ཕྱུག་བདག་གིས་རང་གི་ཕྲུ་གུར་སྐབས་འཕྲལ་འཚོ་བ་སྐྱེལ་དུ་བཅུག

ཨ་དྷི་ཏ་ཁན་(Adit Khan)སྤེལ།

སྐལ་ལྡན་གྱིས་བསྒྱུར།

ཕ་ལམ་ཚོང་གཉེར་བ་སྐུ་ཞབས་གྷང་ཤིའམ་(Ghanshyam Bhai Dholakiya)གྱིས། རང་ཉིད་ཀྱི་བུ་ཧི་ཐར་ཐ་(Hithartha)ཡི་ལག་ཏུ་འགྲོ་གྲོན་སྒོར་༥༠༠ལས་མ་གནང་བར། གློ་བུར་དུ་གྲོང་ཁྱེར་ཧེ་དྷ་ར་བྷཌ་(Hyderabad)རུ་མངག་གཏོང་གནང་བ་རེད། དེ་ལྟར་མངག་གཏོང་གནང་དོན་ནི་རང་ཉིད་ཀྱི་བུས་སྐབས་འཕྲལ་རྒྱས་སྤྲོས་ཀྱི་འཚོ་བ་དོར་ཏེ། མ་རྩ་སྒོར་མོ་༥༠༠ཁོ་ནར་བརྟེན་ནས་མི་ཕལ་པའི་འཚོ་བ་སྐྱེལ་ཐུབ་ཐབས་བྱེད་པའི་ཆེད་དུ་ཡིན་པ་རེད། ཁོང་གིས་རང་ཉིད་ཀྱི་ཕྲུ་གུས་སྒོར་མོ་ས་ཡ་དྲུག་སྟོང་ལ་རེ་བའི་ཚོང་ལས་ཀྱི་སྐྱེད་ཚལ་དུ་མ་རོལ་གོང་། སྐྱེ་བོ་ཕལ་པའི་མི་ཚེའི་དཀའ་སྡུག་གི་རང་བཞིན་དངོས་སུ་ར་འཕྲོད་དང་ཤེས་རྟོགས་ཡོང་བའི་ཆེད་དུ་ཡིན་ཞེས་བརྗོད་ཡོད།

དངོས་བྱུང་གནས་ཚུལ་དེ་ཡ་མཚན་ཅན་ཞིག་ཏུ་སྣང་ཡང་། གང་ལྟར་སྐུ་ཞབས་གྷང་ཤིའམ་གྱིས་བུ་ཧི་ཐར་ཐར་རང་ཉིད་ཀྱི་ཕ་མའི་གནས་བབ་གང་ཡིན་གསང་རྒྱ་དམ་པོ་བྱེད་དགོས་པའི་ཆ་རྐྱེན་འོག གྲོང་ཁྱེར་ཧེ་དྷ་ར་བྷཌ་རུ་རང་ངོས་ནས་ལས་ཀ་བཙལ་འཚོལ་བྱེད་པར་མངགས་པ་རེད། ལས་ཀ་བྱ་ཡུལ་གང་འདྲ་ཞིག་ཡིན་རུང་། དེར་དུས་ཡུན་བདུན་ཕྲག་གཅིག་རང་ལས་སྡོད་མི་ཆོག་པར། ལས་ཀའི་ངོ་བོར་འགྱུར་བ་བཏང་སྟེ་གཞན་འཚོལ་བར་བསྐྱོད་དགོས་པ་ཡིན། ཁོ་པའི་ལག་ཏུ་ཁ་པར་དང་དངུལ་ལེན་ལག་འཛིན་(ATM card)སོགས་གང་ཡང་གནང་མེད། འོན་ཀྱང་བུ་ཧི་ཐར་ཐས་གྲོང་ཁྱེར་དེའི་དཀའ་སྡུག་ཆེ་བའི་འཚོ་བ་སྐྱེལ་ཐུབ་པ་བྱུང་བ་མ་ཟད། ཟླ་བ་ཧྲིལ་པོར་སྒོར་༥༠༠༠གསོག་སྒྲུབ་བྱེད་ཐུབ་པ་བྱུང་ཡོད།

