དམངས་གཙོ་དོན་གཉེར་བར་ཁྲིམས་ཐག་ལྕི་མོ་བཅད།

རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་གྲགས་ཅན་ཆིན་ཡོང་མེན་(Qin Yongmin)ལགས་སུ་སྲིད་དབང་མགོ་རྟིང་སློག་པའི་ངན་བྱུས་འཐེན་པའི་ཉེས་མིང་འོག་ལོ་ ༡༣ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༥ ལོར་རྒྱའི་དམངས་གཙོ་དོན་གཉེར་བ་དང་འགྲོ་བའི་ཐོབ་ཐང་འཐབ་རྩོད་པ་གྲགས་ཅན་ཆིན་ཡོང་མེན་(Qin Yongmin)ལགས་འཛིན་བཟུང་བཀག་ཉར་གྱིས་འདྲི་ཞིབ་རིམ་པ་བྱས་རྗེས། སྲིད་དབང་མགོ་རྟིང་སློག་པའི་ངན་བྱུས་འཐེན་པའི་ཉེས་མིང་འོག་ལོ་ ༡༣ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཆིན་ཡོང་མེན་གྱི་ཁྲིམས་རྩོད་པ་ལིན་ཆཱེ་ལེ་(Lin Qilei)ཡིས་(AFP)གསར་ཁང་ལ་ཆིན་ཡོང་མེན་ཡིད་ཐང་ཆད་དེ་ཁྲིམས་བཤེར་སྐབས་སྐད་ཆ་གང་ཡང་མ་བཤད་པར་བསྡད་ཡོད་པ་དང་། ཁྲིམས་ཁང་གི་བཅད་ཁྲའང་ངོས་ལེན་བྱས་མེད་ཀྱང་། ཁ་སང་རྒྱ་ནག་ཝའོ་ཧཱན་(Wuhan)གྲོང་ཁྱེར་མི་དམངས་འབྲིང་རིམ་ཁྲིམས་ཁང་གི་དྲ་རྒྱའི་ཐོག་ཆིན་ལ་ཁྲིམས་ཐག་བཅད་ཡོད་པའི་བཅད་ཁྲ་བཏང་ཡོད་པ་དང་། ང་ཚོས་ངེས་པར་དུ་གོང་རིམ་ལ་བསྐྱར་དུ་སྙན་ཞུ་འབུལ་རྒྱུ་ཡིན། ཞེས་བརྗོད་ཡོད་འདུག

ཆིན་ཡོང་མེན་ནི་ད་ལོ་དགུང་ལོ་ ༦༤ ཡིན་པ་དང་ཕྱི་ལོ་ ༡༩༩༨ ལོར་ཁོས་རྒྱ་ནག་དམངས་གཙོ་ཚོགས་པ་ཞེས་པ་བཙུགས་ཏེ། ཚོགས་པ་དེ་གཞུང་ལ་དེབ་སྐྱེལ་ཡོང་ཐབས་བྱས་ཡོད་པས་ལོ ༡༢ ཡི་བཙོན་བཅུག་ཁྲིམས་ཐག་བཅད་ནས་ཕྱི་ལོ ༢༠༡༠ ལོ་གློད་གྲོལ་ཐོབ་ཡོད་པ་དང་། ཁོང་གིས་སྔ་གཞུག་ཏུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་སྐོར་ལ་སྐད་ཆ་བཤད་པས་བསྐྱར་དུ་ལོ་མང་རིང་བཙོན་འཇུག་བྱས་ཡོད་པ་དང་། ད་ལྟའི་བར་རྒྱ་ནག་གཞུང་གིས་ཁོང་ཁྱོན་ལོ་ངོ་ ༢༢ ལ་བཙོན་འཇུག་བྱས་ཡོད་འདུག

རྒྱལ་སྤྱིའི་ཉེན་ཡང་ཚོགས་པའི་རྒྱ་ནག་ཉམས་ཞིབ་པ་པཱ་རིག་པོན་(Patrick Poon)ལགས་ཀྱིས། ང་ཚོའི་ལོའུ་ཞཱ་ཡི་གནད་དོན་ཐད་རེ་བ་ཞིག་མཐོང་རྗེས་ཀྱི་ཕྱི་ཉིན་དེར། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དང་། རང་གི་སྨྲ་བརྗོད་རང་དབང་ལ་འཐབ་རྩོད་བྱེད་མཁན་ཞིག་ལ་དེ་འདྲའི་ལོ་མང་རིང་བཙོན་འཇུག་ཁྲིམས་ཐག་བཅད་པ་ནི་ཧ་ཅང་ལྕི་དྲག་པ་ཞིག་རེད་ལ། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་གྲགས་ཅན་ཚོར་འདི་འདྲ་བཙོན་འཇུག་མནར་གཅོད་གཏོང་གི་ཡོད་ན། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དཀྱུས་མ་ཚོར་ག་འདྲ་བྱེད་ཀྱི་ཡོད་མེད་ཚོད་དཔག་ཐུབ་པ་ཞིག་རེད། ཅེས་བརྗོད་འདུག

