སློབ་གསོའི་ཞིབ་འཇུག་ཁྲོད་ཀྱི་ཤེས་བཞིན་དང་དྲན་པའི་སྐོར་གྱི་སྦྱོང་བརྡར།

“སེམས་དང་སྲོག”ཚོགས་ཐེངས་སོ་གསུམ་པའི་ཉིན་གསུམ་པའི་ཚན་པ་དང་པོ།

ཏིན་ཡི་ཧྥུ་དང་ལི་ཅང་ལིན་གྱིས་བརྩམས།
ལོ་མ་རྒྱལ་གྱིས་རྒྱ་ཡིག་ནས་བསྒྱུར།

སེམས་དང་སྲོག་ཚོགས་ཐེངས་སོ་གསུམ་པའི་བགྲོ་གླེང་ཉིན་གསུམ་པའི་བརྗོད་བྱ་ནི། བགྲོ་གླེང་གི་ཡིག་ཆ་དག་ལ་བལྟས་ན། གཏིང་ཟབ་པོ་ཞིག་ཡིན་པའི་ཚོར་སྣང་སྟེར་ཡོང་བས། ང་ཚོ་ཟུར་ཉན་པ་དཀྱུས་མ་ཞིག་ལ་མཚོན་ན། གོ་བ་ལེན་པའི་ཕྱོགས་ནས་དཀའ་ཁག་ཡོད་པར་འདོད། ཚོགས་འདུ་འཚོགས་པར་ད་དུང་དུས་ཚོད་གཅིག་འདུག་ཅིང་། རྒྱལ་བའི་ཕོ་བྲང་ནས་གཙུག་ལག་ཁང་གི་ལམ་བར་ན། ཁ་སྔོན་གྱི་ཉི་མ་གཉིས་དང་འདྲ་བར། ༸སྐུ་མདུན་གཙུག་ལག་ཁང་དུ་ཕེབས་སྐབས་ཁོང་ལ་མཇལ་དུ་ཡོང་བའི་མི་ཚོགས་ཀྱིས་ཁེངས་འདུག ཁོ་ཚོ་ཕལ་མོ་ཆེ་ནི། བོད་ནས་ཕེབས་མཁན་རེད་ལ། ད་དུང་། སོག་པོ་དང་། རྒྱ་རིགས། ཨེ་ཤེ་ཡའི་རྒྱལ་ཁབ་གཞན་གྱི་མི། ནུབ་ཕྱོགས་ཀྱི་མི་ཁ་ཤས་བཅས་ཀྱང་འདུག བལྟས་ཚོད་དུ། ཁོ་ཚོ་ནི་དཀའ་བ་ཆད་དུ་བསད་ནས་ཡོང་བ་དང་འདྲ་ཞིང་། མི་མང་པོ་ཞིག་གི་ལག་ཏུ་ཁ་བཏགས་བཟུང་སྟེ། ཧ་ཅང་གཟབ་ནན་དང་ཚོར་ཤུགས་ཆེན་པོའི་རྣམ་པ་ཞིག་མངོན་འདུག བགྲོ་གླེང་ལ་ཞུགས་མཁན་ཕལ་མོ་ཆེ་ནི་ནུབ་ཕྱོགས་ནས་ཕེབས་མཁན་རེད། ང་ཚོས་གཙུག་ལག་ཁང་གི་ཉིས་ཐོག་ཁ་ནས་གཤམ་འོག་གི་མང་ཚོགས་དེ་དག་མཐོང་ཐུབ་ཅིང་། ཁྱད་པར་དུ། བོད་ནས་ཕེབས་པའི་བོད་མི་དེ་དག་ལ་མཚོན་ན། ཁོ་ཚོས་ལོ་མང་པོ་ཞིག་ལ་གྲ་སྒྲིག་གནང་སྟེ། དཀའ་ཁག་མང་པོ་ཞིག་བརྒྱུད་དེ་འདིར་བསླེབས་པ་ཞིག་རེད། ཁོ་ཚོར་མཚོན་ན། ཧ་ཅང་གལ་ཆེ་བའི་ལས་དོན་དེ་ནི། རང་ཉིད་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་ལ་མཇལ་རྒྱུ་དེ་རེད། འདི་ནི་སྤྱིར་བཏང་གི་ཆབ་སྲིད་རིག་པའི་ཐོག་ནས་བཤད་ཀྱིན་ཡོད་པའི་དབུ་ཁྲིད་ལ་དད་གུས་བྱེད་པ་དེ་འདྲ་ཞིག་མིན་ལ། ད་དུང་། ཕྱི་མི་ཚོས་འདོད་པའི་ཆོས་ལུགས་དད་མོས་ཁོ་ན་ཞིག་ཀྱང་མིན། འདི་ནི། དཀའ་སྡུག་གི་ཁྲོད་དུ་ཡོད་པའི་བོད་མི་རྣམས་ཀྱིས་རང་མི་རིགས་འཚོ་གནས་གོང་བུ་གཅིག་ཡིན་པའི་སེམས་གཏིང་གི་ངོས་ཟིན་ཞིག་ཡིན་ཞིང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་བོད་མི་རིགས་ཀྱི་རེ་བ་ཡིན། བགྲོ་གླེང་ཚོགས་ཞུགས་པ་མང་པོ་ཞིག་ནི་ནུབ་ཕྱོགས་ནས་ཕེབས་ཡོད་སྟབས། དེ་ལྟ་བུའི་རྣམ་པ་ཞིག་མཐོང་བ་ན། ཧ་ཅང་ཡིད་འགུལ་ཐེབས་ཀྱི་ཡོད་པ་སྨྲོས་མ་དགོས་པ་ཞིག་རེད།

