེད་སྣང་བྱུང་ཡོད་པ་རེད། དབྱིན་ཇི་ལ་མཚོན་ན་ཨུ་རུ་སུ་སོགས་ཡུ་རོབ་ཀྱི་ཁ་གཏད་རྒྱལ་ཁབ་དག་ནི་རྒྱ་ནག་ལ་བསྡུར་ཐབས་མེད་པ་རེད། དེ་ལྟར་བོད་ནང་རྒྱ་ནག་གི་དབང་ཤུགས་ལ་དེ་ཙམ་གྱིས་སྣང་འཇོག་མ་བྱས་པ་རེད།

དབྱིན་ཇིའི་ཟུར་ཟའི་དུས་དེབ་༼   ཁུ་ཚུར་གྱིས་གཞུས། ༽   ཞེས་པའི་མདུན་ཤོག་གི་རི་མོ། ཕྱི་ལོ་ ༡༩༠༣ ལོའི་ཟླ་བ་ ༡༢ ལ།

ཡིན་ཡང་ལོཌ་ཀར་ཛོན་ (Lord Curzon) འོག་གནས་སྟངས་ལ་འགྱུར་ལྡོག་ཕྱིན་པ་རེད། དུས་རབས་བཅུ་དགུ་རྫོགས་ཙམ་ལ་ཁོང་གིས་༧གོང་ས་ཏྰ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཨུ་རུ་སུའི་ཕྱོགས་ལ་རྒྱབ་བསྙེས་པར་དོགས་ཏེ་ཕྱི་ལོ་ ༡༩༠༤ ལོར་ཡང་ཧྰས་བྷེནཌ་དམག་དཔུང་ (Younghusband Mission) དང་བཅས་པས་བོད་ཐོག་དྲག་པོའི་བཙན་འཛུལ་དགོས་པའི་བཀོད་ཁྱབ་བཏང་བ་རེད། དམག་དཔོན་ཡང་ཧྰས་བྷེནཌ་ནས་བཀའ་མངགས་ལྟར་དྲག་དཔུང་གིས་ལྷ་ས་བཙན་བཟུང་བྱེད་པའི་སྐབས། ༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་མཆོག་སོག་ཡུལ་ལ་བྲོས་བྱོལ་དུ་ཕེབས་ཟིན་པ་དང་། བོད་གཞུང་ལ་བཙན་དབང་ཐོག་ལྷ་སའི་གྲོས་མཐུན་བཞག་བཅུག་པ་རེད། ངོ་གནོང་བའི་ཁྲལ་འབབ་མང་པོ་འཇལ་དགོས་པའི་ཁྲོད་ནས། ཧིན་སྒོར་ ༧༥༠༠༠༠༠ ཐམ་པ་དམག་འཁྲུག་གི་གུན་གསབ་ལ་སྤྲད་དགོས་ཐུག་པ་དེ། བོད་ཀྱི་དཔལ་འབྱོར་གནས་སྟངས་ལ་མཚོན་ན་ཡོང་མི་སྲིད་པ་ཞིག་ཏུ་འགྱུར་ཡོད་ཀྱང་དངུལ་གྱི་གུན་གསབ་དེ་ལྟར་མ་ཐུབ་བར་བོད་ཀྱི་ཆུ་འབི་གྲོང་གཤོངས་དེ་རྒྱ་གར་གྱི་ཆ་ཤས་སུ་བཞག་རྒྱུ་བྱས་པ་རེད། ཧིན་སྒོར་ ༧༥༠༠༠༠༠ དེ་དག་ལོ་རེར་ཧིན་སྒོར་འབུམ་གཅིག་རེ་འཇལ་རྒྱུ་དང་ས་གནས་དེ་རྒྱ་གར་འོག་ཉུང་མཐར་ལོ་ ༧༥ གནས་དགོས་པའི་ཐག་གཅོད་བྱས་པ་རེད།

