ཝང་ཡས་ལ་ངོ་རྒོལ་གནང་མཁན་རྣམས་ཀློད་གྲོལ་བཏང་།

རྒྱ་གར་དང་རྒྱ་ནག ཨུ་རུ་སུ་བཅས་ཀྱི་ནང་ཁུལ་རྩོད་རྙོག་ནང་ཁུལ་ནས་འདུམ་འགྲིག་ཡོང་ཆེད་རྒྱལ་ཁབ་གསུམ་གྱི་ཕྱི་སྲིད་བློན་ཆེན་གྱི་ལྷན་ཚོགས་ཤིག་ལྡི་ལིར་ཚོགས་བཞིན་འདུག

ཟླ་འདིའི་ཕྱི་ཚེས་ ༡༡ ནས་ ༡༣ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཨེ་ཤ་ཡའི་སྟོབས་ལྡན་རྒྱལ་ཁབ་རྒྱ་གར་དང་ཨུ་རུ་སུ། རྒྱ་ནག་བཅས་ཀྱི་ཕྱི་སྲིད་བློན་ཆེན་ལྷན་ཚོགས་ཚོགས་བཞིན་ཡོད་པ་དང་། ཐེངས་འདིའི་ཕྱི་སྲིད་བློན་ཆེན་རྣམས་ཀྱི་ཚོགས་ཆེན་ཐོག ཨེ་ཤ་ཡའི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་འཇགས་སྲུང་སྐྱོབ་དང་། རྒྱལ་ཁབ་གསུམ་བར་མཉམ་ལས་ཚོང་འབྲེལ། འཇིགས་སྐུལ་རིང་ལུགས་ཀྱི་དཀའ་ངལ་སེལ་ཐབས། དེ་བཞིན། རྒྱལ་ཁབ་གསུམ་བར་གྱི་རྩོད་རྙོག་འདུམ་འགྲིག་ཡོང་ཐབས་བཅས་ཀྱི་ཐད་གྲོས་མོལ་གནང་བཞིན་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡས་རྒྱ་གར་ནང་འབྱོར་བ་དང་བསྟུན། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་བ་ཁག་ཅིག་གིས། ཝང་ཡས་ལྷན་ཚོགས་ཐོག་མཉམ་ཞུགས་བྱེད་པར་ངོ་རྒོལ་བྱས་ཡོད་པ་དང་། ཁ་སང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་ ༩ ཡིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡས་ཀྱི་སྡོད་གནས་ (Imperial)གསོལ་མགྲོན་ཁང་གི་གཡས་གཡོན་གང་སར་བོད་ནང་རང་དབང་དང་འདྲ་མཉམ། འགྲོ་བ་མིའི་ཐོབ་ཐང་དགོས་པ། རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་གཏོང་མཚམས་འཇོག་དགོས་པ་སོགས་ཀྱི་འཕྲེད་དར་འཕྱར་ཏེ་ངོ་རྒོལ་བྱེད་སྐབས། རྒྱ་གར་ཉེན་རྟོག་པས་ལས་འགུལ་བ་ ༩ འཛིན་བཟུང་བྱས་ཡོད་ཀྱང་། མདང་དགོང་མཚན་གུང་ཆུ་ཚོད་ ༡༢ ཡོལ་ཙམ་ལ་ཚང་མ་ཀློད་གྲོལ་བཏང་ཡོད་འདུག

སྲིད་བློན་ཝང་ཡས་ལ་ངོ་རྒོལ་བྱེད་མཁན་བོད་མི་ལས་འགུལ་བ་ཚོས། རྒྱ་གར་གཙོས་པའི་ཨེ་ཤ་ཡའི་ས་གནས་དམའ་སར་གནས་པའི་རྒྱལ་ཁབ་མང་པོ་ཞིག་བོད་ཀྱི་ཆུ་བོ་ཡར་ཀླུང་གཙང་པོར་བརྟེན་ནས་འཚོ་སྡོད་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གིས་ཡར་ཀླུང་གཙང་པོའི་ཁ་ཕྱོགས་བསྒྱུར་རྩིས་ཡོད་པ་དེས། རྒྱལ་ཁབ་དེ་དག་ལ་ཉེན་ཁ་བཟོ་ཡི་ཡོད་པ་མ་ཟད། ཉེ་བའི་ཆར་རྒྱ་ནག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། སྨྲ་བརྗོད་རང་དབང་། ཞི་བའི་འདུ་འཛོམས་རང་དབང་སོགས་ཕྱོགས་ཡོངས་ནས་དམ་དྲག་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་རེད། ཅེས་བརྗོད་འདུག