༧གོང་ས་ཏཱ་ལའི་བླ་མ་མཆོག་ཚོགས་འདུར་མ་ཕེབས་གོང་དུ། རེ་སྒུག་གི་ངང་ནས་བསྡད་ཡོད་པའི་མང་ཚོགས་དེ་དག་ལ་ག་ལེར་ཐུག་འཕྲད་གནང་། སྐབས་དེར། ཚོགས་ཞུགས་པ་ཡོངས་ཀྱིས་ངང་སྒུག་བྱས་ནས་བསྡད་ཡོད་ཅིང་། ཚང་མའི་སེམས་སུ་ཧ་ཅང་ལྗིད་ཏིག་ཏིག་གི་ཚོར་བ་ཞིག་ཡོད་ངེས་རེད། ༸སྐུ་མདུན་ཚོགས་འདུར་ཕེབས་རྗེས། དེ་རིང་གི་བགྲོ་གླེང་གཙོ་སྐྱོང་བ། ཏ་ཝེ་ཏ་སིན་གྱིས་ཁོང་ལ་ངལ་གསོ་ལེགས་པོ་ཞིག་ཐེབས་སོང་ངམ། ཞེས་འཚམས་འདྲི་གནང་ཞིང་། ༸སྐུ་མདུན་གྱིས་འདི་ལྟར་ལན་བསྐྱོན། ངོས་རང་ནམ་རྒྱུན་ངལ་གསོ་ལེགས་པོ་ཐེབས་ཀྱི་ཡོད། དགོང་མོ་དུས་ཚོད་དྲུག་པར་གཉིད་ཀྱི་ཡོད་ལ། ཞོགས་པ་དུས་ཚོད་གསུམ་དང་ཕྱེད་ཀར་ལངས་ཀྱི་ཡོད། ཁྱོན་བསྡོམས་དུས་ཚོད་དགུའི་རིང་ལ་གཉིད་ཁུག་གི་ཡོད། མལ་ལས་ལངས་ཚར་རྗེས། དུས་ཚོད་གསུམ་གྱི་རིང་ལ་སྒོམ་རྒྱག་གི་ཡོད། དེ་ནས། ༸སྐུ་མདུན་གྱིས་རྩེད་མཚར་ཞིག་གནང་སོང་བས། འདུ་ཁང་ཡོངས་སུ་དགོད་སྒྲས་ཁེངས་ཏེ་ཀུན་གྱི་གཟབ་ནན་གྱི་རྣམ་པ་དེ་རེ་ཞིག་ལྷོད་པར་བྱས།

