ཡ་ཆེན་དགོན་གཏོར་བཞིན་འདུག

རྒྱ་ནག་གཞུང་གིས་གཞུང་ལམ་འཛུགས་སྐྲུན་ལ་ཁ་གཡར་ཏེ་ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ནས་བཟུང་ཡ་ཆེན་དགོན་ནས་ཉུང་མཐར་གྲྭ་བཙུན་གྱི་སྡོད་ཤག་ ༣༥༠༠ ལྷག་གཏོར་བཤིག་གཏོང་བའི་ལས་གཞི་མགོ་བརྩམས་འདུག

འདི་གར་དགེ་འདུན་པ་བྱང་ཆུབ་སེམས་དཔའ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་ལ་སྔ་གཞུག་ཏུ་གཏོར་བཤིག་དང་བཙན་འཕུད་ཀྱི་ལས་གཞི་སྤེལ་ཏེ། ཚོང་ལས་ཡུལ་སྐོར་གྱི་ལྟེ་བ་ལྟ་བུ་ཞིག་ཏུ་བསྒྱུར་ཐབས་བྱས་ཡོད་པ་ལྟར། ཟླ་འདིའི་ཚེས་ ༡༠ ཉིན། རྒྱ་གཞུང་གིས་ཡ་ཆེན་དགོན་པར་ལམ་ཆེན་མེད་ན་མེ་སྐྱོན་བྱུང་སྐབས་སོགས་སུ་རླངས་འཁོར་འགྲོ་ས་མེད་སྟབས། གྲྭ་སྒར་དུ་གཞུང་ལམ་རྨིད་ ༡༠ཅན་གྱི་ལམ་ཆེན་བདུན་དང་། བཙུན་མའི་སྒར་དུ་ལམ་ཆེན་བཅུ་ཙམ་བཟོ་དགོས་པས་ཁྱོན་གྲྭ་བཙུན་གྱི་ཁང་པ་ཉུང་མཐར་ ༣༥༠༠ ལྷག་གཏོར་དགོས་པའི་སྔོན་བརྡ་འབྱོར་ཡོད་པ་དང་།  ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ནས་བཟུང་དངོས་སུ་ལག་བསྟར་མགོ་བརྩམས་ཡོད་པ་མ་ཟད། གྲྭ་བཙུན་རྣམས་ཀྱིས་སོ་སོའི་ཁང་སོ་སོས་བཤིག་དགོས་པ་དང་། གལ་སྲིད་སོ་སོས་མ་བཤིག་པ་ཡིན་ན། རྒྱ་གཞུང་གིས་བཤིག་སྟེ་ཁང་པའི་རྒྱུ་ཆ་ཡོངས་རྫོགས་བེད་མེད་བཟོ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པར་བརྟེན། གྲྭ་བཙུན་ཚོས་མ་འདོད་བཞིན་དུ་རང་ཉིད་ཀྱི་ཁང་པ་རང་གིས་བཤིག་སྟེ་ཅ་དངོས་རྣམས་བདག་ཉར་བྱེད་བཞིན་ཡོད་འདུག་ལ། བླ་མའི་བཀའ་སློབ་ལམ་སྟོན་ལྟར་གྲྭ་བཙུན་ཚོས་མི་ལེགས་པའི་རྣམ་འགྱུར་དང་ཚིག་ངན་སོགས་ཀྱི་ཡ་ལན་གང་ཡང་མ་སློག་པར་བཟོད་སྒོམ་གནང་བཞིན་ཡོད་འདུག རྒྱ་ནག་གཞུང་གིས་སྔོན་མ་ནས་ཡ་ཆེན་དགོན་དང་དཔའ་ཡུལ་དགོན་གཉིས་ནས་ཀྱང་གྲྭ་བཙུན་མང་པོ་ཕྱིར་འཕུད་གཏོང་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་ཀྱང་། ད་ལན་སྔར་ལས་དོ་ནན་དང་གཞི་རྒྱ་ཆེན་པོའི་ཐོག་ནས་གཏོར་བཤིག་བཙན་འཕུད་ཀྱི་ལས་གཞི་ལག་བསྟར་བྱེད་བཞིན་ཡོད་འདུག

