པཎ་ཆེན་ཁྲིར་བཞུགས་དང་། ཡང་སྲིད་སྤྲུལ་པའི་ཟློས་གར།

  བྲག་གཡབ་སྐྱབས་མགོན་བློ་ལྡན་ཤེས་རབ།

༧གོང་ས་༧སྐྱབས་མགོན་༧རྒྱལ་བའི་དབང་པོས་པཎ་ཆེན་ཡང་སྲིད་ཁག་གི་སྐོར་ལ་སྤྱན་རྒྱ་མཆོག་ཏུ་ཡངས་པའི་གཟིགས་ཚུལ་བླ་ན་མེད་པ་འདི་ལ་རང་རིགས་འབྲེལ་ཡོད་དང་བཅས་པ་ཚང་མས་བློ་རྒྱ་བསྐྱེད་དེ་ཆིག་སྒྲིལ་གྱི་ནུས་ཤུགས་འདོན་པའི་སྲི་ཞུ་བསྒྲུབ་དགོས།

༢༠༡༨ ཟླ་  ༤  ཚེས་  ༢༥ ཉིན་མོའི་《བོད་ཀྱི་དུས་བབ་》གསར་ཤོག་ནང་། “དེ་རིང་ཉིན་གུང་སྤྱི་ནོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་ཕྱིར་བཞུགས་སྒར་དུ་ཕེབས་སྐབས། གནམ་ཐང་དུ་གསར་འགོད་པ་ཞིག་གིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དེ་རིང་ནི་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་ཡིན་པའི་སྐོར་ལ་དགོངས་ཚུལ་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས། འདི་ཏོག་ཙམ་རྙོག་དྲ་ཚ་པོ་རེད། རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་གཅིག་བདམས་ཡོད་པ་རེད།   དེ་ནས་ངོས་ནས་ཀྱང་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་རྩད་འཚོལ་ལམ་ལུགས་ལྟར་བྱས་ནས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་གཅིག་ངོས་འཛིན་བྱས་པ་ཡིན། ངོས་ཀྱི་རེ་བར་རྒྱ་ནག་གཞུང་གིས་བདམས་པའི་པཎ་ཆེན་ཡང་སྲིད་ཁོང་དགེ་བའི་བཤེས་གཉེན་ཚད་ལྡན་ཞིག་གི་དྲུང་ནས་བསླབ་པ་སློབ་གཉེར་ཚུལ་བཞིན་གནང་བཞིན་ཡོད་ཤག་དང་། ཕྱོགས་མཚུངས་ངོས་ནས་ངོས་འཛིན་བྱས་པའི་པཎ་ཆེན་རིན་པོ་ཆེར་མཚོན་ན། ཁོང་གི་སྐོར་ད་བར་གནས་ཚུལ་གང་ཡང་ཤེས་རྟོགས་རྩ་བ་ཉིད་ནས་མེད་པར་གར་སོང་ཆ་མེད་ལྟ་བུ་ཆགས་པ་རེད། འོན་ཀྱང་ཕྱིས་སུ་ཁུངས་ལྡན་གནས་ཚུལ་ལྟར་ན། ད་ལྟ་ཁོང་སྐུ་འཚོ་བཞུགས་ཡིན་པ་དང་། རྒྱུན་ལྡན་གྱི་སློབ་སྦྱོང་གནང་མུས་ཡིན་པའི་གནས་ཚུལ་གོ་ཐོས་བྱུང་། ལོ་བརྒྱ་ཙམ་གོང་བོད་ནང་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ཞེས་པའི་བླ་མ་རྩ་ཆེན་ཞིག་བྱུང་བ་ཁོང་དགོངས་པ་གཤེགས་རྗེས་ཁོང་གི་ཡང་སྲིད་ལྔ་བྱུང་བ་རེད། སྐུ། གསུང་། ཐུགས། ཡོན་ཏན། འཕྲིན་ལས་བཅས་ལྔ་བྱུང་བ་རེད། དེར་བརྟེན་བླ་མ་གཅིག་ལའང་སྤྲུལ་པའི་ཟློས་གར་སྣ་ཚོགས་ཡོང་ཆོག་པ་ཞིག་ཀྱང་རེད། ཅེས་གསུངས་གནང་ཡོད་པ་རེད།” ཅེས་བཀོད་འདུག་པ་ལྟར། ༧གོང་ས་མཆོག་གིས་གསར་འགོད་པར་བཀའ་ལན་དེ་འདྲ་གནང་བའི་ཞལ་གསུང་ཡང་གསར་འགྱུར་བརྒྱུད་ལམ་གཞན་ནས་གོ་ཐོས་བྱུང་།