ཏ་ཝེ་ཏ་སིན་གྱིས་དེ་རིང་གི་བརྗོད་གཞི་གལ་ཆེན་ཞིག་སྟེ། ཤེས་བཞིན(Meta-Awareness)གྱི་སྐོར་ནས་ངོ་སྤྲོད་མདོར་བསྡུས་ཤིག་གནང་། ཁོས་བཤད་དོན། ཉིན་རེའི་འཚོ་བའི་ཁྲོད་ཀྱི་མི་ཚོའི་དྲན་པའི་ནུས་པའི་ཐད་ལ་ཞིབ་འཇུག་བྱས་པ་ལྟར་ན། ཉིན་གཅིག་གི་དུས་ཚོད་ཀྱི་བརྒྱ་ཆའི་བཞི་བཅུའི་རིང་ལ། མི་ཕལ་མོ་ཆེ་ཞིག་གི་བློའི་རྣམ་པ་ནི་རྣམ་གཡེང་གི་ངང་དུ་གནས་ཏེ། ཐ་ན་རང་ཉིད་ཀྱིས་ཅི་ཞིག་བསམ་བཞིན་ཡོད་པའང་ཤེས་ཀྱི་མེད་པ་དང་། དེ་བཞིན་རང་ཉིད་ཀྱིས་གང་ཞིག་ལ་དོ་སྣང་བྱེད་ཀྱི་ཡོད་པ་དེར་ཡང་དོ་སྣང་སྤྲོད་ཀྱི་མེད་པར་བརྗོད། ཤེས་བཞིན(Meta-Awareness)ཟེར་བ་ནི། རང་བློ་རང་གིས་ངོས་ཟིན་པ་དེར་གོ་བ་ཡིན་ཞིང་། བརྡ་ཆད་འདི་ནི། དེང་རབས་སེམས་ཁམས་རིག་པའི་ཆེད་སྤྱོད་ཀྱི་སྐད་བརྡ་ཞིག་ཡིན། ཤེས་བཞིན་གྱི་སྐོར་ལ་ཞིབ་འཇུག་དང་སྦྱོང་བརྡར་སྤྲོད་པར་བརྟེན་ནས། དྲན་པ་དང་བློ་རྩེ་གཅིག་གི་ནུས་པ་གོང་འཕེལ་གཏོང་ཐུབ་པ་དང་། བསམ་གཞིགས་བྱེད་སྟངས་དང་སེམས་ཁམས་ལའང་ལེགས་བཅོསགཏོང་ཐུབ་པར་འདོད་ཀྱི་ཡོད།