བོད་ནང་གི་འབྲེལ་ཡོད་ཅིག་གིས་བརྗོད་ན། ཁང་པ་གཏོར་སྐབས་གྲྭ་བཙུན་རྣམས་ཀྱིས་ཐོབ་ཐང་ལག་ཁྱེར་ཐོ་འགོད་བྱེད་དགོས་པ་དང་མཉམ་དུ་སྲིད་གཞུང་གིས་བྲིས་པའི་དམ་བཅའ་ཡི་གེ་ཞིག་ལ་མཛུབ་ཐེལ་རྒྱག་དགོས་ཀྱི་ཡོད་པ་དང་། ཡི་གེ་དེའི་ནང་དུ་། རང་ཉིད་ཡ་ཆེན་དགོན་དུ་བསྡད་ནས་ད་བར་ལོ་ཅི་ཙམ་སོང་ཡོད་པ་དང་། ཕ་ཡུལ་དུ་ལོག་རྗེས་རྒྱལ་གཅེས་ཆོས་གཅེས་བྱས་ནས་སྡོད་པ་ལས་སླར་ཡང་ཡ་ཆེན་དགོན་པར་ཡོང་བའམ་ཡང་ན་ཡོང་ནས་གཏན་སྡོད་མི་བྱ་བའི་མཁས་ལེན་དམ་བཅའ་ཡིན་ཞེས་བྲིས་ཡོད་པ་དང་། མཇུག་ཏུ་སོ་སོའི་མིང་དང་མཛུབ་ཐེལ་རྒྱག་དགོས་ཀྱི་ཡོད་འདུག ཡང་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་རྗེས་ཟླ་བ་གསུམ་བཞི་ཙམ་ལ་ཆབ་སྲིད་སློབ་སྦྱོང་སྤྲོད་ཀྱི་ཡོད་པ་མ་ཟད། སློབ་སྦྱོང་དེ་ཚར་རྗེས་དོ་བདག་གིས་ཡང་བསྐྱར་ཡ་ཆེན་སྒར་དུ་མི་འགྲོ་བའི་ཁས་ལེན་དང་། ཁྱིམ་མིས་ཁག་ཐེག་བྱེད་དགོས་ཀྱི་ཡོད་འདུག་ལ། གལ་སྲིད་ཁས་ལེན་ཁག་ཐེག་དང་འགལ་ཚེ་དོ་བདག་ཙམ་མ་ཟད་ནང་མི་ཚོ་ལའང་དཀའ་ངལ་འཕྲད་ཀྱི་ཡོད་འདུག

རྒྱ་ནག་གཞུང་གི་གཏོར་བཤིར་ལག་བསྟར་མགོ་བརྩམས་རྗེས། ཉིན་ཞིག་ཆོས་ཁྲིད་ཅིག་གི་སྐབས་སུ་བླ་མ་ནམ་མཁའི་སྙིང་པོ་མཆོག་ནས་གྲྭ་བཙུན་རྣམས་ལ་སེམས་གསོ་དང་། དཀའ་སྡུག་མེད་པར་གནས་ཐུབ་པའི་ཐུགས་སྨོན་གནང་བ་དང་སྦྲགས། གྲྭ་ཤག་གཏོར་བཤིག་ཐེབས་པའི་གྲྭ་བཙུན་རྣམས་ལ་གུན་གསབ་ཏུ་རྒྱ་སྒོར་ ༥༠༠ རེ་གནང་རྒྱུ་ཡིན་པས་ཚང་མས་སྒོར་མོ་དེ་ལེན་དགོས་སྐོར་དང་། ཡ་ཆེན་དགོན་པའི་མ་འོངས་པའི་ཆེད་དུ་ཟློག་ཐབས་བྲལ་བའི་བཀའ་རྒྱ་དེར་གྲྭ་བཙུན་རྣམས་ཀྱིས་གང་ཐུབ་ཅི་ཐུབ་ཀྱིས་བཟོད་སྒོམ་གནང་སྟེ། ཚིག་ངན་རྩ་བ་ནས་མ་གནང་རོགས་ཞེས་བཀའ་སློབ་གནང་ཡོད་འདུག

