གོ་གནས་དགོས་ན་ཏང་ལ་ཡིད་ཆེས་བྱོས།

ཁྲིན་ཞི་ཡིས་དམར་ཤོག་སྒྲིག་ཁོངས་ཀྱི་དཔོན་རིགས་གསར་རྙིང་ཚོར་གོ་གནས་དགོས་ན་ལྷ་འདྲེ་ལ་ཡིད་རྟོན་མི་བྱེད་པར་དམར་ཤོག་ཚོགས་པར་ཡིད་ཆེས་བྱེད་དགོས་ལུགས་བཤད་འདུག

དེ་རིང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱི་གནས་ཚུལ་ལྟར་ན། ཁ་སང་རྒྱ་ནག་དམར་ཤོག་དབུས་རྩ་འཛུགས་ལྷན་ཁང་གི་གཙོ་འཛིན་ཁྲིན་ཞི་ (Chen Xi) ཟེར་བ་དེས། རྒྱ་ནག་གཞུང་འབྲེལ་མི་མང་ཉིན་རེའི་ཚགས་པར་ཐོག་རྩོམ་ཡིག་སྤེལ་ཏེ། ད་ལྟའི་རྒྱ་ནག་དབུས་གཞུང་གི་དཔོན་རིགས་གསར་རྙིང་ཚོས་ནུབ་ཕྱོགས་ཀྱི་དམངས་གཙོའི་ལམ་ལུགས་ལ་ཁ་ཕྱོགས་ཏེ་རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ཀྱི་ཡིད་ཆེས་བརླག་འགྲོ་ཡི་ཡོད་སྟབས། གལ་ཏེ་དམར་ཤོག་སྒྲིགས་ཁོངས་ཀྱི་དཔོན་རིགས་ཚོར་གོ་གནས་དགོས་ན། ལྷ་འདྲེ་ལ་ཡིད་རྟོན་མི་བྱེད་པར་དམར་ཤོག་ཚོགས་པར་ཡིད་ཆེས་བྱེད་དགོས་ཚུལ་བཤད་འདུག

ཁྲིན་ཞི་ཡི་རྩོམ་ཡིག་ནང་། སྒྲིག་ཁོངས་ཀྱི་དཔོན་རིགས་ཁ་ཤས་ལྷ་འདྲེ་མ་གཏོགས་མར་ཁེ་སི་ལེ་ཉིན་རིང་ལུགས་ལ་ཡིད་ཆེས་མི་འདུག དཔོན་རིགས་ལ་ལས་རང་ཉིད་གུ་ཡངས་རིང་ལུགས་པར་རྫུས་ཏེ་ཏང་གི་གཞི་རྩའི་ཆབ་སྲིད་གོ་དབང་བརྟན་སྲུང་བེྱད་པའི་འོས་འགན་ལ་གཡོལ་གྱི་འདུག ཆབ་སྲིད་སྐབས་འཚོལ་བ་ཚོར་ཞིབ་བཤེར་བྱེད་ཐབས་མེད་སྟབས ང་ཚོས་རྒྱུས་ཡོད་མི་མང་བརྒྱུད་ནས་ཆབ་སྲིད་སྐབས་འཚོལ་བ་ཚོར་ཞིབ་བཤེར་བྱེད་དགོས། མ་འོངས་གོ་གནས་དགོས་ན། སྒྲིག་ཁོངས་ཀྱི་དཔོན་རིགས་ཚོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཁ་བྲལ་སྟོབས་ཤུགས་ལྟ་བུའི་ནོར་འཁྲུལ་ཅན་གྱི་བསམ་བློའི་ཁ་གཏད་དུ་ལངས་ཏེ། ཞི་ཅིན་ཕིན་ཏང་གི་སྲོག་སྙིང་དུ་འཛིན་དགོས་པར་མ་ཟད། སོ་སོའི་ཆབ་སྲིད་འོས་འགན་དང་། ཆབ་སྲིད་ཁ་ཕྱོགས། ཆབ་སྲིད་ཀྱི་ཉེན་ཁ་སོགས་ངེས་པར་དུ་ཤེས་དགོས། ཞེས་བྲིས་ཡོད་པ་དང་། ཁྲིན་ཞི་ཡི་སྐད་ཆ་དེ་ནི་ཉེ་སྔོན་དམར་ཤོག་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྟེང་བཤད་པའི་ཞི་ཅིན་ཕིན་གྱི་གཏམ་བཤད་ཀྱི་གཙོ་སྙིང་གཞིར་བཟུང་སྟེ་བཤད་པ་ཞིག་ཡིན་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། ཕྱི་ལོ་ ༢༠༡༢ ལོ་ནས་ཞི་ཅིན་ཅིན་གྱིས་དམག་ཤོག་ཚོགས་པ་ནང་ཁུལ་གྱི་སྲིད་དབང་འཐབ་རྩོད་ཁྲོད་དབུས་ཆབ་སྲིད་ལྷན་ཁང་གི་མགོ་ཁྲིད་ཟུར་བ་ཀྲུའུ་ཡཱོང་ཁང་ (Zhou Yongkang) དང་། རྒྱ་ནག་མི་དམངས་སྲིད་གྲོས་ཀྱི་ཚོགས་གཞོན་དང་འཐབ་ཕྱོགས་གཅིག་གྱུར་ཁང་གི་ཚོགས་གཞོན་པ་ཟུར་བ་ལིན་ཅི་ཧྭ་ (Ling Jihua)། ཁྲོང་ཆིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཟུར་བ་སུན་ཀྲིང་ཚཱེ་ (Sun Zhengcai) སོགས་མཐོ་རིམ་དཔོན་རིགས་མང་པོ་ཞིག་སྒྲིག་འགལ་དང་རུལ་སུངས། གུང་གཞོན་ཤོག་ཁག་ (CYLF) གི་སྟོབས་ཤུགས་ཉམས་རྒུད་བཟོས་པ་སོགས་ཀྱི་ཉེས་དོན་འོག དམར་ཤོག་ཚོགས་ཁོངས་ནས་ཕྱིར་ཕུད་བཏང་བ་དང་བཀག་བསྐྱིལ་བྱས་ཡོད་པར་མ་ཟད། ཚོགས་ཆེན་ཐེངས་བཅུ་དགུ་བའི་རྗེས་སུ་ཞི་ཅིན་ཕིན་གཞུང་གིས་དམར་ཤོག་ཚོགས་པའི་མཐོ་རིམ་དཔོན་རིགས་གཅིག་པུ་མིན་པར་སྒྲིག་ཁོངས་ཀྱི་དཔོན་རིགས་མཐོ་དམའ་བར་གསུམ་ཚང་མའི་གོ་གནས་འཕོ་འགྱུར་གཏོང་ཕྱོགས་གལ་གནད་དུ་བཟུང་ཡོད་པ་དང་། དེ་ནི་དམར་ཤོག་ཚོགས་པའི་གཙོ་འཛིན་ཟུར་བ་ཏིན་ཞོ་ཕིན་གྱིས་ཕྱི་ལོ་ ༡༩༨༠ ནང་རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་དེ་དེང་རབས་ཅན་ལ་ཁ་ཕྱོགས་པའི་ཆབ་སྲིད་ལྟ་བ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་འདུག