དེ་རིང་གི་ཞབས་བཀྱག་ཚ་བོའི་སྟེང་དུ་སྡོད་མཁན་དང་པོ་ནི། ལྕམ་ཨ་མེ་ཤེ-ཇ(Amishi jha)ལགས་རེད། འབུམ་རམས་པ་ཨ་མེ་ཤེ-ཇ་ཕར་བལྟས་ཚོད་དུ་ལོ་ན་གཞོན་ནའང་། སློབ་སྦྱོང་གི་བརྒྱུད་རིམ་ནི་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་ལྡན། མོ་རང་རྒྱ་གར་ནས་སྐྱེས་ཤིང་། ནུབ་ཕྱོགས་ནས་འཚར་ལོངས་བྱུང་། ཨ་རི་ནས་ཆེད་ལས་ཀྱི་སྦྱོང་བརྡར་འཐོབ། ད་ལྟ་དབང་རྩའི་ཚན་རིག་པ་ཞིག་རེད་ལ། དྲན་པ་དང་བློ་རྩེ་གཅིག་གི་སེམས་ཀྱི་ནུས་པའི་སྐོར་ལ་ཆེད་དུ་ཞིབ་འཇུག་གནང་གི་ཡོད་པར་མ་ཟད། དྲན་པ་དང་བློ་རྩེ་གཅིག་གི་ནུས་པ་དེས་མིའི་ཤེས་རྟོགས་དང་། མྱོང་ཚོར། བབ་བསྟུན་གྱི་ནུས་པ་བཅས་ཀྱི་ཐད་ལ་ཤན་ཤུགས་ཐེབས་པའི་སྐོར་ལའང་ཞིབ་འཇུག་གནང་འདུག མོའི་ཞིབ་འཇུག་གི་ལས་གཞི་དེ་ལ་ཨ་རིའི་རྒྱལ་སྲུང་སྡེ་ཁག་གིས་རོགས་རམ་ཐོབ་སྟེ། སློབ་གསོ་དང་། ལུས་རྩལ། ཚོང་ལས། དམག་དོན་སྡེ་ཁག་བཅས་ཀྱིས་དེ་བཀོལ་སྤྱོད་ཀྱང་བྱས་འདུག མོ་ནི་རྒྱལ་སྤྱིའི་སྟེང་ན་སྙན་གྲགས་ཡོད་པའི་ཚན་རིག་པ་ཞིག་ཡིན་ཞིང་། གལ་གནད་ཆེ་བའི་གཟེངས་རྟགས་ཀྱང་མང་པོ་ཞིག་ཐོབ་འདུག་པར་མ་ཟད། འཛམ་གླིང་དཔལ་འབྱོར་གྱི་སྡིངས་ཆའི་སྟེང་དུ་བསུས་ཏེ་གསུང་བཤད་ཀྱང་གནང་འདུག་པ་དང་། ཨ་རིའི་རླུང་འཕྲིན་ཁང་། NPR CBS NBC བཅས་ཀྱི་ནང་དུའང་ཞུགས་མྱོང་ཞིང་། ད་དུང་། ནིའུ་ཡོག་དུས་བབ་དང་། ནིའུ་ཡོག་དུས་དེབ། ཝ་ཤིན་ཊོན་དུས་བབ། དུས་རབས་དུས་དེབ། གཟའ་འཁོར་གསར་འགྱུར། <<ཚན་རིག་ཨ་རིའི་མི།>>སོགས་ཀྱི་བརྒྱུད་ལམ་སྣ་ཚོགས་ཀྱིས་ཀྱང་ཁོ་མོར་བཅར་འདྲི་གནང་འདུག མདོར་ན། ཁོ་མོ་ནི་དྲན་པའི་ནུས་པའི་སྐོར་གྱི་ཚན་རིག་ཞིབ་འཇུག་ཁྱབ་ཁོངས་ཀྱི་མི་སྣ་གཙོ་བོ་ཞིག་རེད་ཅེས་བཤད་ཆོག