ཕྱི་ལོ་ ༢༠༡༦ ལོར་གསེར་རྟ་བླ་རུང་སྒར་གྱི་ཁང་པ་གཏོར་བ་དང་ཆབས་ཅིག་ཡ་ཆེན་དགོན་པར་ཡང་གཞུང་ལམ་བཟོ་དགོས་ཟེར་ནས་གྲྭ་ཤག་ ༤༠ ཡས་མས་ཞིག་གཏོར་བ་དང་། གྲྭ་བཙུན་མང་པོ་ཞིག་ཕྱིར་འཕུད་བྱས་སོང་ཡང་བླ་མ་ནམ་མཁའི་སྙིང་པོས་གཏན་ནས་དྲྭ་ཐོག་ནས་སྤེལ་བ་སོགས་མི་བྱེད་པར་བཟོད་པ་སྒོམ་ནས་སྡོད་པ་ལས་གཏན་ནས་མ་འདོད་པའི་རྣམ་པ་མི་སྟོན་པའི་བཀའ་སློབ་ཟབ་མོ་གནང་བར་བརྟེན། ད་བར་གཏོར་བཤིག་གི་གནས་ཚུལ་ཆོས་སྒར་ནས་དྲྭ་ཐོག་སོགས་སུ་གཏན་ནས་སྤེལ་མེད་པ་དང་། སྐབས་དེ་དུས་ཡ་ཆེན་དགོན་གྱི་སྤྲུལ་ཡིད་དགའ་ལགས་ལྷ་སར་ཆེད་ཕེབས་ཀྱིས། བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ལས་ཁུངས་ལ་བོད་ལྗོངས་ཁུལ་གྱི་གྲྭ་བཙུན་ལྷག་པར་དབུས་གཙང་ཁུལ་གྱི་གྲྭ་བཙུན་སློབ་གཉེར་བ་རྣམས་དེ་སྔ་སོང་ཚར་བ་རྣམས་རྩིས་མེད་དང་། ད་ཡོད་རྣམས་ཡར་ལོག་མི་དགོས་པའི་སྐོར་ལ་ཉིན་གྲངས་ ༣ རིང་རེ་སྐུལ་སྙན་ཞུ་ཕུལ་ཡོད་ཀྱང་ཕན་འབྲས་ཅི་ཡང་བྱུང་མེད་པ་རེད།

ཡང་འབྲེལ་ཡོད་དེ་ཡིས།  ཆོས་སྒར་འདི་ཉིད་ལ་རྒྱ་ནག་གཞུང་གིས་སྔ་ཕྱི་བར་གསུམ་དུ་བར་ཆད་ཐེངས་མང་བཟོས་མྱོང་ཡང་། བླ་མ་ཡབ་སྲས་གཉིས་ཀྱི་བཀའ་དྲིན་གྱིས་ད་བར་ཆོས་སྒར་འདི་ཉིད་ཉི་ཟླ་ལྟར་དད་ལྡན་སྐྱེ་འགྲོ་ཀུན་གྱི་བསོད་ནམས་གསོག་པའི་ཞིང་ས་རུ་གནས་མུས་ཡིན། འོན་ཀྱང་ཕྱི་ལོ་༢༠༠༢ ཙམ་ནས་བཟུང་རྒྱ་གཞུང་གིས་ཆོས་སྒར་འདིའི་གྲྭ་བཙུན་གྱི་སྡོད་ཤག་༢༠༠༠ཙམ་གཏོར་བཤིག་གཏང་བ་མ་ཟད། དེའི་རྗེས་རིམ་པས་ཆོས་སྒར་འདིའི་ཉེ་འཁོར་དུ་ཡོད་པའི་དཔལ་ཡུལ་རྫོང་གིས་བཙུགས་པའི་ཡ་ཆེན་དགོན་བདག་གཉེར་ཁང་ཞེས་པ་དེས། སྔ་ཕྱིར་བལྟ་སྲུང་ནན་མོ་བྱས་རྐྱེན་གྲྭ་བཙུན་མེད་པའི་སྐབས་དང་ལྷག་པར་ཆོས་ཚོགས་དང་བླ་མའི་བཀའ་ཆོས་གནང་སྐབས་སོགས་སུ་གྲྭ་ཤག་གཏོར་བའི་བྱ་ངན་རིམ་པ་སྣ་ཚོགས་སྤེལ་བ་རེད། དེ་ནས་༢༠༠༨ ལོ་ནས་བཟུང་ཆོས་སྒར་འདི་ཉིད་ལ་སྔར་བས་དམ་དྲག་ཆེ་རུ་བཏང་ཞིང་། ཡ་ཆེན་དགོན་པའི་གྲྭ་བཙུན་མང་པོ་ཞིག་རབ་དང་རིམ་པ་བཞིན་ཕྱིར་འཕུད་བྱས་ཡོད་རུང་། བླ་མ་ཡབ་སྲས་གཉིས་ཀྱིས་བཟོད་སྒོམ་གནང་གང་ཐུབ་དང་སློབ་མ་ཚོར་སློབ་གསོ་མང་པོ་བརྒྱབ་པའི་འོག་ད་བར་དུ་ཕྱི་ཕྱོགས་ནས་ཡ་ཆེན་དགོན་པའི་གནས་ཚུལ་རྒྱས་པོ་ཞིག་གོ་ཐོས་ཡོད་མཁན་ཉུང་ཤས་ཙམ་རེད།  ཕྱི་ལོ་ ༢༠༠༨ལོ་ནས་ད་བར་ཐབས་སྣ་ཚོགས་ཀྱི་སྒོ་ནས་ཡ་ཆེན་དགོན་པའི་གྲྭ་བཙུན་༣༠༠༠ནས་༤༠༠༠མ་ཟིན་ཙམ་ཕྱིར་འཕུད་བཏང་ཟིན་པ་ནི་གཙོ་བོ་དབུས་གཙང་ཁུལ་དང་། གཞིས་ཀ་རྩེ། ལྷོ་ཁ། ནག་ཆུ། ཆབ་མདོ་དཔལ་འབར། རི་བོ་ཆེ། སྟེང་ཆེན། ཀོང་པོ། འཇོ་མདའ་སོགས་མདོར་ན་གྲྭ་བཙུན་༣༥༠༠ཙམ་བཙན་གྱིས་ཕྱིར་འཕུད་བྱས་པ་དང་། ཡང་གྲྭ་བཙུན་འགའ་རེ་ན་ནས་ཕ་ཡུལ་དུ་ལོག་པ་དང་། འགའ་རེ་གཉེན་འཕྲད་དུ་ཕྱིན་པ། གཞན་ཡང་ཁྱིམ་དུ་གོད་ཆག་བྱུང་བ་སོགས་གྱིས་ཕ་ཡུལ་དུ་ལོག་པ་རྣམས་ལ་བཙན་གྱིས་ཆབ་སྲིད་སློབ་སྦྱོང་སྤྲད་པ་དང་། ཕྱིས་སུ་ཡ་ཆེན་དགོན་པར་འགྲོ་མི་ཆོག་པའི་མཛུབ་ཐེལ་བརྒྱབ་ཏུའང་བཅུག་ཡོད་པ་མ་ཟད། ཕ་མར་སྡིགས་རྭ་བསྐུལ་བའི་བྱ་ངན་སྣ་ཚོགས་བྱས་ཡོད་སྐོར་བརྗོད་འདུག