ཧི་ཐར་ཐས་ཁོ་པར་པཱ་ལགས་ཀྱིས་ཡིག་སྐོགས་ཤིག་གནང་བའི་ནང་། གྲོང་ཁྱེར་ཧེ་དྷ་ར་བྷཊ་ལ་བསྐྱོད་རྒྱུའི་མེ་འཁོར་གྱི་ལག་འཛིན་ཞིག་ཡོད་པ་ཤེས་རྗེས། ཅུང་ཟད་ཧད་དེ་ལུས་པ་དང་ཡ་མཚན་སྐྱེ་དགོས་པ་བྱུང་བ་མ་ཟད། སེམས་ནང་དོགས་འཆར་སྣ་ཚོགས་སྐྱེ་བཞིན་གྲོང་ཁྱེར་དེར་བསྐྱོད་དགོས་བྱུང་ཞེས་ཟེར། གྲོང་ཁྱེར་དེར་སླེབས་མཚམས་ཁོ་པས་མི་གཞན་གྱི་ལག་ཐོགས་ཁ་པར་གཡར་ཏེ། པཱ་ལགས་ཀྱི་ཞབས་ཞུ་བར་ཁ་པར་བཏང་ཡང་ཁ་ཡ་མ་བྱས་པའི་ཁར། ཉིན་དང་པོ་དེ་གར་ལས་ཀ་འཚོལ་བར་འགྲོ་དགོས་བྱུང་བ་མ་ཟད། ཉིན་ཧྲིལ་པོའི་སེམས་ཁྲལ་དང་དངངས་འཚབ་ཆེ་ཤོས་དེ་ནི། སྡོད་གནས་མེད་པའི་གནས་བབ་དེ་ཡིན་ལ། རང་ཉིད་ལ་ངོས་འཛིན་ལག་འཁྱེར་(Identity Card)ཡང་མེད་པ་རེད།

མཐར་ཉིན་དེར་ཨར་ཀེ་མགྲོན་ཁང་(RK Lodge)ཞེས་པའི་སྦྱིན་བདག་གིས་གནས་ཚང་གཡར་བར་བརྟེན། སྡོད་གནས་མེད་པའི་སེམས་ཁྲལ་ལས་ཐར་ཐུབ་ཙམ་བྱུང་ཡང་། བཀྲེས་སྐོམ་སེལ་བར་འགྲོ་གྲོན་མ་དངུལ་ཉུང་ཤས་ལས་མེད་སྟབས། ལམ་ཟུར་གྱི་ཟས་རིགས་ཚོང་གཉེར་བ་ཞིག་ལས་སྒོར་ཉི་ཤུ་ཡིན་པའི་འབྲས་སྡེར་མ་གང་བཟས་པ་རེད། དེ་ནི་ཁོའི་མི་ཚེ་ཧྲིལ་པོར་ཟ་མྱོང་མེད་པའི་ཁ་ཟས་སྐྱོ་ཤོས་དེ་ཡིན་ཞེས་ཟེར།

ཧི་ཐར་ཐས་ཉིན་གཉིས་རིང་གང་སར་ལས་ཀ་བཙལ་འཚོལ་བྱས་མཐར། མེཀ་ཌོ་ནལ་ཌ་སྟབས་བདེའི་ཟས་རིགས་ཚོང་ཁང་ཞིག་ཏུ་ཚོང་གཉེར་གྱི་ལས་ཀ་འཐོབ་ཐུབ་པ་བྱུང་། འོན་ཀྱང་ཁོའི་པཱ་ལགས་ཀྱི་ཚད་འཛིན་ཆ་རྐྱེན་བཞིན་ས་གནས་གཅིག་ཏུ་ལས་ཡུན་བདུན་ཕྲག་གཅིག་ཁོ་ན་ལས་སྡོད་མི་ཆོག་པར་བརྟེན། ཟས་རིགས་ཚོང་ཁང་དེའི་འགོ་པ་དེར་འགྲེལ་བརྗོད་དང་རྩོད་གླེང་སྣ་ཚོགས་ཀྱིས་བདུན་ཕྲག་གཅིག་རིང་གི་གླ་ཡོན་སྒོར་༡༥༠༠བླངས་ཏེ་ཕྱིན། ལས་རིགས་གཉིས་པ་དེ་འཚོལ་བར་འགྲོ་སྐབས་མི་ཚེའི་ནང་ཐེངས་དང་པོར་འཚང་ཁ་ཆེ་ལ་གཡས་གཡོན་གང་ས་ནས་འབུད་རྒྱག་གཏོང་བའི་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་ནང་འགྲུལ་བཞུད་བྱས་པ་རེད།

ཧི་ཐར་ཐའི་ལས་རིགས་གཉིས་པ་དེ་ནི་དཀར་པང་བཟོ་སྐྲུན་ཁང་ཞིག་གི་ཐོན་རྫས་ཀྱི་རྒྱུ་ཆ་ཉིན་ཧྲིལ་པོར་སྦག་སྦག་བཏང་ཏེ་གང་སར་ངོ་སྤྲོད་བྱེད་པར་འགྲོ་དགོས་པ་དང་། དགོས་མཁོ་ཅན་ཚོར་ཚོང་ཟོག་སྐྱེལ་འདྲེན་བྱེད་དགོས་པ་དེ་ཡིན། བྲེལ་འཚུབ་ཆེ་ལ་དཀའ་ཚེགས་ཆེ་བའི་ལས་རིགས་དེ་དག་གིས་ཁོ་ཐང་ཆད་པ་དང་། ལས་དོན་གང་འདྲ་ཞིག་འགྲུབ་དགོས་ཀྱང་མྱུར་ལམ་ཞིག་གཏན་ནས་མེད་པ་གསལ་པོ་ཤེས་རྟོགས་བྱུང་བ་མ་ཟད། རང་ཉིད་འབྱོར་ཕྱུག་གི་ཁྱིམ་ཚང་ཞིག་ཏུ་སྐྱེས་པ་བསོད་ནམས་ཅན་ཞིག་ཡིན་པའི་དགའ་སྤོབས་ཀྱང་ཆེན་པོ་སྐྱེས་པ་རེད།

