བོད་ནག་ཆུ་ས་ཁུལ་ལ་འགྱུར་ལྡོག་ཆེན་པོ་འབྱུང་རྒྱུ་རེད།

མི་གྲངས་ཁྲི་ ༥༠ ལྷག་ཡོད་པའི་བོད་ནག་ཆུ་ས་ཁུལ་གྲོང་ཁྱེར་ཅན་དུ་བསྒྱུར་ཏེ་སྲིད་གཞུང་ཁྲིམས་སྐྱོང་ཅན་དུ་འཛུགས་པ་དང་ཁྲིམས་ལྟར་སྲིད་འཛིན་གྱི་འཕེལ་རིམ་མགྱོགས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་སྐོར་བསྒྲགས་འདུག

ཁ་སང་རྒྱ་ནག་གཞུང་གིས་ནག་ཆུ་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་བའི་མཛད་སྒོ་ཞིག་ཚོགས་ཏེ། ནག་ཆུ་ས་ཁུལ་གྱི་གྲོང་བརྡལ་མང་པོ་ཞིག་རྒྱ་བསྐྱེད་དང་འཛུགས་སྐྲུན་བྱས་ནས་གྲོང་ཁྱེར་ཅན་དང་། གྲོང་ཁྱེར་ནས་དེང་རབས་ཅན་དུ་བསྒྱུར་རྒྱུ་ཡིན་སྐོར་བསྒྲགས་འདུག་ལ། ད་ལྟ་ནག་ཆུ་གྲོང་ཁྱེར་ནི་བོད་ལྗོངས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཆེ་ཤོས་དྲུག་པ་དང་། རྒྱ་ནག་རྒྱལ་ཡོངས་ཀྱི་ས་བབ་ཆེས་མཐོ་ཤོས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་དུ་གྱུར་ཡོད་འདུག

ནག་ཆུ་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་བའི་ལས་དོན་མགོ་འཁྲིད་ཚོགས་ཆུང་གི་མགོ་གཙོ་གཞོན་པ་ཝང་ཡ་ཏུང་ཟེར་བ་ཞིག་གིས། ནག་ཆུ་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་བ་དེས་ས་ཁུལ་རིམ་པའི་གྲོང་ཁྱེར་གྱི་འགན་ནུས་ལ་ཤུགས་སྣོན་ཐེབས་ནས་གྲོང་ཁྱེར་འཛུགས་སྐྲུན་ཆུ་ཚད་མཐོ་རུ་དང་དོ་དམ་ཞབས་ཞུའི་ནུས་པ་ཆེ་རུ་འགྲོ་བ་དང་། སྲིད་གཞུང་ཁྲིམས་སྐྱོང་ཅན་དུ་འཛུགས་པ་དང་ཁྲིམས་ལྟར་སྲིད་འཛིན་གྱི་འཕེལ་རིམ་མགྱོགས་སུ་འགྲོ་བ།  ནག་ཆུ་གྲོང་ཁྱེར་གྱིས་བོད་ཀྱི་བྱང་སྒོ་ཆེན་པོའི་ས་བབ་དང་། འགྲིམ་འགྲུལ། ཐོན་ཁུངས་སོགས་ཀྱི་ལེགས་ཆ་འདོན་རྒྱུར་སྐུལ་མ་ཡང་ཐེབས་རྒྱུ་ཡིན་སྐོར་བརྗོད་འདུག

འདི་གའི་གསར་འགོད་པས་ཕ་ཡུལ་ནག་ཆུ་ནས་ཡིན་པའི་འབྲེལ་ཡོད་ཅིག་ལ་སྐད་ཆ་དྲིས་པར། དེང་སང་ཕ་ཡུལ་ལ་འབྲེལ་བ་བྱེད་ཐུབ་རྒྱུ་ཧ་ཅང་ཁག་པོ་འདུག འདས་པའི་ལོ་ཤས་ནས་རྒྱ་ནག་གཞུང་གིས་ནག་ཆུ་ས་ཁུལ་དུ་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་གནད་དོན་མང་པོ་ཞིག་འདྲི་ཡང་ཕོད་ཀྱི་མི་འདུག་ལ། ཁོ་ཚོའི་ངོས་ནས་ཀྱང་བཤད་ཕོད་ཀྱི་མི་འདུག ལྷག་པར་དུ་ཉེ་སྔོན་སོག་མཁར་བློ་གྲོས་ལགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་འཛིན་བཟུང་བྱས་པ་ནས་བཟུང་དྲ་རྒྱ་སོགས་དམ་དྲག་ཤུགས་ཆེ་རུ་ཕྱིན་སོང་། ཞེས་བརྗོད་བྱུང་།