གནད་དོན་འདི་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས་ནས་དོ་སྣང་ཆེན་པོ་དང་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་པ་དང་། དེ་རིང་ཡུ་རུབ་སྤྱི་མཐུན་ཚོགས་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་རྒྱ་ནག་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཞིག་ལ་ཁྲིམས་ཆད་ལྕི་མོ་འདི་འདྲ་ཞིག་བཅད་པ་ནི་ཧ་ཅང་ཚད་ལས་བརྒལ་བ་ཞིག་ཡིན་པའི་སྐྱོན་བརྗོད་བྱེད་ཀྱི་འདུག

ཆིན་ཡོང་མེན་ནི་ཕྱི་ལོ་ ༡༩༥༣ ལོ་རྒྱ་ནག་ཝའོ་ཧཱན་ས་ཆར་སྐྱེས་ཤིང་། རྩོམ་པ་པོ་དང་ཆབ་སྲིད་པ། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དང་རྒྱ་ནག་དམངས་གཙོ་དོན་གཉེར་བ། རྒྱ་ནག་དམངས་གཙོ་ཚོགས་པ་ཞེས་པ་གསར་འཛུགས་མཁན་སོགས་ཡིན་ལ། ཕྱི་ལོ་ ༡༩༧༠ ལོ་ནས་(The Bell)ཞེས་པའི་དུས་དེབ་ཅིག་གཙོ་གཉེར་གྱིས་དམངས་གཙོའི་དང་སྤྱི་དམངས་ཐོབ་ཐང་སོགས་ཀྱི་སྐོར་ལ་མང་པོ་བྲིས་ཏེ་རྒྱ་ནག་གཞུང་གི་ཁ་གཏད་དུ་གྱུར། ཁོང་གིས་དེ་སྔོན་ཐེངས་མང་ལ་རྒྱ་ནག་གི་ན་གཞོན་ཚོར་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་དམངས་རྩ་ཁྲིམས་གཞིར་བཟུང་གིས་རྒྱ་ནག་ནང་དམངས་གཙོ་རྩོད་དགོས་པའི་སྐད་ཆ་བཤད་ཡོད་འདུག ཁོང་རྒྱ་ནག་གཞུང་གིས་ཐེངས་མང་ལ་བཙོན་བཅུག་ཁྲིམས་ཐག་བཅད་ཀྱང་ཁོང་གི་དམངས་གཙོའི་ལས་འགུལ་དང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་མཚམས་བཞག་མྱོང་མེད་པ་དང་། ཕྱི་ལོ་ ༡༩༩༨ ནང་ཁོང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འོས་ཁོངས་སུ་ཚུད་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༧/༡༡

Leave a Reply

One thought on “དམངས་གཙོ་དོན་གཉེར་བར་ཁྲིམས་ཐག་ལྕི་མོ་བཅད།

  1. གཞུང་པ་ཚེ་དབང་བསོད་ནམས་་ཉེh

    དམངས་གཙོ་དོན་གཉེར་ཡིན་རྒྱུ་མ་རེད་
    མང་གཙོ་དོན་གཉེར་ཡིན་རྒྱུ་རེད་།
    དམངས་ནི་གྲལ་རིམ་རིང་ལུགས་ལ་གོ་དགོས་
    པ་དང་མང་ནི་མི་མང་ལ་གོ་དགོས་པ་བཅས་།
    མང་གཙོ་དམངས་གཙོ་དོན་གཅིག་བསམ་
    མཁན་དང་།
    རང་བཙན་རང་དབང་གང་བསམ་བརྗོད་
    མཁན་དང་།
    ཡུལ་མིའི་རྒྱལ་ཁབ་ཡུལ་མིའི་སྲིད་སྐྱོངས་
    སོགས་།
    མཐའ་སྙད་ཚད་སྒྲུབ་ཡིན་པ་བློ་མ་བདེ་།