༧རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་མཆོག་ནས་ད་ལྟའི་པཎ་ཆེན་ཁྲིར་བཞུགས་ཆོས་ཀྱི་རྒྱལ་པོ་ཞུ་བ་མཆོག་འདི་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་ཡང་སྲིད་སྤྲུལ་པའི་ཟློས་གར་ཡིན་ཆོག་པའི་གསལ་བཤད་གནང་བ་དེ་ལ་གུས་ནས་རྨོངས་དད་ཡིན་མིན་ལ་མ་བལྟོས་པའི་སྙིང་ནས་བསྔགས་བརྗོད་ཞུ་རྒྱུ་ཡིན། གང་ལགས་ཤེ་ན།

༡༽ རང་རེའི་སྲོལ་རྒྱུན་གྱི་བལྟ་སྟངས་བྱས་ན། བླ་མ་འགའ་རེའི་ཡང་སྲིད་ངོ་མ་རང་ཞིག་མིན་པའི་ཁྱེའུ་གཞན་ཞིག་ངོས་འཛིན་བྱས་ཚེ་ཡུན་རིང་གོང་མའི་གདན་ཁྲིར་གནས་བཞུགས་མི་ཐུབ་པར་འདས་གྲོངས་སོང་བའི་ལོ་རྒྱུས་རྒན་རབས་ཡོངས་ལ་གྲགས་ཤིང་གྲུབ་པ་ལྟར། ད་ལྟའི་པཎ་ཆེན་ཁྲིར་བཞུགས་འདི་པ་ལོ་མང་དེ་ཙམ་པཎ་ཆེན་གོང་མའི་གསེར་ཁྲིར་འཚོ་བཞུགས་ཐུབ་པ་དེ་ནི་སྐུ་གོང་མའི་རྣམ་འཕྲུལ་ལྟ་བུའི་ཐུན་མོང་མ་ཡིན་པའི་འབྲེལ་བ་ཞིག་མེད་ན།ཡུན་རིང་དེ་ཙམ་འཚོ་བཞུགས་མི་ཐུབ་པར་འདོད་འོས་པ་རེད།

༢༽ པཎ་ཆེན་ཁྲིར་བཞུགས་འདི་པ་དེ་སྔ་གསེར་བུམ་ནང་དུ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་སོགས་དང་ཆབས་ཅིག་འོས་སྤྲུལ་ཁོངས་སུ་ཚུད་པ་ཙམ་གྱིས་གོང་མའི་ཐུགས་བསྐྱེད་སོགས་དང་འབྲེལ་བའི་གང་ཟག་ཁྱད་པར་ཅན་ཞིག་ཡིན་པར་ངོས་འཛིན་ཞུ་འོས་པའི་རྒྱུ་མཚན་ཡོད་པ་རེད།

༣༽  ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་༧སྐྱབས་རྗེ་གུང་ཐང་འཇམ་དཔལ་དབྱངས་ཞེས་༧རྒྱལ་བསྟན་སྲོག་ཟུངས་སྤེལ་བའི་མགོན་པོ་བླ་ན་མེད་པ། མང་པོས་བཀུར་བའི་སྐྱབས་གནས་དམ་པ་གང་དེས་པཎ་ཆེན་ཁྲིར་བཞུགས་འདི་པ་གང་ཟག་ཁྱད་པར་ཅན་མི་འདྲ་བ་ཞིག་ཡིན་ཚུལ་ཨ་མདོ་སྒོ་མང་དགོན་པའི་ཨ་ལག་འཇམ་པོ་མཆོག་ལ་བཀའ་གནང་ཚུལ་ཨ་ལག་ཉིད་ལས་ཐོས།