ཕྱི་ལོ་ ༡༩༠༥ ལོའི་ས་ཁམས་རིག་པའི་གསར་དེབ་ནང་བཀོད་པའི་ཆུ་འབི་ལུང་གཤོངས་ཀྱི་ས་ཁྲ་ཞིག།

​ཡང་ཧྰས་བྷེནཌ་ཡི་དམག་གིས་བོད་ཐོག་དཔུང་འཇུག་བྱས་པ་དེར་དབྱིན་ཇིའི་གྲོས་ཚོགས་ནང་རྒྱབ་སྐྱོར་མི་བྱེད་མཁན་ཡང་མི་ཉུང་བ་ཞིག་ཡོད་པ་རེད། དེར་དགག་པ་བྱེད་མཁན་གཙོ་བོ་གཅིག་ནི་རྒྱ་གར་དབྱིན་གཞུང་གི་དྲུང་ཆེ་ལོཌ་མོར་ལྰེ་ (Lord Morley)རེད། ལོཌ་མོར་ལྰེས་ཡང་ཧྰས་བྷེནཌ་ཡི་གྲུབ་འབྲས་བླངས་པ་ཆུ་འབི་ལུང་གཤོངས་གཙོས་ཕལ་ཆེ་དུས་ཡུན་ཐུང་ངུའི་ནང་མེད་པར་བཏང་བ་རེད། དང་ཐོག་དམག་འཁྲུག་གི་གུན་གསབ་ཧིན་སྒོར་དེ་ ༢༥༠༠༠༠༠ ལ་བཏང་བ་དང་། དེ་ནས་རིང་པོ་མ་སོང་བར་ཕྱི་ལོ་ ༡༩༠༥ ལ་ལོཌ་ཀར་ཛོན་གྱི་ལས་དུས་མཇུག་རྫོགས་རྗེས་ཁོས་རྒྱ་ནག་གི་ཆ་རྐྱེན་དང་རེ་འདུན་གསར་པ་བཏོན་པར་ཉན་འཇོག་བྱས་པ་རེད། སྐབས་དེར་རྒྱ་ནག་ཕྱོགས་ནས་ཆབ་སྲིད་དང་ཐབས་ཇུས་འདྲ་མིན་སྤྱད་དེ་ཧིན་སྒོར་ ༢༥༠༠༠༠༠ ཐམ་པ་དེ་བོད་ཀྱི་དོད་དུ་འཇལ་ཐུབ་པ་དང་། དེ་ཡང་གུན་གསབ་ཆ་ཚང་ཐེངས་གསུམ་ལ་འཇལ་ཐུབ་པ་བྱུང་སྟེ་ལོ་གསུམ་གྱི་རྗེས་ཆུ་འབི་ལུང་གཤོངས་བོད་ལ་ཕྱིར་བརྩིས་སྤྲོད་ཡོང་བ་བྱེད་ཐུབ་པ་རེད། དེ་ལྟར་བོད་མི་རྣམས་ཀྱི་མིག་ནང་རྒྱ་ནག་གི་སྣང་བརྙན་གློ་བུར་དུ་ཇེ་མཐོར་ཕྱིན་པ་ཙམ་མ་ཟད། རྒྱ་ནག་ནས་རྒྱལ་སྤྱིའི་སྒང་ལ་ཡང་བོད་ཐོག་བདག་དབང་ཡོད་པའི་རྣམ་པ་བསྟན་ཐུབ་པ་བྱུང་ཡོད།

ལོཌ་ཀར་ཛོན་མེད་པའི་རྗེས་སུ། རྒྱ་ནག་ནས་དབྱིན་གཞུང་ལ་ཆ་རྐྱེན་གཞན་པ་ཞིག་བསྟན་ཡོད་དེ། དེ་སྔའི་ལྷ་སའི་གྲོས་མཐུན་དེ་ཁྲིམས་མཐུན་ཡོང་བར་ངེས་པར་དུ་རྒྱ་ནག་དང་གྲོས་མཐུན་གསར་པ་ཞིག་སླར་ཡང་བཞག་དགོས་ཞེས་བརྗོད་པས་དེ་ལྟར་ཕྱི་ལོ་ ༡༩༠༦ ལོར་པེ་ཅིན་གྲོས་མཐུན་བཞག་ཐུབ་པ་བྱུང་བ་རེད།