ཡང་ཁོང་གིས། རྒྱ་ནག་གཞུང་ནས་གྲྭ་བཙུན་ཚོས་ཁྱིམ་ཚང་འཛིན་པ་ཡིན་ན་འཚོ་བའི་ཐད་ལ་རྒྱལ་ཁབ་ཀྱིས་རོགས་རམ་བྱ་རྒྱུ་ཡིན་ཞེས་མང་དུ་བཤད་བཞིན་ཡོད་པ་དང་། གྲྭ་བཙུན་གང་འཚམ་ཞིག་མུ་མཐུད་དགོན་པར་བཞུགས་མ་ཐུབ་པར་སྐྱ་སར་འབབ་ཀྱི་ཡོད་པའི་གནས་སྟངས་སྐྱོ་པོ་འབྱུང་བཞིན་ཡོད་པ་དང་། ཡ་ཆེན་དགོན་གྱི་གྲྭ་བཙུན་ཚོས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་བའི་བྱ་བ་རྩ་བ་ནས་སྒྲུབ་མྱོང་མེད་ལ། ལྷ་ཆོས་མི་ཆོས་དང་མི་མཐུན་པའི་ལས་ཀའང་སྒྲུབ་མྱོང་མེད་པས། ཉེས་མེད་སློབ་གཉེར་བ་ཁོང་ཚོའི་སྡོད་ཁང་ཡང་བཙན་གྱིས་གཏོར་དགོས་པ་ག་རེ་ཡིན་ནམ་ཞེས་བརྗོད་འདུག

གནས་ཚུལ་མཁོ་སྤྲོད་པ་གཞན་ཞིག་གིས། རྒྱ་ནག་གཞུང་གིས་ཡ་ཆེན་སྒར་ནས་གྲྭ་བཙུན་གཉིས་དང་དཔལ་ཡུལ་དགོན་ནས་བཙུན་མ་མང་པོ་ཕྱིར་འཕུད་བཏང་ཡོད་པ་མ་ཟད། འདི་ལོའི་ལོ་མགོ་ཙམ་ལ་དཔལ་ཡུལ་རྫོང་ཁོངས་སུ་ཡོད་པའི་བྲག་ཁ་ཆུ་རི་ཁྲོད་དུ་ཡོད་པའི་གྲྭ་ཤག་ ༡༠༠ ལྷག་ལས་གྲྭ་ཤག་ ༡༠༠ ཙམ་རྦད་དེ་གཏོར་བཤིག་བཏང་ཡོད་འདུག

 གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༨/༢༢

Leave a Reply

One thought on “ཡ་ཆེན་དགོན་གཏོར་བཞིན་འདུག