རྒྱལ་བའི་ཕོ་བྲང་ཉམས་གསོ་བརྒྱ་ཆ་དགུ་བཅུ་ཙམ་ཚར་འདུག

རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བདེ་གཉིས་ནས་༧རྒྱལ་བའི་ཕོ་བྲང་ཉམས་གསོའི་ལས་གཞི་མགོ་འཛུགས་ཞུས་ཏེ་ལོ་ངོ་ ༤ ཙམ་འགྲོ་བཞིན་འདུག

འདི་གའི་ས་གནས་གསར་འགོད་པས་ལུགས་ཟུང་བསམ་འགྲུབ་གླིང་གི་གཞིས་མགོ་དང་ཕོ་བྲང་ཉམས་གསོ་ཚོགས་ཆུང་གི་འགན་འཛིན་གཅིག་ལྕོགས་དགེ་ལེགས་འབྱུང་གནས་ལགས་སུ། སྦེལ་ཀོབ་ཀྱི་ཕོ་བྲང་ཉམས་གསོའི་སྐོར་ལ་བཅར་འདྲི་བྱས་ཏེ་རྒྱུས་ལོན་བྱུང་བ་ལྟར་ན།  སྦེལ་ཀོབ་ཀྱི་རྒྱལ་བའི་ཕོ་བྲང་ཉམས་གསོ་བྱས་ནས་ལོ་བཞི་ཙམ་འགྲོ་བཞིན་ཡོད་པ་དང་། ས་གནས་ནས་ཐབས་ཤེས་གང་ཐུབ་གནང་བ་བརྒྱུད་བལ་ཡུལ་ཀོ་པན་དགོན་པའི་བླ་མ་བཟོད་པ་རིན་པོ་ཆེ་མཆོག་དང་། སེ་ར་བྱེས་རྩེ་ཐང་ཁང་ཚན་གྱི་དགེ་བཤེས་འཇམ་དཔལ་ལགས་རྣམ་གཉིས། དེ་བཞིན་ནང་སྲིད་ལས་ཁུངས་ནས་འབུམ་ ༢༥ དང་། སྦེལ་ཀོབ་ས་གནས་མི་མང་ནས་ཞལ་འདེབས་ཕུལ་བ་བཅས་ཁྱོན་ཧིན་སྒོར་འབུམ་དྲུག་ཅུ་རེ་གྲངས་ཤིག་ཕོ་བྲང་ཉམས་གསོ་ཚོགས་ཆུང་གི་ལག་ཏུ་འབྱོར་ཟིན་ཡོད་འདུག དང་ཐོག་ཕོ་བྲང་གསར་པ་བརྒྱབ་པའི་འཆར་གཞི་ཡོད་ཀྱང་སྐུ་སྒེར་ཡིག་ཚང་ལ་ལས་གཞི་སྙན་གསན་ཞུས་སྐབས། གཟིམ་ཆུང་རྙིང་པའི་སྒྲོམ་གཞི་རང་སོར་བཞག་སྟེ་ཉམས་གསོ་དང་ཅུང་རྒྱ་ཆེ་རུ་གཏང་ན་འགྲིག་པའི་བཀའ་ལན་ཕེབས་ཡོད་འདུག

དེ་ཡང་དགེ་ལེགས་འབྱུང་གནས་ལགས་ཀྱིས། ཕོ་བྲང་ཐོག་རྩེག་གསུམ་བཟོས་ཡོད་པ་དང་། འོག་མ་དེར་སྦེལ་ཀོབ་ས་གནས་ལུགས་བདེ་གཉིས་ཀྱི་མི་མང་མཛད་སྒོ་ཡོངས་རྫོགས་དང་། རྒྱལ་བའི་སྐུ་ཚེའི་ཞབས་རིམ་སོགས་ཛ་དྲག་གི་གནས་ཚུལ་རིགས། དེ་བཞིན་མི་མང་རྣམས་གཞུང་འབྲེལ་ཐོག་ཕོ་བྲང་ལ་འདུ་འཛོམས་གནང་སྐབས། སྔོན་མ་ཡིན་ན་མི་མང་སྡོད་སར་དཀའ་ངལ་ཡོད་པར་བརྟེན། ད་ལྟ་ང་ཚོས་གཞི་རྒྱ་ཆེ་རུ་བཏང་ནས་མི་ག་ཚོད་སླེབས་ནའང་ལྷོད་ལྷོད་བཞུགས་ས་ཡོད་པ་ཞིག་བཟོས་ཡོད། ཐོག་རྩེག་གཉིས་པ་དེ་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་གཟིམ་ཆུང་རང་རེད། ཐོག་རྩེག་གསུམ་པ་དེ་མགོན་ཁང་འཕྲིན་བཅོལ་གཏོང་ས་བཅས་ད་ལྟ་བར་དུ་ཕལ་ཆེར་བརྒྱ་ཆ་དགུ་བཅུ་ཙམ་གྲུབ་ཚར་ཡོད། ཉམས་གསོ་ལབ་པ་མ་གཏོགས་གསར་པ་གསར་རྐྱང་རང་ཆགས་བསྡད་ཡོད་པ་རེད། ཅེས་བརྗོད་བྱུང་།