སྐབས་དེར་རྒྱ་གར་དབྱིན་གཞུང་དང་དབྱིན་ཇིའི་རྒྱལ་ཁབ་དབར་བདེ་འཇགས་ཀྱི་ལྟ་སྟངས་ཐད་མི་མཐུན་པ་མངོན་གསལ་འདོད་པོ་བྱུང་ཡོད། ལོཌ་ཀར་ཛོན་ལྟ་བུའི་མི་དག་ནི་བོད་ལ་སྟངས་འཛིན་བྱེད་རྒྱུ་དེ་རྒྱ་གར་གྱི་བདེ་འཇགས་དང་འབྲེལ་བ་དམ་པོ་ཡོད་པར་རློམ་གྱི་ཡོད་པ་དང་། ལོཌ་མོར་ལྰེ་འདྲ་བའི་དབྱིན་ཇི་རྒྱལ་ས་ལོན་ཌོན་ལ་ཡོད་པ་དག་གིས་དེ་ནི་དོན་ཆུང་དང་དབྱིན་ཇི་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་ས་ཁྲའི་སྟེང་ཆ་མ་ཚང་བའི་ནག་ཐིག་ཅིག་ལས་གཞན་གང་ཡང་མིན་ཞེས་བཤད་ཡོད། ལོཌ་མོར་ལྰེའི་བརྗོད་དོན། “དབྱིན་ཇིས་བོད་ནང་གང་བྱས་པ་དེ་ལྟར་ཁ་གཏད་རྒྱལ་ཁབ་གཞན་པ་ཚོས་ཀྱང་གལ་གནད་ཆེ་བའི་ས་གནས་ཏེ། སོག་པོ་དང་ཨབ་གྷན་སི་ཐན། ཨི་རན་སོགས་ལ་དྲག་པོས་བཙན་འཛུལ་ཡོང་ཉེན་ཆེ།” ཞེས་བཤད་པ་རེད། ལོཌ་མོར་ལྰེས་ད་དུང་ལོཌ་ཀར་ཛོན་འདྲ་བའི་མི་དག་ལ་འཁང་ར་བྱས་ཏེ། “མཐའ་མི་རྗེན་པ་འདི་དག་གིས་རྒྱལ་ཁབ་ཀྱི་མགོ་རྙོག་རང་བཞིན་ལྡན་པའི་དོན་ཆེན་ཤེས་ཀྱི་ཡོད་མ་རེད།” ཅེས་བརྗོད་པ་རེད། ཡིན་ཡང་མཐའ་མ་དེར། དབྱིན་ཇིའི་མི་སེར་སྤེལ་བའི་རྒྱལ་ཁབ་རྩ་འཐོར་ཕྱིན་པ་དང་། མི་སེར་སྤེལ་ཡུལ་གྱི་རྒྱལ་ཁབ་དག་ལ་འགན་འཁྲི་ལྕི་པོ་བསྐྱུར་ནས་བཞག་པ་རེད། དུས་རབས་འདིའི་ནང་དེའི་དཔེ་མཚོན་ཡག་ཤོས་ཤིག་ནི། རྒྱ་གར་བྱང་ཤར་ཁུལ་གྱི་མགོ་རྙོག་ཚ་བའི་གནས་སྟངས་ལྟ་བུ་རེད།