རྒྱ་གར་གྱི་ཚོང་གི་གསར་ཁང་(Livemint)གིས་བརྗོད་པ་ལྟར་ན། ཉེ་སྔོན་ཨ་རི་དང་རྒྱ་གར། ཨོ་སི་ཊོ་ལི་ཡ། དེ་བཞིན། ཉི་ཧོང་བཅས་ཀྱིས། རྒྱ་ནག་ནས་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ཏེ་མཚམས་འཇོག་བྱས་ཡོད་པའི་རྒྱ་གར་ཧིན་རྡུ་རྒྱ་མཚོའི་མངའ་ཁུལ་སྲུང་སྐྱོབ་ཀྱི་མཉམ་འབྲེལ་ཚོགས་འདུ་བསྐྱར་དུ་བསྡུས་ཏེ། རྒྱ་ནག་གིས་རྒྱ་གར་ཧིན་རྡུ་རྒྱ་མཚོའི་མངའ་ཁོངས་བདག་བཟུང་བྱེད་བཞིན་ཡོད་པའི་ཐད་ཁ་གཏད་གཅོག་ཐབས་སྐོར་ལ་གླེང་སློང་བྱས་ཡོད་སྟབས། རྒྱ་ནག་གིས་ཐེངས་འདིའི་ཕྱི་སྲིད་བློན་ཆེན་ཁག་གི་ཚོགས་ཆེན་སྐོང་ཚོགས་བྱས་ཏེ། ཨེ་ཤ་ཡའི་བདེ་འཇགས་གཙོས་པའི་ནང་ཁུལ་གྱི་རྩོད་རྙོག་དེ་ནང་ཁུལ་ནས་སེལ་ཐུབ་པའི་རེ་འདོད་བཅངས་ཡོད་འདུག

ཡང་རྒྱ་གར་ཧིན་རྡུ་སི་ཐན་དུས་བབ་གསར་ཁང་གིས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་སྐབས་གཉིས་པའི་སྲིད་དབང་བཟུང་རྗེས། ཝང་ཡས་ནི་རྒྱ་གར་ནང་ཡོང་བའི་རྒྱ་ནག་གཞུང་གི་མཐོ་རིམ་དཔོན་པོ་དང་པོ་དེ་ཆགས་ཡོད་པ་དང་། ཐེངས་འདིའི་ཕྱི་སྲིད་བློན་ཆེན་གྱི་ཚོགས་ཆེན་ཐོག རྒྱ་གར་གྱིས་པ་ཀི་སི་ཐན་ནང་རྟེན་གཞི་བྱས་པའི་འཇིགས་སྐུལ་རིང་ལུགས་ཚོགས་པ (Lashkar-e-Taiba, Jaish-e-Mohammed) ཚར་གཅོད་བྱེད་ཐབས་སྐོར་ལ་ཝང་ཡས་མཉམ་དུ་གླེང་མོལ་བྱ་རྒྱུ་ཡིན་ལུགས་བརྗོད་འདུག

སྤྱིར་བཏང་ཨེ་ཤ་ཡའི་ཕྱི་སྲིད་བློན་ཆེན་ཁག་གི་ཚོགས་ཆེན་དེ་འདི་ལོའི་ཕྱི་ཟླ་ ༤ པའི་ནང་ཚོགས་གཏན་འཁེལ་ཡོད་ཀྱང་། སྐབས་དེར། རྒྱ་གར་གཞུང་གིས་༧གོང་ས་མཆོག་ཨ་རུ་ན་ཅལ་དུ་ཕེབས་བསུ་ཞུས་སྟབས། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡས་ཟེར་བ་དེས། ཚོགས་གཏན་འཁེལ་བའི་ཨེ་ཤ་ཡའི་ཕྱི་སྲིད་བློན་ཆེན་རྣམས་ཀྱི་ཚོགས་ཆེན་ཕྱིར་འགྱངས་བྱས་ཏེ་རྒྱ་གར་གཞུང་ལ་ངོ་རྒོལ་བྱས་པ་ཡིན་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༡༢/༡༢

Leave a Reply

One thought on “ཝང་ཡས་ལ་ངོ་རྒོལ་གནང་མཁན་རྣམས་ཀློད་གྲོལ་བཏང་།

  1. གཞུངཔ་ཚེ་དབང་བསོད་ནམས་

    ཆབ་སྲིད་མི་སྣའི་ཆབ་སྲིད་འཁྲབ་སྟོན་མ་བྱས་ན་ཁོང་་ཚོའི་ལས་འགན་འགྲུབ་མེད་པ་ནས་མི་མང་མདུན་ལས་་ངོ་འདོན་རྒྱུ་་ཙམ་ལས་དོན་འབྲས་གང་ཡང་མེད་པ་འཇུག་བསྡོམས་སྐབས་ཚོགས་དོན་ཡག་པོ་བྱུང་རབས་དང་ཚོགས་ཐེངས་རྗེས་མ་དེ་ས་ཆ་འདི་འདྲ་ཞིག་ལ་ཚོགས་རྒྱུ་ཡིན་པའི་གསར་འགོད་གསལ་བསྒྲགས་ནས་འཇུག་བསྡུ་བ་དེ་ཆབ་སྲིད་མི་སྣའི་ལས་འགན་ཞིག་ལ་ངོས་འཛིན་ཞུ་གི་ཡོད་།