ལྕམ་ཨ་མེ་ཤེ-ཇ་ཡིས་བརྗོད་ན། བློ་གཡེང་བ(Mind-wandering)ནི་ཧ་ཅང་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་པ་དང་། ཤེས་བཞིན་ནི་བློའི་རིམ་པ་གཞན་ཞིག་གིས་བློ་གཞན་ཞིག་ལ་བྱ་ར་བྱེད་མཁན་ཞིག་ཡིན་ཞིང་། དེ་ཡང་རང་ཉིད་ཀྱི་བློ་གཡེང་བ་དང་། གཡེང་བར་རྩོམ་པའི་བློ་དེ་ངོས་འཛིན་བྱེད་མཁན་གྱི་བློའི་རིམ་པ་གཞན་ཞིག་ཡིན་པར་བརྗོད། གོ་རྟོགས་འདི་ནི་དྲན་པ་དང་། བློ་གཡེང་བ། ཤེས་བཞིན་གྱི་བློ་བཅས་ཀྱི་བརྒྱུད་རིམ་དང་འབྲེལ་བ་ཡོད་པ་ཞིག་ཡིན། མོས་བཤད་རྒྱུར། བློའི་དམིགས་པ་ནི་གློག་བཀར(Touch)ཞིག་དང་འདྲ་བར་དམིགས་ས་གང་ཞིག་ཏུ་དམིགས་ནས་བཀར་ནའང་ཆོག་ཅིང་། སྐད་ཅིག་གི་རིང་དུ་དམིགས་ས་འདི་ཕྱོགས་ལ་དམིགས་ཏེ་བཀར་ནའང་ཆོག་ཅིང་། དམིགས་ས་དེ་ཕྱོགས་ལ་དམིགས་ཏེ་བཀར་ནའང་ཆོག གློག་བཀར་དེས་ཕྱིའི་དམིགས་ས་ལ་ཁ་གཏད་ཆོག་པར་མ་ཟད། ནང་གི་དམིགས་ས་ལའང་ཁ་གཏད་ཆོག་གི་ཡོད། ནམ་རྒྱུན་ཤེས་མེད་ཚོར་མེད་ཀྱི་སྒོ་ནས་དམིགས་ས་ལ་འགྱུར་བ་ཐེབས་ཀྱི་ཡོད་པ་ནི། བློ་གཡེང་བའི་རྣམ་པ་ཞིག་ཡིན་ཞིང་། བློ་གཡེང་བར་བརྟེན་ནས། མིའི་ཤེས་རྟོགས་དང་ངོས་འཛིན་བྱེད་པའི་ནུས་པ་དེ་ཉམས་འགྲོ་བཞིན་ཡོད། བློ་གཡེང་བ་ནི་ཇི་ལྟར་འབྱུང་གི་ཡོད་པ་དང་། སེམས་སུ་ཅི་ཞིག་བྱུང་བ། བློ་གཡེང་བཞིན་ཡོད་པ་ཇི་ལྟར་ཤེས་པར་བྱེད་པ། དེར་བྱ་ར་ཇི་ལྟར་བྱེད་ཚུལ་བཅས་ནི། ཤེས་བཞིན་གྱི་ཞིབ་འཇུག་ཁྱབ་ཁོངས་ཤིག་ཡིན།

ལྕམ་ཨ་མེ་ཤེ-ཇ་ཡིས་བརྗོད་དོན་ལྟར་ན། ཚོད་ལྟ་ཁང་ནས་བློ་གཡེང་བའི་རྣམ་པ་དེར་ཞིབ་འཇུག་བྱེད་ཆེད། མོས་ཚོད་ལྟ་བྱེད་ཡུལ་ལ་ཧ་ཅང་དཀའ་བའི་ལས་འགན་སྤྲད་དེ། བློ་གཡེང་བའི་རྣམ་པ་བྱུང་དུ་བཅུག་པ་དང་ཆབས་ཅིག་ཀླད་པའི་དབང་རྩའི་འགྱུར་བ་ལ་བརྟག་དཔྱད་གཏོང་གི་ཡོད་འདུག