ཉེ་ཆར་ཐོན་པའི་འབྲུག་གི་གནས་ཚུལ་དེ་ཡང་རྒྱུ་མཚན་གཞན་པ་ཞིག་ལ་བརྟེན་ནས་གལ་གནད་ཆེན་པོ་ཞིག་ཆགས་ཡོད་པ་རེད། རྒྱ་གར་དབྱིན་གཞུང་གིས་འབྲུག་དང་ཕྱི་ལོ་ ༡༩༡༠ ལོར་གྲོས་མཐུན་གལ་ཆེན་ཞིག་བཞག་ཡོད་དེ། གྲོས་མཐུན་དེས་འབྲུག་གི་ཕྱི་འབྲེལ་སྐོར་གྱི་གནད་དོན་ཡོད་ཚད་རྒྱ་གར་དང་གྲོས་བསྡུར་བྱས་ཏེ་ཐག་གཅོད་དགོས་པའི་ཆ་རྐྱེན་བཏོན་ཡོད། གྲོས་མཐུན་འདིའི་བྱུང་རྐྱེན་གཙོ་བོ་ཞིག་ནི། ཕྱི་ལོ་ ༡༩༠༨ ལོ་ནས་རྒྱ་ནག་གི་མདུན་ལ་ཕྱོགས་པའི་སྲིད་ཇུས་ཏེ་ཆིན་རྒྱལ་ཁབ་མ་སྟོང་གོང་གི་ཆེས་མཐའ་མའི་ལས་འགུལ་དག་གིས་ཤུགས་རྐྱེན་ལ་རག་ལས་ཡོད་པ་ཚོད་དཔག་བྱས་ཡོད།

དེའི་སྐབས་རྒྱ་ནག་གི་དམག་དཔུང་བོད་ལ་འཛུལ་པ་དང་། སོག་པོར་བྲོས་བྱོལ་བྱས་རྗེས་ལྷ་སར་ཕྱིར་ཕེབས་པའི་༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་མཆོག་སླར་ཡང་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་དགོས་འཁེལ་ཡོད། སྐབས་དེར་རྒྱ་ནག་ངོས་ནས་ལྷ་ས་བཙན་འཛུལ་བྱས་པ་ཙམ་མ་ཟད་ཉེ་འཁོར་གྱི་བལ་ཡུལ་དང་འབྲས་ལྗོངས། འབྲུག་སོགས་ལ་ཡང་ཐེ་གཏོགས་བྱེད་མགོ་བཙུགས་པ་རེད། དབྱིན་ཇི་ངོས་ནས་འབྲས་ལྗོངས་གི་བདེ་འཇགས་ལ་སེམས་འཁྲལ་བྱས་མེད་དེ། འབྲས་ལྗོངས་ནི་དབྱིན་ཇིའི་སྲུང་སྐྱོབ་འོག་ཐད་ཀར་གནས་ཡོད་སྟབས། བལ་ཡུལ་གྱི་བདེ་འཇགས་ལ་ཡང་དེ་ཙམ་གྱིས་སེམས་འཁྲལ་བྱུང་མེད་དེ། བལ་ཡུལ་ལ་དམག་དཔུང་སྟོབས་ཆེན་ཞིག་ཡོད་པས་རེད། ཡིན་ཡང་དབྱིན་ཇི་གཞུང་འབྲུག་གི་བདེ་འཇགས་ལ་སེམས་འཁྲལ་བྱུང་ཡོད་དེ། སྐབས་དེར་དབྱིན་ཇི་གཞུང་དང་འབྲུག་དབར་ཕྱི་ལོ་ ༡༨༦༥ ལོའི་གྲོས་མཐུན་ཅིག་ཡོད་པ་དེ་ལས་གཞན་འབྲེལ་བ་དམ་པོ་མེད་པས། གལ་ཏེ་རྒྱ་ནག་ནས་འབྲུག་ལ་བཙན་འཛུལ་བྱས་པ་ཡིན་ན་འབྲུག་སྲུང་སྐྱོབ་མི་ཐུབ་པ་ཤེས་ཡོད། དབྱིན་ཇི་ནས་སྐབས་དེའི་འབྲས་ལྗོངས་ལ་ཆབ་སྲིད་ཀྱི་འགན་འཁུར་ཡོད་པའི་ཆེལ་སི་བྷེལ་ཡི་ཚབ་བྱས་ཏེ་འབྲུག་རྒྱལ་པོ་དང་ཕྱི་ལོ་ ༡༩༡༠ ལོར་ཐུག་འཕྲད་བྱས་རྐྱེན་གྲོས་མཐུན་ཡང་བསྐྱར་གཅིག་བསྣན་ཐུབ་པ་བྱུང་ཡོད། དེས་ཕྱི་ལོ་ ༡༨༦༥ ལོའི་གྲོས་མཐུན་སྟེང་དོན་ཚན་གཅིག་འཕར་སྣོན་བྱས་ཏེ་འབྲུག་ངོས་ནས་ཕྱི་འབྲེལ་སྲིད་བྱུས་དག་རྒྱ་གར་དང་གྲོས་བསྡུར་བྱ་དགོས་པའི་གནས་སྟངས་དེ་ལྟར་འགྱུར་བ་རེད། ཡིན་ཡང་དུས་ཚོད་རིང་པོ་མི་འགོར་བར་རྒྱ་ནག་གི་འཇིགས་སྐུལ་དེ་ཆིན་རྒྱལ་ཁབ་དང་མཉམ་དུ་མེད་པ་ཆགས་པ་རེད། དེ་ནས་ཕྱི་ལོ་ ༡༩༡༣ ལོར་དབྱིན་ཇི་གཞུང་ནས་རྒྱ་གར་གྱི་ས་མཚམས་སྐོར་གྱི་དཀའ་རྙོག་འདུམ་འགྲིག་ཡོང་ཐབས་སུ་ཤིམ་ལར་ཆིངས་ཡིག་བཞག་པ་རེད།