ཕོ་བྲང་རྙིང་པ་ཉམས་གསོ་བྱས་པ་ཙམ་གྱིས་ཕན་གྱི་མེད་པར་འཛུགས་སྐྲུན་གཞན་ཡང་ངེས་པར་དུ་བྱེད་དགོས་པ་ཞིག་ཆགས་ཡོད་སྐོར་ཁོང་གིས། ཕོ་བྲང་ཨ་མ་བཟོ་སྐྲུན་ཚར་བ་ཙམ་ཀྱིས་ཕན་གྱི་མི་འདུག གང་ཡིན་ལབ་ན། རྗེས་མ་དུས་འཁོར་དབང་ཆེན་ས་གནས་འདིར་གསུང་བའི་གོ་སྐབས་རེ་བྱུང་བ་ཡིན་ན། ས་གནས་ལ་ཆིབས་བསྒྱུར་སྐྱོང་སྐབས་སྐུ་སྲུང་དང་གནད་ཡོད་མི་སྣའི་བཞུགས་ས་སོགས་ལ་དཀའ་ངལ་ཆེན་པོ་ཡོད་པས། དེའི་སྐོར་ལ་ང་ཚོ་ཚོགས་ཆུང་ཚོགས་ཚོགས་འདུ་ཚོགས་ནས་གྲོས་སྡུར་རོབ་ཙམ་བྱས་པ་ཡིན།  ད་དུང་ཧིན་སྒོར་འབུམ་ ༡༦༠ ཙམ་འགྲོ་ས་རེད། འཛུགས་སྐྲུན་དེ་ད་ལྟ་འཆར་གཞི་འགྲོ་གཞིན་པ་ཡིན། ང་ཚོའི་རེ་བ་ཆེ་ཤོས་དེ་ནེའུ་ཡོག་དང་ནེའུ་ཇར་སི་གཉིས་རེད། དེར་ང་ཚོ་སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་མི་མང་མང་པོ་ཞིག་ཡོད་སྟབས། ཁོང་ཚོར་ལབ་སྟེ་ཞལ་འདེབས་ཚོགས་ཆུང་ཞིག་གསར་འཛུགས་གནང་ཡོད་པ་ལྟར། ད་ལྟ་བར་དུ་ཕོ་བྲང་ཉམས་གསོའི་ཆེད་དུ་ཨ་སྒོར་ཁྲི་ལྔ་ཞིག་རག་སོང་གསུང་གི་འདུག གཞན་ཡང་ཁེ་ན་ཌར་སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་མི་མང་གང་འཚམ་ཡོད་པས་དེ་རུའང་ཕོ་བྲང་ཉམས་གསོའི་ཚོགས་པ་ཞིག་གསར་འཛུགས་བྱས་ནས་ཁོང་ཚོས་ཞལ་འདེབས་བསྡུ་རུབ་གནང་གི་ཡོད་པ་རེད། གཞན་ཡང་། མིན་ནི་སོ་ཊ་(Minnesota)ནང་སྦེལ་ཀོབ་ཀྱི་མི་མང་པོ་ཡོད་ས་རེད། ང་ཚོས་དེ་ལའང་ཚོགས་ཆུང་གསར་འཛུགས་ཀྱིས་ཞལ་འདེབས་བསྡུ་རུབ་ཀྱི་ལས་གཞི་འགྲོ་བསྡད་ཡོད། ཞལ་དེབས་ཀྱི་དངུལ་ཚང་མ་སླེབས་སོང་ན་ང་ཚོས་སྐུ་མགྲོན་བཞུགས་གནས་དང་གསོལ་ཐབ་ཁང་ཚང་མ་གསར་བཟོ་གནང་བའི་འཆར་གཞི་ཡོད། ཡིན་ནའང་། ང་ཚོས་ད་ལྟ་འཆར་གཞི་ཆེན་པོ་བཞག་མེད། གང་ཡིན་ལབ་ན། དངུལ་ཀྱིས་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། སྤྱི་པའི་ལས་དོན་ཡིན་དུས་བུ་ལོན་གཡར་ནས་བཟོས་ན་འགྲིག་གི་མེད་པས་ཞལ་འདེབས་ག་ཚོད་ཞིག་སླེབས་སོང་ན་དེ་ལ་བལྟ་གིན་ལས་ཀ་བྱེད་ཀྱི་ཡོད། ཅེས་བརྗོད་བྱུང་།

ལུགས་བསམ་ཕོ་བྲང་ཉམས་གསོ་ཚོགས་ཆུང་ནི་ལུགས་བདེ་གཉིས་ཀྱི་ས་གནས་མགོ་འཛིན་དང་མཉམ་འབྲེལ་ཚོགས་གཙོ་རྣམ་གཉིས། རང་བདེན་ཚོགས་ཆུང་གི་ཚོགས་གཙོ་གཉིས། སེ་ར་བླ་སྤྱིའི་ཕྱག་འཛོད། རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་ཕྱག་མཛོད། ས་གནས་གཞོན་ནུ་དང་བུད་མེད། ལུགས་བསམ་སྤྱི་མིའི་འཐུས་ཚབ་གཉིས། བདེ་སླར་སྤྱི་མིའི་འཐུས་ཚབ་གཉིས་བཅས་ཁྱོན་ཚོགས་མི་ ༡༤ ཡོད་འདུག

                                                                                རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༧/༡༡/༣༠

Leave a Reply

One thought on “རྒྱལ་བའི་ཕོ་བྲང་ཉམས་གསོ་བརྒྱ་ཆ་དགུ་བཅུ་ཙམ་ཚར་འདུག

  1. དགེ་བཤེ་བློ་དགའ

    གོང་དུ་སེར་ར་བྱེས་གཙང་པ་ཁང་མཚན་གྱི་དགེ་བཤེས་འཇམ་དཔལ་ཞེས་པ་འདི་ཁོང་གཙང་པ་ཡིན་མིན་དཔྱོད་བ་བྱོ