དེའི་རྗེས་ཉིན་ཞིག་རུག་གྷུབ་ཏ་(Rukgupta)ཞེས་པའི་མི་ཞིག་དང་འཁོར་གསུམ་གླ་འཁོར་ཞིག་ནང་ཐུག་འཕྲད་བྱུང་བས། ཁོང་གིས་ཧི་ཐར་ཐར་ངོ་རྟགས་ར་སྤྲོད་མི་དགོས་པར་གནས་ཚང་གཡར་བ་རེད། ཁོའི་ལས་དོན་གསུམ་པ་ནི། ཨ་ཌི་ཌ་ས་(Adidas)ཚོང་ཟོག་འགྲེམས་སྟོན་ཁང་ཞིག་ཏུ་ཚོང་ལས་ཀྱི་ལས་དོན་གཉེར་བ་དེ་ཡིན། འགྲེམས་སྟོན་ཁང་དེའི་ལས་རོགས་རྣམས་ལས་ཁོས་ཚོང་ལས་ཀྱི་གནད་དོན་མང་པོ་ཤེས་རྟོགས་བྱེད་པའི་གོ་སྐབས་ཀྱང་ཐོབ་ཡོད་པ་རེད།

སྐུ་ཞབས་གྷང་ཤིའམ་ལགས་ཀྱིས་གནད་དོན་དེ་ནི་ཁྱིམ་རྒྱུད་ཀྱི་ལམ་ལུགས་སྲོལ་ཞིག་ཡིན་ལུགས་བརྗོད་པ་དང་། སྔ་ལོ་ཁོང་གི་བུ་ཌ་རབ་ཡ་(Davya)ཡང་དེ་ལྟར་འཚོ་བ་སྐྱེལ་ཐབས་དང་དངུལ་གསོག་སྒྲུབ་བྱེད་པར་བཏང་བས། ཁོས་ཀྱང་ཁྱིམ་དུ་ཕྱིར་ལོག་བྱེད་སྐབས་སྒོར་༤༠༠༠གསོག་སྒྲུབ་བྱེད་ཐུབ་པ་བྱུང་ཡོད་ཅེས་དང་། དེ་ལྟར་ཁྱིམ་རྒྱུད་ཀྱི་མི་རྣམས་ཀྱིས་མི་ཕལ་པའི་འཚོ་བའི་གནས་སྟངས་ངོ་མ་རང་ངོས་ནས་མྱོང་ཚོར་བྱེད་ཐུབ་པ་བྱུང་ན། མི་ཚེའི་རིན་ཐང་འཇལ་ཐུབ་པའི་ཁེ་ཕན་ཆེན་པོ་ཡོད་ཅེས་བརྗོད།

སྐུ་ཞབས་གྷང་ཤི་འམ་བྷའེ་དྷོ་ལ་ཀི་ཡ་ལགས་ནི་གྷུ་ཇ་ར་ཏ་(Gujurat)མངའ་སྡེའི་སུ་རཏ་ཞེས་པའི་ས་གནས་ཀྱི་ཧ་རི་ཀྲི་ཤི་ན་ཕྱི་ཚོང་ཁང་གི་(HariKrishna Export)སྦྱིན་བདག་ཆེན་མོ་ཡིན་པ་དང་། ལོ་ལྟར་རང་ཉིད་ཀྱི་ལས་མི་སྟོང་ཕྲག་མང་པོར་གཟིགས་བཟོས་ཆེན་པོ་གནང་མཁན་ཞིག་ཡིན་ལ། ལོ་ཤས་སྔོན་ཁོང་གིས་ལར་ཞེན་ཅན་གྱི་ལས་མི་གྲངས་༤༠༠ ལ་རླངས་འཁོར་རེ་རེ་ལེགས་སྐྱེས་ཀྱི་ཚུལ་དུ་གནང་བ་མ་ཟད། ལས་མི་ ༡༥༠༠ ཙམ་ལ་རང་བདག་སྡོད་གནས་ཁང་པ་རེ་གནང་ཡོད་པས་ཁོའི་སྙན་གྲགས་རྒྱ་གར་རྒྱལ་ཡོངས་སུ་ཁྱབ་ཡོད་པ་རེད།

མ་རྩོམ་འབྲེལ་ཐགhttps://startupwonders.com/6000-crores-worth-businessman-sends-son-hyderabad-rs-500-says-proof-can-survive/#axzz4puVc8dfc

རྩོམ་ཡིག་དང་འབྲེལ་བའི་འབྲེལ་ཐག་གཞན། http://www.rediff.com/business/report/pix-special-amazing-story-of-a-businessman-who-gifted-cars-flats-to-staff/20141024.htm

བསྐྱར་བཅོས།: ༢༠༡༧/༠༨/༢༢

Leave a Reply