༧གོང་ས་ཏྰ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག

ད་ལྟའི་ཆར་ས་མཚམས་དེ་དག་དང་འབྲེལ་བའི་ལོ་རྒྱུས་ནི་མུན་པ་ཐིབ་ཐིབ་ཅིག་ལས་ཁ་གསལ་ཞིག་ལྷག་མེད། དེ་ལྟར་རྒྱ་གར་དང་རྒྱ་ནག་གཉིས་པོས་འདས་པའི་བྱུང་བར་བསྐྱར་སློག་བརྒྱབ་སྟེ་ད་ལྟའི་ཆབ་སྲིད་ལ་དག་ཐེར་བྱ་ཐབས་ཀྱི་སྲིད་ཇུས་འདི་ནི་ཕྱོགས་གང་ལ་ཡང་དགེ་མཚན་མེད་པར་ཤེས་དགོས། ཉེ་དུས་ཀྱི་རྒྱ་དཀར་ནག་དབར་གྱི་ས་མཚམས་རྩོད་གླེང་དེ་ལ་ཡང་ཉམས་ཞིབ་པ་མང་པོས་བརྗོད་པ་བཞིན་དུ། སྐབས་དོན་གྱི་ཆབ་སྲིད་གནས་སྟངས་ལས་ལོ་རྒྱུས་དངོས་ཀྱི་བདག་དབང་དང་འབྲེལ་བ་གང་ཡང་མེད་པ་རེད། རྒྱ་གར་ཕྱོགས་ནས་ཨ་རིར་རྒྱབ་རྟེན་བྱས་པ་དང་། ཨ་རི་ནས་ཀྱང་རྒྱ་གར་བེད་སྤྱད་དེ་རྒྱ་ནག་གི་སྟོབས་ཤུགས་ལ་ཁ་གཏད་བྱེད་བཞིན་པའི་དུས་སྐབས་འདིར། ད་ཐེངས་འདྲ་བའི་དོན་རྐྱེན་དག་ནི་པེ་ཅིན་སྲིད་གཞུང་གིས་ལྡི་ལིར་འདི་ལྟར་རྒྱ་གར་ཕྱོགས་ལ། “གྲོགས་པོ་བློས་ཐུབ་དང་དགྲ་བོ་དངོས་གནས་གཉིས་ཀའི་འདམ་ཀ་རང་གི་ཉེ་འགྲམ་ལ་ཡོད། གང་དགོས་རང་གིས་འདོམས་ཤིག” ཅེས་བརྡ་བཏང་བ་ཡང་ཡིན་སྲིད་པ་རེད།

