རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་མོན་གྷོ་རུ་ཁག་ལ་ཐོབ་སོང་།

སྐབས་༢༤ པའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་གཏིང་རྩོད་འགྲན་སྡུར་ཁྲོད་མོན་གྷོ་རུ་ཁག་གིས་སྤོ་ལོ་ ༢ བླུགས་ཏེ་གསེར་གྱི་གཟེངས་རྟགས་ཐོབ་ཡོད་འདུག

དེ་རིང་ཕྱི་དྲོའི་ཆུ་ཚོད་༣ པའི་སྟེང་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་སྡུར་ཐེངས་༢༤ པའི་གཏིང་རྩོད་ཁྲོད། རྒྱ་གར་ལྷོ་ཕྱོགས་མོན་གྷོ་གཞིས་སྒར་གྱི་རྐང་སྤོལ་རུ་ཁག་དང་སྒང་ཏོག་རྐང་སྤོལ་རུ་ཁག་གཉིས་བར་འགྲན་སྡུར་བྱས་ཏེ། སྒང་ཏོག་རུ་ཁག་གིས་སྤོ་ལོ་བླུགས་ཐུབ་མེད་པ་དང་མོན་གྷོ་རུ་ཁག་གིས་སྤོ་ལོ་གཉིས་བླུགས་སྟེ། སྐབས་ ༢༤ པའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་མོན་གྷོར་རུ་ཁག་ལ་ཐོབ་སོང་།

ད་ལོའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་ནང་ཟླ་སྔོན་མའི་ཚེས་ ༣༡ ནས་ཟླ་འདིའི་ཚེས་༡༠ བར་རྐང་རྩེད་སྤོ་ལོ་རུ་ཁག་ ༡༩ བར་འགྲན་སྡུར་བྱས་ཡོད་པ་དང་།  དེ་རིང་རྩེད་འགྲན་མཐའ་མའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་བ་དང་ཐེངས་འདིའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་གྱི་སྦྱིན་བདག་ལྕམ་ཨ་ཤྰ་རེ་དྷེ(Aasha Reddy)ལགས་གཉིས་གཙོས་དགོན་སྡེ་ཁག་གི་མཁན་བླ་དང་དང་སློབ་གྲྭ་ཁག་གི་སློབ་སྤྱི། གྲྭ་བ་དང་སློབ་ཕྲུག་མི་མང་བཅས་ཁྱོན་མི་གྲངས ༦༠༠༠ ལྷག་འཛོམས་ཡོད་འདུག

འདི་གའི་གསར་འགོད་པས་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་འགན་འཛིན་པ་སངས་རྡོ་རྗེ་ལགས་སུ་ད་ལོའི་རྐང་སྤོ་འགྲན་སྡུར་དེ་ག་འདྲ་བྱུང་ཡོད་མེད་དྲིས་པར་ཁོང་གིས། ད་ལོའི་རྐང་སྤོལ་རྩེད་འགྲན་དེ་ཧ་ཅང་ཡག་པོ་བྱུང་སོང་ལ། རྩེད་འགྲན་པ་ཚོར་མཚོན་ན། རྩེད་མོའི་སྒྲིག་གཞི་དང་ཀུན་སྤྱོད་སོགས་ཚད་དང་ལྡན་པ་བྱུང་བ་མ་ཟད། འགྲན་སྡུར་སྐབས་(League Cum knock out System)ཡི་འགྲོ་ལུགས་ལྟར་རུ་ཁག་རེར་ཉུང་མཐར་ཐེངས་གཉིས་རེར་འགྲན་སྡུར་བྱེད་པའི་གོ་སྐབས་སྐྲུན་ཡོད། མཐའ་མའི་རྩེད་འགྲན་རུ་ཁག་གཉིས་ལ་མཚོན་ན། ནམ་རྒྱུན་རྩེད་འགྲན་ཁྲོད་རྒྱབ་སྐྱོར་བ་དང་འཛུལ་ཞུགས་གནང་མཁན་ཡིན་པ་རེད། རྩེད་འགྲན་རུ་ཁག་གཉིས་ཀྱི་ཁྲོད་བོད་རྒྱལ་ཡོངས་རྩེད་འགྲན་པའི་མིང་ཁུར་ནས་རྒྱལ་སྤྱིའི་རྩེད་འགྲན་ནང་ཞུགས་མཁན་མང་ཤོས་ཆགས་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་།