ཁྲིན་ཞི་ཟེར་བ་དེ་རྒྱ་ནག་ལྷོ་ཤར་ཧྥུ་ཀྲུའུ་ (Fuzhou) གྲོང་ཁྱེར་གྱི་མི་ཡིན་པ་དང་། ཕྱི་ལོ་ ༡༩༧༨ ལོར་རྒྱ་ནག་དམར་ཤོག་ཚོགས་ཁོངས་སུ་ཞུགས་ཏེ། སྔ་རྗེས་སུ་རྒྱ་ནག་དམར་ཤོག་དབུས་འཛིན་སྐྱོང་ལས་ཁུངས་ཀྱི་དྲུང་ཆེ་དང་། ཞིན་ཧྭ་གཙུག་ལག་སློབ་ཆེན་གྱི་དམར་ཤོག་དྲུང་ཆེ། དབུས་ཆབ་སྲིད་ལྷན་ཁང་གི་ཚོགས་མི། དབུས་རྩ་འཛུགས་ལྷན་ཁང་གི་གཙོ་འཛིན་བཅས་སུ་བསྐོ་བཞག་བྱས་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༡༡/༡༧

Leave a Reply

3 thoughts on “གོ་གནས་དགོས་ན་ཏང་ལ་ཡིད་ཆེས་བྱོས།

  1. གཞུང་པ་ཚེ་དབང་བསོད་ནམས་ཡ

    རྒྱ་ནག་ནང་གོ་གནས་དགོས་ན་གུང་ཁྲན་ལ་སྐྱབས་བཅོལ་བཙན་བྱོལ་ནང་གོ་གནས་དགོས་ན་སྲིད་སྐྱོང་དང་བཀའ་ཤག་ལ་སྤྲེ་ལས་བཤོད་།

  2. གཞུང་པ་ཚེ་དབང་བསོད་ནམས་ཡ

    གོ་གནས་དགོས་ན་གྲལ་རིམ་ལ་སྐྱབས་བཅོལ་མང་གཙོ་དགོས་ན་ཁྲིམས་ལ་སྐྱབས་བཅོལ་