གང་ལྟར་ཀྱང་། རྒྱལ་ཁབ་ཆེན་པོ་འདི་གཉིས་ཀས་གནད་དོན་ཁག་ཅིག་གི་སྒང་དྲང་བདེན་དང་ངོས་ལེན་ཡོང་བ་བྱ་དགོས་ཏེ། རྒྱ་ནག་ངོས་ནས་རྒྱ་གར་ཕྱོགས་ལ་དངོས་སུ་ཡོད་པའི་ཆུ་འབི་ལུང་གཤོངས་(ཕྱོགས་གཉིས་ཀས་ས་གནས་དེའི་ས་མཚམས་ནང་ཧམ་འཛུལ་གྱི་གནད་དོན་བྱུང་བའི་སྐོར་བསྒྲགས་ཡོད།) ཐད་ཀྱི་སེམས་འཁྲལ་ལ་ཉན་འཇོག་བྱ་དགོས། འབྲས་ལྗོངས་དང་འབྲུག་བར་ཡོད་པའི་འགག་འཕྲང་ཅན་གྱི་ལུང་གཤོངས་དེ། ས་ཁྲའི་སྒང་རལ་གྲི་ལྟ་བུའི་དབྱིབས་ཅན་གྱི་ས་དེ་ནི་བྱ་དེའི་མཇིང་པའམ་སི་ལི་གུ་རིའི་མཐའ་མཚམས་ནས་འབྲེལ་བསྡད་ཡོད་སྟབས། རྒྱ་གར་ལ་མཚོན་ན་ས་ཆ་དེས་བྱང་ཤར་གྱི་མངའ་སྡེ་ཚང་མ་བརྒྱུད་རྒྱལ་ཁོངས་གཞན་པ་དག་དང་འབྲེལ་བ་ཉར་ཡོད་པ་རེད། དེར་བརྟེན། རྒྱ་གར་ངོས་ནས་སེམས་འཚབ་བྱས་པ་དེ་ནི་རྒྱུ་མཚན་ངེས་ཅན་ལྡན་པ་ཞིག་སྟེ། རལ་གྲི་ཞིག་རང་གི་སྐེ་ལ་བསྣུན་ན་རལ་གྲི་དེ་སྐེར་ཐུག་མེད་པ་དང་གྲི་འཆང་མཁན་དེ་རང་གི་གྲོགས་པོ་ཞིག་ཡིན་ཡང་རྒྱ་གར་བློ་བདེ་ཐབས་མེད་པ་དེ་བཞིན་རེད། དེ་མིན་རྒྱ་གར་ངོས་ནས་ཉན་འཇོག་གམ་བརྩི་འཇོག་བྱེད་དགོས་པ་ཞིག་ལ། བོད་དེ་ད་ལྟའི་ཆར་རྒྱ་ནག་གི་མངའ་ཁོངས་སུ་ཡོད་སྟབས། རྒྱ་ནག་ཕྱོགས་ནས་བོད་ཀྱི་ས་ཁུལ་དག་འབྲེལ་མཐུད་ཆེད་ལམ་གསར་རྒྱག་བྱས་པ་དེ་ནི་ཁྲིམས་མཐུན་ཡིན་པར་ཁས་ལེན་ཐུབ་པ་བྱ་དགོས། ཆ་རྐྱེན་དེ་གཉིས་པོ་ལ་ཕྱོགས་གཉིས་ཀས་བརྩི་མཐོང་བྱས་ན། ད་གཟོད་གཞི་ནས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་སྐོར་གྱི་དཀའ་རྙོག་ཞི་འགྲིག་ཡོང་བའི་ལམ་ཐོག་མ་དེ་ཁ་ཕྱེ་ཐུབ་པ་རེད།