ལྕམ་ཨ་མེ་ཤེ-ཇ་ཡིས་གསུང་བཤད་གནང་གྲུབ་རྗེས། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་དགོངས་འཆར་མདོར་བསྡུས་ཤིག་གསུངས་ཏེ། ནང་པའི་གཞུང་ལུགས་ཀྱི་ངོས་ཐད་ནས་དྲན་པ་དང་ཤེས་པའི་གནད་དོན་གྱི་སྐོར་ནས་ཞིབ་བསྡུར་ཅིག་གནང་། ཁོང་གིས་གསུངས་དོན། ཁྱོད་ཚོའི་ཚན་རིག་ཚོད་ལྟའི་ཞིབ་འཇུག་གི་ཁ་གཏོད་ས་ནི། དབང་པོའི་ཤེས་པར་བརྟེན་ནས་བྱུང་བའི་ངོས་ཟིན་དང་ཚོར་བ་རྣམས་རེད་ལ། དཔེར་ན། མིག་གིས་མཐོང་བ་དང་། རེག་བྱས་རྩུབ་མོ་སོགས་མྱོང་བ་ལྟ་བུ་རེད། དེ་འདྲའི་ངོས་ཟིན་དང་ཚོར་བ་དེ་དག་ནི། ནང་པས་ད་དུང་ཤེས་པ་ཞིག་ཏུ་ངོས་འཛིན་མི་བྱེད། ནང་པས་དབང་པོར་བརྟེན་ནས་བྱུང་བའི་ཤེས་པ་དེར་དབང་ཤེས་ཟེར་ཞིང་། དུད་འགྲོ་ཁ་ཤས་ཀྱི་དབང་ཤེས་ནི་མི་ལས་རྣོ་ཞིང་སྐྱེན་པོ་ཡོད་མོད། འོན་ཀྱང་། ནང་པས་དབང་ཤེས་ལས་ཀྱང་གཏིང་ཟབ་པའི་ཤེས་པ་ཞིག་ཡོད་པར་འདོད་ཅིང་། དེ་ནི་ཡིད་ཤེས་ཡིན། ཁྱོད་ཚོའི་ཞིབ་འཇུག་ནི། ནང་པའི་གོ་བ་དང་བསྡུར་ན། ད་དུང་དབང་ཤེས་ཀྱི་རིམ་པའི་མཚམས་སུ་གནས་པ་ཞིག་རེད།

གསུང་མཚམས་འདིར་བསླེབས་དུས། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་གློ་བུར་དུ་དོན་དག་ཅིག་དྲན། དེ་ནི་ཁོང་གིས་ལམ་སྟོན་གྱི་འོག་ནས། གསུང་སྒྱུར་བ་ཐུབ་བསྟན་སྦྱིན་པས་རམ་འདེགས་གནང་སྟེ། དགེ་བཤེས་ཁ་ཤས་ཀྱིས་ནང་པའི་ཚན་རིག་དང་ལྟ་གྲུབ་ཀྱི་སྐོར་ཕྱོགས་བསྡུས་གནང་པའི་དཔེ་ཚོགས་ཤིག་པར་བསྐྲུན་བྱེད་ཀྱི་ཡོད་པའི་ལས་གཞི་དེའི་སྐོར་རེད། དེ་ནི<<ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས།>> ཞེས་པའི་དེབ་དེ་ཡིན་ཞིང་། དེའི་པོད་དང་པོ་དེ་དབྱིན་ཡིག་ནང་བསྒྱུར་འདུག དེ་བས། ཁོང་གིས་དེབ་དེ་ཚན་རིག་པ་ཚོར་འབུལ་རོགས་ཞེས་གསུངས་ཞོར། དཀའ་སྤྱད་འབད་བརྩོན་གནང་མཁན་དགེ་བཤེས་ཁ་ཤས་ཤིག་ཡིན་ནའང་། ངོས་ཀྱིས་འདི་ལྟར་མི་གཞན་ལ་བྱིན་ཏེ་ངོ་སོ་ལེན་གྱི་ཡོད་པ་རེད་ཅེས་ཞལ་རྩེད་གནང་སོང་།དེ་རིང་གི་ཞབས་བཀྱག་ཚ་བོའི་སྟེང་དུ་སྡོད་མཁན་གཉིས་པ་ནི། འབུམ་རམས་པ། ལྕམ་སོ་ན-ཊི་མི་ཇིན(Sona Dimid jian)ལགས་རེད། མོ་ནི་སེམས་ཁམས་རིག་པ་བ་ཞིག་དང་དབང་རྩའི་ཚན་རིག་པ་ཞིག་རེད་ལ། སེམས་ཀྱི་སྐྱོ་ཞུམ་སེལ་ཐབས་དང་སྔོན་འགོག་གི་ཐད་ལ་ཆེད་དུ་ཕྱག་ལས་གནང་མྱོང་བར་མ་ཟད། ཁྱད་པར་དུ་བུད་མེད་དང་བྱིས་པའི་སེམས་ཁམས་སྐྱོ་ཞུམ(Depression)སྐོར་ལ་ཕྱག་ལས་གནང་འདུག མོ་རང་སྐྱོ་ཞུམ་གྱི་ན་ཚ་སྔོན་འགོག་དང་བཅོས་མཁན་ཞིག་ཀྱང་རེད།