ནག་ཆུ་ས་ཁུལ་ནི་རྒྱ་ནག་གི་ཆེས་གལ་གནད་ཆེ་བའི་ས་ཁུལ་ཞིག་ཏུ་འཁེལ་ཡོད་པ་དང་། ནག་ཆུའི་བྱང་ནས་མཚོ་སྔོན་དང་ཤིན་ཅང་སོགས་ལ་འབྲེལ་ཡོད་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་བཟོས་པའི་མཚོ་བོད་ལྕགས་ལམ་ཟེར་བ་དང་མཚོ་བོད་གཞུང་ལམ། བོད་དབུས་ཐད་རྒྱུག་གློག་དྲ། ནོར་ལྷ་སྣུམ་འདྲེན་ལྕགས་མདོང་སོགས་རྒྱ་ནག་གཞུང་གིས་སྲོག་ཐིག་ལྔ་ཞེས་པའི་ས་མཚམས་སུ་འཁེལ་ཡོད་པ་དང་། ནག་ཆུ་ས་ཁུལ་དེ་བོད་ཀྱི་ཤར་ལྷོ་ནུབ་བྱང་དང་འབྲེལ་བའི་འགྲིམ་འགྲུལ་གྱི་ལྟེ་བ་ཆགས་ཡོད་པ་མ་ཟད།  བོད་ནས་རྒྱ་ནག་ནང་ཤར་གཏོང་བྱས་ཡོད་པའི་དར་གོས་ལམ་བུ་ཞེས་པ་དང་ཡང་འབྲེལ་ཡོད་པ་རེད།

རྒྱ་ནག་གཞུང་གིས་བསྒྲགས་པ་ལྟར་ན། ནག་ཆུའི་གྲོང་ཁྱེར་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་ ༤༣ ཡོད་པ་དང་། དེའི་ནང་དུ་གྲོང་ཁུལ་ ༡ དང་། རྫོང་༡༠།  ཞིང་དང་གྲོང་རྡལ་ ༡༡༤ དང་གྲོང་ཚོ་༡༡༩༠ བཅས་ཡོད་པ་དང་། ཁྱོན་མི་འབོར་ཁྲི་༥༠ ལྷག་ཙམ་ཡོད་པའི་ནང་འབྲོག་པ་ཁྲི་༤༦།༨ ཡོད་སྟབས། ནག་ཆུ་ནི་འབྲོག་ཁུལ་ཆེ་གྲས་ལྔའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་རྩྭ་ཐང་རྒྱ་ཁྱོན་ལ་རྨིད་དུང་ཕྱུར་༦།༣༢ དང་། ཕྱུགས་གྲངས་ཁྲི་༥༠༠ ལྷག་ཙམ་ཡོད་འདུག

ཉེ་བའི་ལོ་འགའི་རིང་རྒྱ་ནག་གཞུང་གིས་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་བྱ་རྒྱུའི་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་པ་མ་ཟད། བོད་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱི་ས་ཆ་བཙན་འཕྲོག་དང་རོང་འབྲོག་མང་ཚོགས་བཙན་གྱིས་གནས་སྤོར་བཅུག་སྟེ་འཛུགས་སྐྲུན་བྱས་སྟབས། འཚོ་གནས་བརྗེ་བསྒྱུར་གྱི་རྐྱེན་གྱིས་རོང་འབྲོག་མང་ཚོགས་སྔོན་ཆད་གོམས་ལོབས་སུ་མ་སོང་བའི་འཚོ་བ་དང་དཔལ་འབྱོར་ལ་དཀའ་ངལ་མང་པོ་འཕྲད་ཡོད་པ་རེད། དེ་བཞིན་སྔར་ལོའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་བཅུ་དགུའི་སྟེང་སྲིད་བློན་ལིས་ཁེ་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་སེང་ཞུ་སྐབས།  རྒྱ་ནག་གིས་མ་འོངས་པའི་ལོ་བཅུ་ཕྲག་ཁ་ཤས་ནང་འཕེལ་རྒྱས་ཡོང་བའི་མི་མངོན་པའི་ནུས་ཤུགས་ཆེ་ཤོས་ནི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན་པ་དང་།  ཕྱི་ལོ་ ༡༩༧༨ ལོ་ནས་ ༢༠༡༡ ལོའི་བར་དུ་རྒྱ་ནག་གི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་བའི་མི་གྲངས་དུང་ཕྱུར་ ༡.༧༢ ནས་དུང་ཕྱུར་ ༦.༩ འཕར་ཡོད་པ་དང་།  སྔོན་རྩིས་ལྟར་ན་ ༢༠༢༠ ལོར་བསླེབས་རྗེས་རྒྱ་ནག་གི་གྲོང་ཁྱེར་ཅན་གྱི་ཚད་ ༥༥% ནས་ ༦༠% བར་འཕར་ཏེ།  རྒྱ་ནག་སྐམ་ས་ཆེན་པོའི་ཞིང་ལས་མི་གྲངས་མང་ཤོས་ཡིན་པའི་སྤྱི་ཚོགས་ཀྱི་རྣམ་པ་དེར་འགྱུར་ལྡོག་ཐེབས་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་མི་གྲངས་མང་བའི་སྤྱི་ཚོགས་ཤིག་ཏུ་འགྱུར་རྒྱུ་ཡིན་སྐོར་བཤད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༥/༠༨

Leave a Reply