པྰར་ཌིབ་ཕྷན་ཇོ་བྷམ་ (Pradip Phanjoubam) ནི་ཨྰིམ་ཕྷལ་རང་དབང་ཚགས་པར་གྱི་རྩོམ་སྒྲིག་པ་དང་། ༼   བྱང་ཤར་གྱི་དྲི་བ། དཀའ་རྙོག་དང་ས་མཚམས།༽   ཞེས་ཕྱི་ལོ་ ༢༠༡༦ ལོའི་དཔེ་དེབ་ཀྱི་རྩོམ་པ་པོ་ཡང་ཡིན་འདུག

མ་རྩམ་འབྲེལ་ཐག རྩོམ་ཡོང་ཁུངས། ཏར་འཕྲིན། ཕྱི་འབྲེལ་སྡེ་ཚན། (The Wire, external affairs)

བསྐྱར་བཅོས།: ༢༠༡༧/༠༧/༠༥

Leave a Reply

3 thoughts on “ལོ་རྒྱུས་ཀྱི་ཆག་གྲུམ་བསྐྱར་སློག་འོག་རྒྱ་དཀར་ནག་གཉིས་ནས་མ་འོངས་ལ་འཐབ་པ།

  1. གཞུང་པ་ཚེ་དབང་བསོད་ནམས་

    དེ་སྔའི་རྒྱལ་རབས་དང་ལོ་རྒྱུས་ལ་འགན་འཁུར་མཁན་གྱིས་རྒྱལ་ཁབ་དང་སྲིད་གཞུང་ཞིག་ད་ལྟའི་དུས་རབས་འདིའི་ནང་ཡོད་ན་རྒྱ་མི་བོད་ལ་ནམ་ཡང་ཡོང་མི་ཐུབ་ཞིང་སྐལ་བཟང་དུས་བཟང་རྫོགས་ཡ་རབས་བཟང་སྤྱོད་ཉམས་ཚེ་འདི་ཕྱི་ལས་རྒྱུ་འབྲས་ངོ་མ་ཤེས་པའི་དུས་ངན་འདིར་རྒྱལ་ཁབ་དང་སྲིད་གཞུང་གི་འགོ་འཁྲིད་ཚོའི་ཧམ་པ་རི་ཙམ་བཤད་ན་བདེན་པ་གཡག་ཙམ་ཐོབ་ཟེར་བའི་དཔེ་ལྟར་རྒྱ་བསྐྱེད་དང་བཙན་འཛུལ་རིང་ལུགས་ཀྱིས་ལྟ་སྒྲུབ་ལ་འག་འཁུར་ནས་གཞན་སྡེ་བཅོམ་རྒྱུའི་འདོད་བརྔམས་ཆབ་སྲིད་ལ་སྦྱང་པ་ཆེ་བའི་རྒྱ་ནག་གིས་ཉེ་འབྲེལ་གྱིས་རྒྱལ་ཁབ་ཁག་གི་ས་ཐོག་ཏུ་ཧམ་འཛུལ་དང་བཙན་གནོན་བྱ་རྒྱུའི་བློ་ངན་དེ་དག་མཐའ་གཅིག་ཏུ་དོར་དགོས་པ་ནི་རྒྱ་ནག་གི་མི་མང་དཀྱུས་མའི་ཚེ་སྲོག་ལ་རིན་ཐང་འཇོག་དགོས་པ་དེ་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ནས་ཡོངས་ཁྱབ་གསལ་བསྒྲགས་གནང་བའི་གཞི་རིམ་འགྲོ་བ་མིའི་ཐོབ་ཐང་གི་ཆ་ཤས་ཞིག་མིན་པ་ཡིན་ནམ་???