མོས་སྐྱོ་ཞུམ་ནི་དབང་ཤེས་ཀྱི་རིམ་པའི་སྟེང་ནས་ཡོང་བ་ཞིག་མིན་པར། ཡིད་ཤེས་ཀྱི་སྟེང་ནས་ཡོང་བ་ཞིག་ཡིན་པར་བཤད། དེ་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་འཕྲལ་དུ་མོས་མཐུན་གནང་སྟེ་འདི་ལྟར་གསུངས། ནང་པའི་ལྟ་ཕྱོགས་ལྟར་ན། གལ་སྲིད་ཁྱོད་རང་བརྩེ་བ་དང་སྙིང་རྗེ་ལྡན་མཁན་ཞིག་ཡིན་ན། དཀའ་སྡུག་དང་ཡིད་དུ་མི་འོང་བའི་ཆ་ཞིག་མཐོང་ནའང་། ཁྱོད་ཀྱི་སེམས་པ་ཞི་བདེ་དང་བག་ཕེབས་པོར་གནས་ཐུབ་ཅིང་། མི་དེ་ལྟ་བུས་ད་གཟོད་གཞན་གྱི་དཀའ་སྡུག་སེལ་བར་གྲོགས་བྱེད་ཐུབ། ཡིན་ནའང་། སྙིང་རྗེའི་བློ་འདི་ནི་བྱ་དངོས་ཐམས་ཅད་ཀྱི་དངོས་ཡོད་གནས་ཚུལ་ཤེས་པའི་ཐོག་ནས་རྒྱུད་དུ་སྐྱེ་བ་ཞིག་ཡིན་ཞིང་། ནང་པས་དེ་ལ་སྟོང་ཉིད་རྟོགས་པའི་ཤེས་རབ་ཅེས་བརྗོད། དེར་བརྟེན། ནང་པས་སྟོང་ཉིད་རྟོགས་པའི་ཤེས་རབ་ནི་སྟོབས་དང་ལྡན་པ་ཞིག་ཡིན་པར་འདོད།

སོ་ན-ཊི་མི་ཊ་ཇིན(Sona Dimidjian)ཡིས་དྲན་པ(mindfulness )ལ་བརྟེན་ནས་སེམས་ཁམས་སྐྱོ་ཞུམ་སེལ་ཐབས་ཀྱི་མ་ལག MBCT ངོ་སྤྲོད་གནང་། བྱེད་ཐབས་དེ་ལ་ཉིན་རེའི་བྱ་བའི་རྣམ་གཞག་དང་། ལུས་ཕུང་བརྟག་དཔྱད། ཤེས་བཞིན་གྱི་སྦྱོང་བརྡར། དབུགས་གཏོང་ལེན་གྱི་སྙོམ་སྒྲིག བསམ་གཞིགས་བྱེད་པ་སོགས་འདུས་ཤིང་། བྱེེད་ཐབས་འདིའི་དམིགས་ཡུལ་གཙོ་བོ་ནི། རང་ཉིད་ཀྱི་བློ་ལ་བྱ་ར་བྱས་ཏེ་བློ་ནི་ཆུ་ངོས་ཀྱི་སྡོང་ལོ་དང་འདྲ་བར་གཡེང་དུ་མི་འཇུག་རྒྱུ་དེ་ཡིན་ཞིང་། འདི་ལ་ཤེས་བཞིན་ཞེས་བརྗོད།