༤༽ པཎ་ཆེན་ཁྲིར་བཞུགས་འདི་པ་མི་གཤིས་བཟང་ལ། མི་རིགས་ཀྱི་ལར་ཞེན་ཡོད་པ། ཆོས་དང་རིག་གནས་སྐད་ཡིག་སྣ་ཚོགས་ལ་ཐུགས་བརྩོན་ཤིན་ཏུ་ཆེ་ལ། སྦྱངས་འབྲས་ལེགས་པར་གྲགས་པ་མ་ཟད། བར་སྐབས་བླ་བྲང་བཀྲ་ཤིས་འཁྱིལ་དུ་མཁས་བཙུན་བཟང་པོའི་རྣམ་ཐར་ཕུལ་དུ་བྱུང་བ་དང་ལྡན་པའི་དགེ་བའི་བཤེས་གཉེན་ཆེན་པོ་ཨ་ཁུ་དགེ་འདུན་རྒྱ་མཚོ་ཚང་དང་། ཨ་ཁུ་འཇམ་དབྱངས་རྒྱ་མཚོ་ཚང་། ཨ་ཁུ་བློ་བཟང་རྒྱ་མཚོ་ཚང་བཅས་”རྒྱ་མཚོ་རྣམ་གསུམ་”དུ་གྲགས་པའི་ངེས་པ་དོན་ལྡན་གྱི་བླ་མའི་གྲས་ནས་དགེ་བའི་བཤེས་གཉེན་ཆེན་པོ་འཇམ་དབྱངས་རྒྱ་མཚོ་མཆོག་པཎ་ཆེན་ཁྲིར་བཞུགས་ཀྱི་ཡོངས་འཛིན་དུ་མངའ་གསོལ་ལྷན་བཞུགས་མཛད་དེ། གཞུང་ལུགས་དབང་ལུང་མན་ངག་གསན་བཞེས་གནང་བཞིན་པར་གྲགས་ཤིང་། ཡོངས་འཛིན་མཆོག་གིས་ཀྱང་པཎ་ཆེན་ཁྲིར་བཞུགས་འདི་པའི་ཆེ་བ་འདོན་གནང་མཛད་ཚུལ་ཐོས་རྒྱུ་ཡོད་པས། ང་ཚོས་བློ་རྒྱ་བསྐྱེད་དེ་བསྟན་འགྲོ་སྤྱི་བྱེའི་དཔལ་དུ་འགྱུར་བའི་རེ་བ་ཞུ་འོས་པ་ཞིག་ཅིས་ཀྱང་ཡིན་པར་སྙམ།

པཎ་ཆེན་གོང་མ་སྐུ་ཕྲེང་བཅུ་པ་མཆོག་ཉིད་གོང་མའི་གདན་སར་ཁྲིར་བཀོད་མཚམས་སུ་སྐབས་དེའི་འོས་སྤྲུལ་གཞན་དེར་གཞུང་ས་དགའ་ལྡན་ཕོ་བྲང་པ་ཆེན་པོས་”པཎ་ཆེན་འོས་སྤྲུལ་”གྱི་མཚན་གསོལ་ཐོག་ནས་”གསུམ་གདན་སྙེ་འབོལ་”ཞེས་པའི་གདན་ཐོབ་འབུལ་བཞེས་མཛད་དེ། བོད་ཀྱི་བླ་ཆེན་གྲས་སུ་བཞུགས་ནས། རིན་པོ་ཆེ་མཆོག་ཉིད་ད་ལྟ་ཨར་ལན་ཌིའི་རྒྱལ་ཁབ་ཏུ་ཆོས་ཚོགས་འཛིན་སྐྱོང་དང་། ཆེན་པོ་ཧོར་གྱི་ཡུལ་སོགས་ཕན་ཚུན་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་བཞིན་ཕེབས་བཞུགས་གནང་བཞིན་པ་ལྟར། ད་རེས་ཀྱང་བོད་ལྗོང་གཙང་དུ་གདན་ས་བཀྲ་ཤིས་ལྷུན་པོར་པཎ་ཆེན་གོང་མའི་ཁྲིར་འགོད་མངའ་གསོལ་ཞུ་རྒྱུ་མ་བྱུང་བའི་འོས་སྤྲུལ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལ་དེང་རབས་ཀྱི་སློབ་སྦྱོང་ཚུལ་བཞིན་འབུལ་བཞེས་ཡོད་ཚེ། “པཎ་ཆེན་འོས་སྤྲུལ་”གྱི་མཚན་ཐོག་དེང་རབས་ཀྱི་སྐུ་ཡོན་དང་འབྲེལ་བའི་སྐབས་བསྟུན་གཞན་ཕན་གྱི་འཕྲིན་ལས་ལྷུར་བཞེས་མཛད་ཕྱིར།  རང་ཅག་རྣམས་ནས་པཎ་ཆེན་ཡང་སྲིད་སྤྲུལ་པའི་ཟློས་གར་ནང་གསེས་འགྲན་ཟླར་མ་སོང་བར། ཕན་ཚུན་ཐུགས་ནང་གཤིན་པོས་གཅིག་གྲོགས་གཅིག་ཕན་གྱི་མཛད་བཟང་སྐྱོང་བའི་མཐུན་འགྱུར་ཞུ་ཐབས་བྱུང་ན། འཇམ་དབྱངས་མཁྱེན་བརྩེ་དབང་པོའི་ཡང་སྲིད་སྤྲུལ་པའི་ཟློས་གར་རྣམས་ལྟར་སྨོན་གནས་སུ་འགྱུར་ཐུབ་པའི་རེ་འདུན་ཅིས་ཀྱང་ཞུ་འོས་ཉག་གཅིག་ཡིན་པས། ༧གོང་ས་༧སྐྱབས་མགོན་༧རྒྱལ་བའི་དབང་པོའི་པཎ་ཆེན་ཡང་སྲིད་ཁག་གི་སྐོར་ལ་སྤྱན་རྒྱ་ཡངས་པོའི་གཟིགས་ཚུལ་འདི་ནི་དངོས་ཡོད་གནས་སྟངས་ལའང་འཕྲལ་ཕུགས་གཉིས་ཀའི་ལམ་ཕྱོགས་ཉག་གཅིག་ལྟ་བུར་དགོངས་པར་མངོན་པས། ང་ཚོ་ཚང་མས་ཞི་དལ་ལྷིང་འཇགས་ཐོག་ནས་༧རྒྱལ་བའི་བཞེད་དོན་དང་མཐུན་པའི་བློ་རྒྱ་བསྐྱེད་དེ། ཆིག་སྒྲིལ་གྱི་ནུས་ཤུགས་འདོན་དགོས་ངེས་མིན་ནམ་སྙམ།