ཡང་ཁོང་གིས། བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་ཚོགས་པར་མཚོན་ན། རྩེད་མོ་ག་རེ་བཀོད་སྒྲིག་བྱས་ཀྱང་བོད་མིའི་སྒྲིག་འཛུགས་ནས་རྒྱབ་སྐྱོར་མུ་མཐུད་གནང་གི་ཡོད་ན་ཡང་། དཀའ་ངལ་ཆེ་ཤོས་རྩེད་མོ་བཀོད་སྒྲིག་དང་ཕྱི་རྒྱལ་ཁག་གི་རྩེད་འགྲན་ཁྲོད་ཞུགས་པར་དཔལ་འབྱོར་གྱི་དཀའ་ངལ་ཡོང་གི་འདུག ད་ལྟ་༧རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་མཚོན་ན་སྒོར་འབུམ་མང་པོ་འགྲོ་ཡོད་པ་རེད་ལ། ད་ལོའི་ཕྱི་ཟླ་༥ པའི་ཚེས་༢༠ ཉིན་དབྱིན་ཇིའི་ལིན་ཊོན་ནས་རྩེ་བཞིན་པའི་རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་གྱི་མཐའ་མའི་རྒྱལ་ཁབ་མེད་པའི་རྩེད་འགྲན་ཁྲོད་ཞུགས་འཆར་ཡོད། དེ་བཞིན་མ་འོངས་པར་མུ་མཐུད་བོད་ཀྱི་མིང་ཁུར་ནས་རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་འདྲ་མིན་ནང་ཞུགས་འཆར་ཡོད་པ་རེད།  བོད་པའི་སྤྱི་ཚོགས་ནང་དཔལ་འབྱོར་ཕྱོགས་ནས་རོགས་རམ་རེ་གནང་ཐུབ་མཁན་ཡོད་ན་ཕན་ཐོགས་ཆེན་པོ་བྱུང་ས་རེད། ཅེས་བརྗོད་བྱུང་།

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་འགྲན་སྡུར་དེ་ཕྱི་ལོ་ ༡༩༨༡ ལོ་ཐོག་མར་དབུ་འཛུགས་གནང་ཡོད་པ་དང་། ཕྱི་ལོ་ ༢༠༠༢ ནས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་གོ་སྒྲིག་འོག ལོ་ལྟར་བཙན་བྱོལ་བོད་མིའི་ས་གནས་ཁག་འདྲ་མིན་ནང་གོ་སྒྲིག་ཞུ་བཞིན་ཡོད་པ་དང་། རྐང་སྤོལ་རྩེད་འགྲན་འདི་བཙན་བྱོལ་བོད་མིའི་རྐང་སྤོལ་རྩེད་འགྲན་ཆེ་ཤོས་སུ་གྱུར་ཏེ་ལོ་ལྟར་རྒྱ་གར་དང་བལ་ཡུལ། ཕྱི་རྒྱལ་ཁག་ནས་བོད་མིའི་རྐང་སྤོལ་རུ་ཁག་མང་པོ་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༤/༡༠

Leave a Reply

One thought on “རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་མོན་གྷོ་རུ་ཁག་ལ་ཐོབ་སོང་།

  1. དུས་བབ་ནི་དུས་བབ་རང་རེད། རྩེད་འགྲན་ཚར་ནས་སྐར་མ་ཁ་ཤས་མ་སོང་བར་གསར་གྱུར་སྤེལ་སོང་། གསར་ཁང་ཟེར་ན་འདི་འདྲ་ཞིག་ཡིན་དགོས་འདུག དགའ་བསུ་ཡོད།