དེ་ནས། ཏཱ་ལའི་བླ་མ་མཆོག་གིས་འདི་ལྟར་དགོངས་འཆར་གནང་། དེང་གི་མི་རྣམས་ཀྱིས་གཟུགས་པའི་བདེ་ཐང་ཧ་ཅང་གལ་ཆེན་པོ་ཞིག་ཏུ་འདོད་ཀྱི་ཡོད་ཀྱང་། གཟུགས་པོའི་བདེ་ཐང་དེ་ཡང་ལུས་རྩལ་དང་སྨན་སོགས་ལ་བརྟེན་དགོས་པར་མ་ཟད། ད་དུང་སེམས་ཀྱི་བདེ་ཐང་ལའང་བརྟེན་ཡོད་པར་ངོས་འཛིན་བྱེད་མཁན་ཉུང་ཉུང་རེད། དེར་བརྟེན། སེམས་ལ་ལེགས་བཅོས་བྱེད་པ་ནི་བདེ་ཐང་གི་ཚེ་སྲོག་ཅིག་ཡོང་བར་ཧ་ཅང་གལ་གནད་ཆེ་ཞིང་། སེམས་ལ་ལེགས་བཅོས་བྱེད་པ་དེ་ཡང་སེམས་ལ་སྦྱོང་བརྡར་སྤྲད་དེ་ཡོང་དགོས་པ་ཞིག་ཡིན། དཔེར་ན། དཔལ་ནཱ་ལནྡྲའི་མཁས་པའི་དབང་པོ་ཚོས་ལྟ་ཚུལ་འདྲ་མིན་སྣ་ཚོགས་ལ་བརྟག་ཅིང་དཔྱད་དེ། ངེས་ཤེས་དང་དད་པ་ཐོབ་པར་གནང་གི་ཡོད་ཅིང་། དེ་ནི་སྒོམ་གྱི་གོ་རིམ་ཞིག་ཡིན། ཞེས་དང་། ཡང་ཁོང་གིས། ང་ཚོས་འདི་ནས་ཆོས་ལུགས་གླེང་གི་མེེད། ནང་པའི་སྐྱེ་བ་སྔ་ཕྱིའི་ལྟ་བའི་སྐོར་ཡང་གླེང་གི་མེེད། ཐར་བའི་སྐོར་ཡང་གླེང་གི་མེད། ཡིན་ནའང་། ང་ཚོས་སྒོམ་གྱི་ཐབས་ལ་བརྟེན་ནས་སེམས་ལ་སྦྱོང་བརྡར་སྤྲད་དེ། ནང་སེམས་ཞི་བདེ་ངང་གནས་པར་བྱེད་ཐུབ། ཅེས་གསུངས་སོང་།

ཉིན་གསུམ་པའི་མ་ཡིག་ཧྲིལ་པོ། http://xizang-zhiye.org/2018/03/%E7%AC%AC33%E5%B1%8A%E5%BF%83%E6%99%BA%E4%B8%8E%E7%
94%9F%E5%91%BD%E5%AF%B9%E8%AF%9D%E4%BC%9A%E7%AC%AC%E4%B8%89%E5%
A4%A9%E6%95%99%E8%82%B2%E7%A0%94%E7%A9%B6%E4%B8%AD%E7%9A%84%E5%85%83/

བོད་འགྱུར།

བགྲོ་གླེང་ཉིན་དང་པོ། http://tibettimes.net/2018/03/17/167874/
ཉིན་གཉིས་པའི་ཚན་པ་དང་པོ། http://tibettimes.net/2018/03/22/167987
ཉིན་གཉིས་པའི་ཚན་པ་གཉིས་པ། http://tibettimes.net/2018/03/23/168018/

བསྐྱར་བཅོས།: ༢༠༡༨/༠༣/༣༠

Leave a Reply