བསྐྱར་བཅོས།: ༢༠༡༨/༠༤/༢༩

Leave a Reply

5 thoughts on “པཎ་ཆེན་ཁྲིར་བཞུགས་དང་། ཡང་སྲིད་སྤྲུལ་པའི་ཟློས་གར།

  1. བསྟན་པ་ལེགས་ཚོགས་

    གོང་གི་བཀའ་བརྩོམ་ལས་འཕྲོད་དེ་ཞུ་འདོད་པ་ནི་རང་རེའི་སྤྱི་ཚོགས་ནང་བླ་སྤྲུལ་ངོས་འཛིན་ཞུ་སྟངས་ཐད་བསྟན་པའི་བདག་པོ་སངས་རྒྱས་ནས་མདོ་དང་བསྟན་བཅོས་གང་གི་ནང་གསལ་མིན་ལ་མ་ལྟོས་པར་ཐོག་མར་ཀརྨ་པའི་ཡང་སྲིད་ངོས་འཛིན་བྱུང་བ་ནས་མུ་ཐུད་དེ་ཡོང་བཞིན་པ་འདི་དགེ་མཚན་བརླབ་པོ་ཆེ་བྱུང་བཞིན་པ་ཚང་མས་ཐུགས་མངའ་ཡིན་རུང་སྐབས་རེ་བོད་ཀྱི་གཏམདཔེར་ རྡོ་གཉིས་བར་ལ་ལག་མགོ་ཙབ་ བླ་གཉིས་བར་ལ་མི་སྲོག་ཕུང་ ཟེར་བ་ལྟར་འདས པའི་ལུགས་རྒྱུད་ནང་བླ་མའི་སྐུ་གསུང་ཐུགས་ཀྱི་སྤྲུལ་སྐུའི་དབར་ཆབས སྲིད་དང་ དབང་ཆའི་ཐབ་བརྩོད་ཀྱིས་མི་བསོད་ཁྲག་སྦྱོར་ལ་སོགས་སྤྱི་ཚོགས་ནང་གཅིག་གིས་གཅིག་ལ་བསྐུར་སྡེབས་ལོག་ལྟ་བྱས་ཏེ་མི་དགེ་བའི་ལས་གསོག་པ་ལ་རྟེན་ད་ལྟ་ང་ཚོས་སྤྱི་མཐུན་གྱིས་བསག་པའི་ལས་ཀྱི་འབྲས་བུ་མྱོང་བཞིན་ཡིན་ན་ཚང་མས་ཕྱོགས་ལྷུང་དུ་མི་འག྄ོ་བའི་ཐོག་དགོང་པ་ཆེ་བཞེས་ཡོད་པའི་རེ་བ་ཞུ་རྒྱུ་ཡིན།།